དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱིས་དེང་རབས་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མི་སེར་ལ་སྟབས་བདེ་བསྐྲུན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-04-09

    ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་རྒྱ་མཚོ་ཤང་གི་གྲོང་མི་རྡོ་རྗེར་གློ་བུར་དུ་ན་ཟུག་དྲག་པོ་བཏང་བས་བུ་དང་མཉམ་དུ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བརྟག་དཔྱད་བྱེད་པར་ཡོང་། བརྟག་དཔྱད་བྱས་རྗེས་མཁྲིས་རྡོ་ཡོད་པ་ཤེས་ནས་སྨན་པས་འཕྲལ་མར་རྡོ་རྗེར་གཤགས་བཅོས་བཀོད་སྒྲིག་བྱས།

    “སྟབས་ལེགས་པ་ཞིག་ལ་དུས་ཐོག་ཏུ་ནད་གཞི་གང་ཡིན་མིན་ཤེས་བྱུང་། གལ་སྲིད་དུས་ཐོག་ཏུ་སྨན་ཁང་ལ་བརྟག་དཔྱད་བྱེད་པར་མ་ཡོང་ན་ན་ཟུག་ག་དུས་འཇག་མིན་མི་ཤེས”ཞེས་འདི་ལོ་ལོ་72ལ་སླེབས་པའི་རྡོ་རྗེས་བཤད། ད་ཆ་ཁོང་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་མ་ཟད་གཟུགས་པོའང་ཐང་པོ་ཡོད་པ་རེད།

    ད་ཆ་བོད་ཀྱི་མང་ཚོགས་མང་ཆེ་བར་བདེ་ཐང་གི་གནད་དོན་འཕྲད་སྐབས་རྡོ་རྗེ་དང་འདྲ་བར་དེང་རབས་ཀྱི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་སྨན་བཅོས་བྱེད་ཀྱི་ཡོད་མོད། འོན་ཀྱང་བོད་རྙིང་པར་ནད་གཞི་ཕོག་ཚེ་སྨན་པ་བརྟེན་རྒྱུ་ནི་རྒྱས་སྤྲོས་ཀྱི་བྱ་བ་ཞིག་རེད།

    བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་ཡོངས་སུ་སྒྲིག་ཆས་སྟབས་བདེ་དང་གཞི་ཁྱོན་ཆུང་བའི་གཞུང་བཙུགས་བོད་ལུགས་གསོ་རིག་སྨན་ཁང་3དང་སྒེར་གྱི་སྨན་ཁང་ཉུང་ཤས་ཤིག་ལས་མེད། སྤྱིའི་མི་འབོར་གྱི་95%ཟིན་པའི་ཞིང་བྲན་ལ་ནད་གཞི་ཕོག་ཀྱང་སྨན་བཅོས་བྱེད་ཐབས་བྲལ། ལྷག་པར་དུ་རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་ཐར་ཐོར་དུ་ཁྱབ་པའི་དམངས་ཁྲོད་ཀྱི་བོད་ལུགས་གསོ་རིག་སྨན་པ་300ཡང་ཟིན་གྱི་མེད་པ་དང་ཚད་ཡོད་ཀྱི་སྨན་བཅོས་ཐོན་ཁུངས་ཀྱིས་སྐུ་དྲག་ལ་མ་གཏོགས་ཞབས་འདེགས་ཞུ་ཐུབ་ཀྱི་མེད།

    “སྨན་པ་ཉུང་བར་བརྟེན་དེ་སྔ་བོད་རིགས་མང་ཚོགས་ཀྱི་ནད་གཞི་ཆུང་གྲས་ཁ་ཤས་སྡུག་རུས་བྱས་ནས་སྡོད་ཀྱི་ཡོད་པས་ནད་ཆེན་དུ་གྱུར་གྱི་ཡོད”བོད་རྙིང་པར་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྤྱིའི་ཆ་ནས་རྗེས་ལུས་ཡིན་པས་མི་རྣམས་ལ་ཚན་རིག་དང་མཐུན་པའི་བདེ་ཐང་གི་འདུ་ཤེས་མེད་ཅེས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་སུང་ཅང་ཧྭ་ཡིས་གསར་འགོད་པར་བཤད།

    བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་བར་བརྟེན་དེང་རབས་ཅན་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་རེ་རེ་བཞིན་འཛུགས་སྐྲུན་བྱས་པ་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣ་མང་པོ་སྨན་བཅོས་བོད་སྐྱོར་བྱེད་པར་སླེབས་ཤིང་། བོད་དུ་འཐུས་སྒོ་ཚང་བའི་སྨན་བཅོས་ཞབས་ཞུ་དང་། མ་བུ་བདེ་སྲུང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན། བོད་ལུགས་གསོ་རིག་སོགས་ཞབས་ཞུའི་མ་ལག་བཙུགས་ཡོད། ནད་རིགས་400ལྷག་ཙམ་བོད་ནས་སྨན་བཅོས་བྱེད་ཐུབ་པ་དང་། ཐུམ་འབུའི་ནད་དང་། གྲུམ་བུ་ཚིགས་ཆེན་གྱི་ནད། ལྷན་སྐྱེས་སྙིང་ནད། སྐྱ་གྲིབ་སོགས་བོད་ལ་ཐོན་མང་བའི་ནད་གཞི་དེ་དག་ལོ་རྒྱུས་རང་བཞིན་གྱིས་མེད་པ་བཟོས་པ་དང་འགོག་བཅོས་ཐུབ་ཡོད། བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་1951ལོའི་ལོ་35.5ནས་2021ལོའི་ལོ་72.19བར་རིང་དུ་ཕྱིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    དེང་རབས་ཀྱི་དོན་སྙིང་ལྡན་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་མེད་པ་ནས་དེང་རབས་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་རིམ་བཞིན་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་དེ་སྔ་སྨན་བཅོས་བྱེད་ཐབས་བྲལ་བའི་བོད་ཀྱི་མི་དམངས་ལ་ད་ཆ་རང་ཉིད་ཀྱི་ཁྱིམ་ཚང་སྨན་པ་ཡོད་ཅིང་། སུང་ཅང་ཧྭ་ཡིས་གསར་འགོད་པར་ཆུ་ཤུར་རྫོང་གི་གྲོང་གསེབ་ས་ཁུལ་དུ་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་པས་དུས་བཀག་བཞིན་གཅོང་ནད་ཕོག་པའི་གྲོང་མིའི་ཁྱིམ་དུ་ཡོང་ནས་འོས་འགན་ངང་གཟུགས་པོར་བརྟག་དཔྱད་བྱས་ཏེ་ཁོང་ཚོར་དུས་ཐོག་ཏུ་སྨན་གཏོང་དགོས་པའི་མངགས་བྱ་བྱེད་ཀྱི་ཡོད།

    མི་སེར་གྱིས་སྨན་པ་བསྟེན་པར་སྔར་བས་སྟབས་བདེ་བྱུང་རྗེས། ཁོང་ཚོའི་བདེ་ཐང་གི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ཡོད། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་པ་མཚམས་ལགས་ལ་ཤེས་རྟོགས་བྱུང་གསལ། གྲོང་ཁྱེར་ནང་གི་སྨན་པ་གྲོང་གསེབ་ཏུ་འོས་འགན་སྨན་བཅོས་བྱེད་པར་སླེབས་རིམ་བཞིན་གྲོང་མི་ཚོས་བང་རིང་པོ་བསྒྲིགས་ནས་གྲོང་ཁྱེར་ནང་གི་རིགས་གཅིག་མཁས་ཅན་ལ་ནད་གཞིའི་སྐོར་སྐད་ཆ་མང་པོ་འདྲི་ཡི་འདུག འགྲོ་ཁར་རིགས་གཅིག་མཁས་ཅན་གྱི་ཁ་པར་ཨང་གྲངས་ཀྱང་ཉར་གྱི་ཡོད་པ་རེད།

    “བོད་མི་དམངས་ཀྱི་བདེ་ཐང་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་དེ་ཐོག་ནས་བོད་ཀྱི་སྨན་བཅོས་ཆུ་ཚད་ཟམ་མི་ཆད་པར་འཕེལ་རྒྱས་དང་ཡར་རྒྱས་བྱུང་བ་མཚོན་གྱི་ཡོད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་བོད་མི་དམངས་ཀྱི་བདེ་ཐང་སྔར་བས་འགན་ལེན་ཐུབ་ངེས་རེད”ཅེས་མཚམས་ལགས་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།