དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལས་གཅེས་ལས་བཀུར་བྱས་ནས་བདེ་ཐང་སྲུང་སྐྱོང་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-01

    སྨན་པའི་ལས་རིགས་གདམ་ག་བྱས་པ་དེ་འགན་འཁྲི་དང་འོས་འགན་གདམ་ག་བྱས་པ་ཞིག་ཡིན་ལ། རྒྱུན་གཏན་མིན་པའི་འཚོ་བར་གདམ་ག་བྱས་པ་ཞིག་ཀྱང་རེད། ཁོང་ནི་ལོ་5ལ་སླེབས་པའི་ཕྲུ་གུའི་ཨ་མ་ཞིག་ཡིན་ཞིང་། ཕྲུ་གུ་དང་མཉམ་དུ་གཤིབ་པའི་དུས་ཡུན་ཧ་ཅང་ཐུང་ཐུང་ཡིན་མོད། འོན་ཀྱང་ཁོང་གིས་གདམ་ག་དེར་འགྱོད་པ་གཏན་ནས་བྱེད་མྱོང་མེད། ཁོང་ནི་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་གི་འཆར་ལྡན་རིམས་འགོག་ཚན་ཁག་གི་སྨན་པ་ཚེ་གཡང་རེད།

    2007ལོའི་ཟླ་7པར་ཚེ་གཡང་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་ནད་ཐོག་སྨན་བཅོས་ཀྱི་ཆེད་ལས་ནས་ཐོན་རྗེས། སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་གི་བུད་མེད་དང་བུ་བཙའི་ཚན་ཁག་ཏུ་ལས་བགོས་བརྒྱབ་པ་དང་། པེ་ཅིང་གི་བོད་སྐྱོར་སྨན་པའི“བརྒྱུད་རོགས་ཁྲིད་གསུམ”དང་བུད་མེད་དང་བུ་བཙའི་ཚན་ཁག་གི་ཀྲུའུ་རེན་གྱི་མཛུབ་ཁྲིད་ནན་ཏན་འོག་ཚེ་གཡང་སེམས་ཤུགས་དང་ངར་ཤུགས་ཆེན་པོ་འཕེལ།

    “སྐབས་དེ་དུས་སྨན་ཁང་གི་མི་སྣ་བཀོད་སྒྲིག་ཆ་ཚང་པོ་མེད་པ་དང་ཆ་རྐྱེན་ཡང་ཞན་ཙམ་ཡོད་པས་ཐ་ན་མངལ་འདྲེན་སྐམ་པ་ཡང་བེད་སྤྱོད་གཏོང་ཤེས་ཀྱི་མེད། འོན་ཀྱང་རྒན་ལགས་ཀྱི་རོཌ་རམ་འོག་ང་ཚོས་སྔར་བཞིན་སྐྱེ་བསུའི་གཤགས་བཅོས་རེ་རེ་བཞིན་ལེགས་སྒྲུབ་བྱས་ཏེ་ལས་འཛོལ་གཅིག་ཀྱང་མི་ཐོན་པའི་འགན་ལེན་བྱས་ཡོད”ཅེས་ཚེ་གཡང་གིས་བཤད།

    བུད་མེད་དང་བུ་བཙའི་ཚན་ཁག་ཏུ་སྦྲུམ་མར་ཕྲུ་གུ་བཙའ་གྲབས་སྐབས་ཀྱི་དུས་ཚོད་ནི་ཛ་དྲག་ཤོས་ཤིག་རེད། ནད་ཚབས་ལྕི་བའི་ནད་པའི་ཚེ་སྲོག་སྐྱོབ་རྒྱུ་ནི་དུས་ཚོད་ལ་དམ་འཛིན་བྱེད་དགོས་པ་ཞིག་རེད། སྨན་པས་དུས་ཚོད་ཐུང་ཤོས་ནང་ཡང་དག་པའི་སྨན་བཅོས་བྱས་ཚེ་ཚེ་སྲོག་བསྐྱབས་ཐུབ་པ་དང་མ་བུ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་ཐུབ། དེར་བརྟེན་ཚེ་གཡང་གིས་དུས་རྟག་ཏུ“ཚེ་སྲོག་གསར་པ”སྐྱེ་བསུའི་འཐབ་ས་མདུན་མར་མཆོང་སྐྱོད་བྱེད་ངེས་རེད།

    2019ལོར་སྨན་ཁང་གི་ལས་དོན་བཀོད་སྒྲིག་ལྟར་ཚེ་གཡང་གིས་ལོ་12ལེགས་སྐྱེས་ཕུལ་བའི་བུད་མེད་དང་བུ་བཙའི་ཚན་ཁག་ནས་ཁ་བྲལ་ཏེ། འཆར་ལྡན་རིམས་འགོག་ཚན་ཁག་ཏུ་བྱིས་པའི་འཆར་ལྡན་རིམས་འགོག་ལས་དོན་གྱི་འགན་གཙོ་བོ་འཁུར་མོད། འོན་ཀྱང་འཆར་ལྡན་རིམས་འགོག་ཚན་ཁག་ཏུ་སླེབས་ནས་ཡུན་རིང་མ་སོང་བར། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ལས་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་ཡང་ལྷ་ས་གྲོང་ཁྱེར་གྱིས་བོད་ཀྱི་དམིགས་འཛུགས་ལོགས་བཅད་གསོ་རིག་ལྟ་ཞིབ་བྱ་ཡུལ་དུ་གཏན་འཁེལ་བྱས།

    བྱིས་པའི་འཆར་ལྡན་རིམས་འགོག་གི་ཆེད་བསྐོས་ལས་བྱེད་པ་ཞིག་ཡིན་པའི་ཚེ་གཡང་གིས“མི་གཅིག་ཀྱང་ཆད་ལུས་བྱེད་མི་རུང་བ”བྱ་རྒྱུ་དེ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་ཀའི་དམིགས་ཚད་དུ་བརྩིས་ནས། རིམས་ནད་ཐོན་རིང་སྔར་བཞིན་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ཁོངས་གཏོགས་ཁུལ་གྱི་འཆར་ལྡན་རིམས་འགོག་གི་ལས་དོན་ལེགས་སྒྲུབ་བྱས་ཡོད། དེ་དང་ཆབས་ཅིག་གོང་རིམ་གྱི་བླང་བྱ་ལྟར་ཚེ་གཡང་གིས་ནུས་ཤུགས་ཡོད་རྒུས་ཁོངས་གཏོགས་ཁུལ་གྱི་“རྒྱུངས་སྙིང”རིམས་འགོག་སྨན་ཁབ་ཀྱི་བཤེར་ལུས་གསབ་རྒྱག་ལས་དོན་སྤེལ་བ་དང་ཟླ་གཅིག་ཙམ་རིང་མཐིལ་རྟོགས་བརྟག་དཔྱད་བྱས་པ་བརྒྱུད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་རེད།

    2020ལོའི་ཟླ་12པར་སྟོད་ལུང་བདེ་ཆེན་ཆུས་སུ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་འགོ་ཚུགས། ནད་ཐོག་སྨན་བཅོས་སྨན་པ་ཞིག་ཡིན་པའི་ཚེ་གཡང་་གིས་སྨན་ཁང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ཆེད་ལས་གསོ་སྦྱོང་བྱས་ཏེ་ཚད་ལོན་རྗེས་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་མཁན་གྱི་སྨན་པར་གྱུར། སྨན་ཁང་གི་ནད་སྐྱོང་པ་དང་མཉམ་དུ་སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་མི་མང་ཚོགས་ལ་རིམས་འགོག་སྨན་ཁབ་བརྒྱབ་སྟེ། སྟོད་ལུང་བདེ་ཆེན་ཆུས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བར་རང་ཉིད་ཀྱི་ནུས་པ་འདོན་བཞིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།