དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་གདེང་ཚོད་སྔར་བས་ཆེ་རུ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-24

    ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་འབྲེལ་ཐོག《ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་དཔེ་སྟོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལས་ཞུགས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མར་འཇོན་ཐང་འདོན་རྒྱུའི་གོ་སྐབས་སྔར་བས་མང་བ་མཁོ་འདོན་བྱ་རྒྱུ་རེད།

    ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན་པས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་གི་ཁྱོན་ཡོངས་དང་འབྲེལ་བ་དམ་ཟབ་ཡོད། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་ཆུང་དུ་འགྲོ་བ་དང་། མཁོ་སྤྲོད་ལ་རྡབ་རྡེག་ཕོག་པ། སྔོན་དཔག་ཉམས་ཞན་དུ་འགྲོ་བ་བཅས་རིམ་པ་གསུམ་གྱི་གནོན་ཤུགས་འཕྲད་པ་མ་ཟད། ཏོག་གསར་གློ་ཚད་རིམས་ནད་ཐོན་པའི་རྐྱེན་གྱིས་ཁྲོམ་རའི་ཐོག་མི་བཀོལ་སྤྱོད་ཀྱི་དགོས་མཁོ་གཏན་འཁེལ་མེད་ལ། གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་འགལ་བ་རྩ་བའི་ཆ་ནས་ཞི་ལྷོད་དུ་ཕྱིན་མེད་པས་ལས་ཞུགས་དཀའ་བ་དང་ལས་མི་བསྡུ་དཀའ་བ་གཉིས་མཉམ་དུ་གནས་པའི་སྣང་ཚུལ་སྔར་བཞིན་གནས་ཡོད།

    ལས་ཞུགས་བརྟན་པོ་ཡོང་བར་ངེས་པར་དུ་གཙོ་གནད་ཚོགས་སྤྱི་དམ་འཛིན་ཡག་པོ་བྱ་དགོས། མཐོ་སློབ་སློབ་ཐོན་སློབ་མ་ནི་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་འཚར་ལོངས་བྱུང་བའི་ངལ་རྩོལ་ནུས་ཤུགས་ཀྱི་གཙོ་ཤུགས་དམག་ཡིན་པའི་ངོས་ནས།  སྔོན་དཔག་བྱས་ན་2022ལོར་རྒྱལ་ཡོངས་ཀྱི་གཞི་ཁྱོན་མི་ཁྲི་1076ཟིན་པ་དེ་དུས་མཚུངས་ལས་མི་ཁྲི་167མང་དུ་ཕྱིན་ནས་གཞི་ཁྱོན་དང་འཕར་ཚད་ཚང་མ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། ལས་ཞུགས་གནས་བབ་སྔར་བཞིན་ཛ་དྲག་ཆེ་བ་དང་རྙོག་འཛིང་ཆེ་མོད། འོན་ཀྱང་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་ཡོད། ད་ཆ་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ནི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་གཡུལ་ས་གཙོ་བོར་གྱུར་ཡོད་པས། “དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད”ཅེས་པའི་འབོད་ཚིག་མི་སེམས་ལ་ཟུག་ནས་རང་བརྟེན་ལས་གཏོད་སོགས་ལས་ཞུགས་རྣམ་པ་གསར་པའི་བསྡུར་ཚད་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད།

    ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱས་པར་ཐབས་མང་གི་ཕན་འབྲས་ལྡན་པས། ལས་གཏོད་རྣམ་གྲངས་ལེགས་གྲུབ་བྱུང་བ་ཞིག་གིས་རྟག་ཏུ་མཐོ་སློབ་སློབ་ཐོན་སློབ་མ་འབོར་ཆེན་ལས་ཞུགས་བྱ་རྒྱུར་ཁྲིད་སྟོན་བྱེད་ཀྱི་ཡོད།  འོན་ཀྱང་དོན་དངོས་ནང་མཐོ་སློབ་སློབ་ཐོན་སློབ་མ་མི་ཉུང་བ་ཞིག་གིས་ལས་གཏོད་ཐད་དོགས་པ་བྱེད་པ་དང་ལས་གཏོད་ཁེ་ལས་ཁག་གཅིག་གིས་ཀྱང་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་ཡི་མེད་པས།  མི་བཀོལ་སྤྱོད་དང་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་དགོས་ཀྱི་ཡོད་ལ་མཐོ་སློབ་སློབ་ཐོན་སློབ་མ་ནི་ཤེས་ལྡན་མི་སྣའི་ཐོན་ཁུངས་རྩ་ཆེན་ཡིན་པ་ཤེས་དགོས།  ཐོན་ལས་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་ལས་རྣམ་གསར་པ་རྒྱུན་ཆད་མེད་པར་ཐོན་གྱི་ཡོད་པས། ལས་གཏོད་ལ་རྒྱབ་སྐྱོར་གྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུ་དེས་ཤེས་ཡོན་ལྡན་པའི་ན་གཞོན་སྔར་ལས་མང་བས་གནམ་ས་གསར་པ་གཏོད་པ། ལས་གཏོད་ཁེ་ལས་ཀྱིས་གོ་སྐབས་གསར་པ་བརྩོན་ལེན་བྱེད་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་གཞི་ཆེའི་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་རྒྱུར་ཕན་ནུས་ཐོན་ཡོད་པ་རེད།

    ཁེ་ལས་དང་མཐོ་སློབ་ཀྱི་དཔེ་སྟོན་རྟེན་གཞི་ཆ་སྒྲིག་བྱས་ནས་ལས་གཏོད་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཁེ་ལས་ཀྱི་དགོས་མཁོ་འདོན་པ་དང་། ཉམས་མྱོང་ཕུན་སུམ་ཚོགས་པའི་ལས་གཏོད་སློབ་དཔོན་སྒྲིག་འཛུགས་བྱས་ཏེ་སློབ་མའི་ལས་གཏོད་ལས་ཞུགས་ལ་མཛུབ་ཁྲིད་བྱེད་པ།  ལས་གཏོད་ལས་ཞུགས་ཀྱི“སློབ་གྲྭ་དང་ཁེ་ལས་ཀྱི་བྱ་སྤྱོད”བྱེད་སྒོ་སོགས་སྤེལ་བ། ལས་གཏོད་ལ་བརྟེན་ནས་ལས་ཞུགས་སྣེ་ཁྲིད་བྱེད་པའི་དཔེ་སྟོན་བྱ་སྤྱོད་ཀྱིས་གདན་ཞུའི་ལས་གཏོད་ཀྱི་འབྲེལ་ཟམ་བསྐྲུན་དགོས་ལ། མཐོ་སློབ་སློབ་ཐོན་སློབ་མར་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་ཆེད་རོགས་རམ་ཡང་བྱེད་དགོས། 

    མདོར་ན་བྱ་སྤྱོད་ཀྱི་ཇུས་གཞི་ཏན་ཏིག་བཟོ་བ་དང་། སྐུལ་སློང་གི་སྲིད་ཇུས་འདང་ངེས་འདོན་པ། ཕྱོགས་ཁག་ཞུགས་རྒྱུའི་སྐུལ་སློང་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ཞབས་ཞུ་ཡག་པོ་བསྒྲུབ་པ་བཅས་བྱས་ཚེ་སྔར་བས་ལེགས་པའི་སྒོ་ནས་ལས་གཏོད་ལས་ཞུགས་མུ་མཐུད་བརྟན་པོ་ཡོང་ངེས་རེད།

    (བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་གི་ལྷག་ཕན་དང་ཀརྨ་མཐུ་སྟོབས་ཀྱིས་བསྒྱུར)

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།