སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མི་ཞིག་ལ་དགེ་རྒན་བཟང་པོ་ཞིག་འཕྲད་པ་ནི་མི་གང་དེའི་མི་ཚེའི་བསོད་ནམས་ཡིན་ལ། སློབ་གྲྭ་ཞིག་ལ་དགེ་རྒན་བཟང་པོ་ཞིག་ཡོད་པ་ནི་སློབ་གྲྭ་དེའི་གཟི་བརྗིད་ཀྱང་ཡིན། མི་རིགས་ཤིག་ལ་རྒྱུན་ཆད་མེད་པར་དགེ་རྒན་བཟང་པོ་ཟམ་མི་ཆད་པ་ཐོན་ན་ད་གཟོད་མི་རིགས་དེ་ལ་རེ་བས་ཁེངས་ཞེས་གསུངས་པ་བཞིན། རྒྱལ་ཁབ་གཅིག་དང་མི་རིགས་ཤིག་གམ་ཐ་ན་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་རྩ་བ་ནི་མི་སྣ་ཡིན་ཞིང་། མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ནི་སློབ་གསོ་ལ་བརྟེན་དགོས་ལ། སྤྱིར་ཡོངས་ཁྱབ་ཀྱི་སློབ་གསོའི་སྤེལ་ཕྱོགས་ནི་དགེ་རྒན་ལ་བརྟེན་དགོས་པས་མ་འོངས་ཀྱི་སློབ་མའི་ཕྱོགས་བསྡུས་བྱང་ཚད་གོང་འཕེལ་གཏོང་ཕྱོགས་དེ་ཡང་དགེ་རྒན་གྱི་དཔུང་ཁག་ལ་རག་ལུས་ཡོད།
དེས་ན། མིག་སྔའི་སློབ་གསོའི་ཁྱབ་ཁོངས་ཧྲིལ་པོའི་ནང་དོ་སྙོམས་སློབ་གསོ་དང་བྱང་ཚད་སློབ་གསོ་སོགས་སློབ་གསོའི་ལས་གཞིའི་རྣམ་གྲངས་ཀྱི་ཚ་རླབས་འཕྱུར་དང་འཕྱུར་མུས་ཡིན་པའི་མཚམས་འདིར། རང་ངོས་ནས་མི་ལོ་ཉི་ཤུ་ཙམ་རིང་ཐོག་མར་ཞིང་འབྲོག་ཁུལ་དང་དེ་ནས་རིམ་བཞིན་གྲོང་ཁྱེར་ནང་ཁུལ་དུ་སློབ་གསོ་སློབ་ཁྲིད་ཀྱི་བགྱི་བ་ལྷུར་བླངས་པའི་མྱོང་བ་ཕྲན་བུ་དང་། མི་ལོ་དེ་དག་རིང་ཉེ་འཁོར་ལས་རོགས་མང་པོས་སློབ་ཁྲིད་གནང་བའི་མཐོང་ཐོས་མྱོང་གསུམ་དང་། རང་ཉིད་ཀྱི་སློབ་ཁྲིད་ལས་ཐོབ་པའི་གྲུབ་འབྲས་དང་ཕམ་ཁར་ཆེད་དམིགས་ཀྱིས། དེང་གི་སློབ་ཆུང་སློབ་མར་སློབ་གསོ་སློབ་ཁྲིད་ཇི་ལྟར་བྱས་ན་ལེགས་ཚུལ་དང་། མིག་སྔའི་ཁུར་པོ་ཡང་གཏོང་ལས་དོན་གྱི་དགོངས་པ་གསལ་རྟོགས་ཀྱིས་སྦྱང་ཚན་བཀོད་སྒྲིག་ཇི་ལྟར་བྱས་ན་ལེགས་ཚུལ་སོགས་ལ་བློ་སྐྱེད་དང་གྲོས་འགོའི་བསམ་ཚུལ་ཅུང་ཙམ་གླེང་བར་བྱ།
དང་པོ། སློབ་གསོ་སློབ་ཁྲིད་སྐོར།
དེང་དུས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་སློབ་མ་རྣམས་ཀྱི་ཤེས་བྱའི་དགོས་མཁོ་ཡང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་པས། དགེ་རྒན་ཞིག་གི་ངོས་ནས་བརྗོད་ན། རྨང་གཞིའི་ཤེས་བྱ་ངེས་ཅན་ཞིག་ལྡན་དགོས་ལ་ལྟ་རྒྱ་དང་མཐོང་རྒྱའང་ཆེན་པོ་ཞིག་མེད་ན། སློབ་མས་བཏོན་པའི་དྲི་བར་ལན་འདེབས་མི་ཐུབ་པའམ་འདེབས་ཐབས་བྲལ་བའི་གནས་སུ་གྱུར་ངེས། གཞན་ལ་འཆད་པར་དང་ཐོག་རང་ལ་ཤེས་བྱ་ཕུན་སུམ་ཚོགས་པོ་ཞིག་དང་། གང་ས་ཅི་ཐད་ཀྱི་སྐོར་ལ་རྒྱུས་མངའ་ཤེས་རྟོགས་ཡོད་དགོས་པ་ནི་གལ་ཆེ་ཞིང་། ལྷག་དོན་དུ་སློབ་མའི་རིག་གནས་ཀྱི་ཆུ་ཚད་དང་ལོ་ནའི་ཁྱད་ཆོས་དང་བསྟུན་གང་ཐུབ་ཀྱིས་བྱང་ཚད་སློབ་གསོའི་རེ་འདུན་བཞིན་སློབ་གསོ་སློབ་ཁྲིད་གནང་དགོས་པ་གལ་འགངས་ཤིན་ཏུ་ཆེ་བར་སྙམ།
འོན་ཀྱང་། ཁག་གཅིག་གིས་དེང་དུས་བོད་ཀྱི་སློབ་གསོའི་འཕེལ་ཕྱོགས་དེ་སློབ་མའི་དངོས་ཡོད་གནས་ཚུལ་དང་མ་བསྟུན་པར་ཡོད་ཚད་མིག་མདུན་གྱི་ཡིག་རྒྱུགས་སྐར་གྲངས་ཆེད་དུ་སློབ་མར་སློབ་དེབ་ཀྱི་ནང་དོན་ཕལ་ཆེ་བ་བློ་འཛིན་བྱེད་དུ་འཇུག་པ་དང་། སློབ་ཚན་མཇུག་གི་སྦྱོང་ཚན་རྣམས་ཀྱང་སློབ་མར་བསམ་གཞིག་བྱེད་དུ་མི་བཅུག་པར་དྲི་ལན་ཚང་མ་རང་ཉིད་ཀྱིས་བཤད་ནས་ངག་ལ་འཛིན་དུ་འཇུག་པ་སོགས་ཀྱི་སྣང་ཚུལ་ཉུང་ཤས་མཆིས་ཤིང་། ལྷག་དོན་དགེ་རྒན་རང་ཉིད་དང་སློབ་མ། དེ་བཞིན་ཁྱིམ་བདག་དབར་བསམ་འཆར་བརྗེ་རེས་བྱེད་པའི་གོམས་གཤིས་མེད་ཅིང་། སྦྱངས་འབྲས་ཞན་པའི་སློབ་མར་སྐུལ་ལྕག་བྱེད་པའི་ཐབས་ཤེས་མི་འདང་བའི་དབང་གིས་སློབ་མའི་རང་བརྩི་རང་བཀུར་གྱི་བསམ་པར་ཕོག་ཐུག་བྱུང་བ་དང་ཡར་རྒྱས་འགྲོ་བའི་སེམས་ཤུགས་ཉམས་དམས་སུ་ཕྱིན་པ་སོགས་ཀྱི་སྣང་ཚུལ་མེད་པ་མ་ཡིན། དེས་ན། སྐྱོན་ཆ་དེ་དག་སྒྱུར་བཅོས་བྱེད་དགོས་ན་འདི་ལྟ་སྟེ། སློབ་ཆུང་སློབ་མ་ནི་ལོ་ན་ཕྲ་ཞིང་གཟུགས་པོ་དང་བསམ་བློ་གང་སྤྱིའི་ཐད་ནས་འཚར་ལོངས་མགྱོགས་པོ་ཡོང་བའི་སྐབས་ཤིག་ཡིན་པས་ན། ཁོང་ཚོའི་ལེགས་ཉེས་དབྱེ་འབྱེད་ཀྱི་ནུས་པ་ཕྲ་ལ། རང་རྐྱ་རང་འཕེལ་གྱི་བསམ་བློ་ཞན་པས་དགེ་རྒན་གྱིས་ཀུན་སློང་བཟང་པོས་སློབ་ཞོར་དུས་ཀྱི་ཁོམ་པ་བཙལ་འཚོལ་བྱས་ནས་ཁོང་ཚོ་རང་ཉིད་ནས་རྩོམ་ཡིག་ལ་ལྟ་བ་དང་རྩོམ་ཡིག་འབྲི་རུ་འཇུག་པ། སློབ་ཚན་གསར་པ་མ་ཁྲིད་གོང་སྔོན་སྦྱོང་བྱེད་དུ་འཇུག་པ་སོགས་ལས་སློབ་ཕྲུག་ཚོའི་ལྟ་ཀློག་དང་དབྱེ་ཞིབ། བསམ་གཞིག སྐད་ཆ་ཤོད་པ་སོགས་ཀྱི་ནུས་པ་སྐྱེད་སྲིང་ཐུབ་པ་བྱས་ཏེ་སློབ་མའི་ཚོགས་ཀྱི་ལྟ་རྒྱ་དང་ཐོས་རྒྱ་ཇེ་ཆེར་འགྲོ་བ་བྱེད་དགོས་ཤིང་། དེ་ཡང་འོས་འཚམ་གྱི་རི་མོ་ཞིག་བྲིས་པའི་ལམ་ནས་རི་མོའི་སྟེང་དུ་བྲིས་པ་དེ་གང་རེད་དམ། རི་མོ་འདིས་གང་མཚོན་ནམ། རི་མོ་འདི་བལྟས་ནས་ཁྱེད་ཀྱིས་གང་ཞིག་བསམ་བློ་འཁོར་བྱུང་ངམ། རང་གིས་མཐོང་བ་དང་བསམ་པ་གཉིས་ཆ་ཚང་བའི་སྒོ་ནས་ཤོད་དང་ལ་སོགས་པའི་དྲི་བ་བཏོན་ནས། སློབ་མའི་ལྟ་ཞིབ་དང་བསམ་གཞིག བསམ་པའི་འཆར་སྒོ། སྐད་ཆ་ཤོད་པའི་ནུས་པ་སོགས་གསོ་སྐྱོང་གང་ལེགས་ཐུབ་པ་བྱེད་དགོས་ལ། ལྷག་དོན་དུ་སྦྱངས་འབྲས་ཞན་པའི་སློབ་མའི་ལེགས་ཆ་བཙལ་འཚོལ་ཐུབ་པ་དང་། རང་རྟོན་འཕེལ་བ་བྱས་ཏེ། ངས་ག་ཚོད་སྦྱངས་ཀྱང་ཤེས་མི་སྲིད་སྙམ་པའི་སློབ་མའི་སེམས་ཀྱི་བཀག་རྒྱ་སེལ་ཐུབ་པར་བྱེད་དགོས་སྙམ།
གཉིས་པ། སྦྱོང་ཚན་བཀོད་སྒྲིག་ཐད།
སྦྱོང་ཚན་བསྐུར་བ་ནི་སློབ་ཕྲུག་ཚོས་ཁྲིད་ཟིན་པའི་ནང་དོན་ཇི་ཙམ་ཤེས་པ་རྟོགས་སླད་དུ་ཡིན། དགེ་རྒན་ཚོས་སློབ་མའི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་སློབ་ཁྲིད་བྱེད་དགོས་ཤིང་། སློབ་མའི་དངོས་ཡོད་གནས་ཚུལ་ཤེས་རྟོགས་བྱེད་པ་ལ་ཡིག་རྒྱུགས་ཙམ་མ་ཟད། ནམ་རྒྱུན་སྦྱོང་ཚན་བཀོད་སྒྲིག་བྱས་ཏེ་སློབ་མའི་ཤེས་ཚད་རྟོགས་པ་བྱེད་རྒྱུ་དེ་ཡང་ཤིན་ཏུ་གལ་ཆེ་བར་སྙམ། དེས་ན། རྣམ་ཀུན་སྦྱོང་ཚན་འོས་འཚམ་ཞིག་བཀོད་སྒྲིག་བྱས་ཏེ་སློབ་མ་སོ་སོས་འབྲི་བ་དང་དུས་ཐོག་ཏུ་བྲིས་དགོས་པའི་རེ་བ་ཡང་འདོན་དགོས་པ་ཡིན།
དེང་དུས་གཞི་རིམ་གྱི་སློབ་གྲྭ་ཁག་ཏུ་དགེ་རྒན་འགའ་ཞིག་གིས་སློབ་མ་རྣམས་ལག་པ་འགུལ་ཏེ་འབྲི་རུ་བཅུག་པའི་སྦྱོང་ཚན་བཀོད་སྒྲིག་བྱེད་ཐབས་དེ་ཡག་ཤོས་དང་གཙོ་བོར་བརྩིས་ཏེ། རྒྱུན་གཏན་ནས་དུས་ཚོད་སྟོང་པ་བྱུང་ཚད་སློབ་མར་སྦྱོང་གཞི་གང་མང་ཞིག་འབྲི་རུ་འཇུག་པ་དང་། ལྷག་དོན་དུ་དབྱར་དགུན་གུང་གསེང་སྐབས་སློབ་མ་རྣམས་ལ་བཀོད་སྒྲིག་བྱས་པའི་སྦྱོང་ཚན་ཅུང་མང་དྲགས་པའི་སྣང་ཚུལ་མཐོང་ཆོས་སུ་སྣང་ཞིང་། སློབ་མས་ཀྱང་སྦྱོང་ཚན་དེ་རྣམས་ག་དུས་ཚར་ཨེ་ཡོང་སྙམ་པ་ལས་ཡག་པོ་ཞིག་བྲིས་སྙམ་པའི་བསམ་བློ་མེད་པར་གྱུར་འགྲོ དེས་ན། སློབ་མས་སྦྱོང་ཚན་ཚར་རྗེས་ངས་སྦྱོང་ཚན་བཤུས་ཚར་སོང་སྙམ་པ་ཙམ་ལས་ངས་ཤེས་བྱ་དེ་རྣམས་ཤེས་སོང་སྙམ་པའི་སྤོབས་པ་དང་བྲལ། དེ་ལྟར་སློབ་མའི་ལྟ་ཀློག་བསམ་གཞིག་གི་ནུས་པ་དང་ངལ་དུབ་གཉིས་དབར་འགལ་རྐྱེན་མང་པོ་ཆགས་ཤིང་། སློབ་མར་སློབ་དེབ་ལྟ་འདོད་མེད་པའམ་སློབ་སྦྱོང་བྱེད་འདོད་མེད་པ་དང་དཔེ་དེབ་དང་འགྲོགས་འདོད་མེད་པའམ་སློབ་ཁྲིད་ཉན་འདོད་མེད་པའི་སྣང་ཚུལ་ཐོན་པ་དང་། དེ་བཞིན་སློབ་མས་ཀྱང་སྦྱོང་ཚན་འབྲི་བའི་སྐབས་སུ་མྱུར་ཚད་ལས་སྤུས་ཚད་ལ་བསམ་བློ་མི་གཏོང་བར་ཁྲལ་སེལ་སླ་བཅོས་བྱེད་པ་དག་རྒྱུན་འབྱམས་སུ་འགྲོ་བའི་སྣང་ཚུལ་མཆིས། དེར་བརྟེན། དགེ་རྒན་གྱིས་སློབ་མར་སྦྱོང་ཚན་བཀོད་སྒྲིག་བྱེད་སྐབས། སློབ་ཁྲིད་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས་ལུགས་མཐུན་གྱི་སྦྱོང་ཚན་བཀོད་སྒྲིག་བྱེད་པ་ལས་དམིགས་ཡུལ་དང་ཕན་ནུས་མེད་པའི་སྦྱོང་ཚན་བཀོད་སྒྲིག་བྱེད་མི་རུང་སྙམ།
མདོར་ན། སློབ་མར་སྦྱོང་ཚན་འབྲི་རུ་འཇུག་པ་ནི་དགེ་རྒན་རང་ཉིད་ནས་ཁྲིད་ཟིན་པའི་ནང་དོན་རྣམས་སློབ་མས་གང་འདྲ་ཤེས་ཡོད་མེད་རྟོགས་སླད་དང་ཁྲིད་རྒྱུའི་སློབ་ཚན་རྣམས་སྔོན་སྦྱོང་སླད་དུ་ཡིན་པས། སློབ་མར་བཀོད་སྒྲིག་བྱས་པའི་སྦྱོང་ཚན་འོས་ཤིང་འཚམ་པ་ཞིག་དགོས་སྙམ།
(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པ། མིག་འབྲུག)