དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གལ་ཏེ་ང་རང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བྱམས་པ་ངག་དབང་།   |     སྤེལ་དུས།  2022-02-08

    གལ་ཏེ་ང་རང་།

    འོད་ཟེར་སྟོང་ལྡན་གྱི་རྟ་བདུན་དབང་པོ་ཞིག་ཡིན་ན།

    ངས་བཀྲག་མདངས་ལྡན་པའི་འོད་ཟེར་ལ་བརྟེན་ནས་སྨག་རུམ་མུན་པའི་ཁྲོད་ཀྱི་སྐྱི་གཡའ་བའི་འཕྲང་ལམ་ཡོད་ཚད་རྨེག་མེད་དུ་གཏོང་སྲིད།

    གལ་ཏེ་ང་རང་།

    དཀར་འོད་རྣམ་པར་བཀྲ་བའི་བསིལ་ཟེར་ཅན་ཞིག་ཡིན་ན།

    ངས་ཧ་ཅང་བསིལ་བའི་རེག་བྱ་ལ་བརྟེན་ནས་ཚ་གདུག་གིས་མནར་བའི་ཉམས་ཐག་སེམས་ཅན་ཀུན་གྱི་གདུང་བ་དང་སྐྱོ་ངལ་ཅི་ཡོད་ལྷག་མེད་དུ་གཞོམ་སྲིད།

    གལ་ཏེ་ང་རང་།

    ནག་ནོག་གི་དྲི་དང་བྲལ་ཞིང་དུག་རླངས་ཀྱི་གཡའ་མེད་པའི་ཁ་བ་ཡིན་ན།

    ངས་རི་ཀླུང་ཀུན་ཏུ་བར་མེད་དུ་འབབ་པའི་དཀར་མདངས་ལ་བརྟེན་ནས་མི་འདོད་ནད་རིམས་མཐའ་དག་དང་མི་གཙང་དྲི་མ་ཡོད་དོ་ཅོག་མིང་གི་ལྷག་མར་གཏོང་སྲིད།

    གལ་ཏེ་ང་རང་།

    རྫུ་འཕྲུལ་ལ་མཆོག་ཏུ་མཁས་པའི་འབྲས་ལྡན་རི་བོའི་མཁའ་མཉམ་རྒྱལ་པོ་ཞིག་ཡིན་ན།

    ངས་བདུད་དང་འདྲེ་སྲིན་གདུག་པ་ཅན་ཚོའི་ཀླད་པ་འཁྱོམས་པར་བྱེད་པའི་གསེར་གྱི་དབྱུག་པ་སྤྱད་ནས་རྩལ་ནུས་ཡོད་རྒུས་སྤྱི་ཚོགས་མཐུན་ལམ་ལ་གནོད་པའི་མ་རུངས་སྤྱོད་ངན་མཐའ་དག་རྡུལ་ཕྲན་ཙམ་ཡང་མེད་པར་རྩ་མེད་དུ་གཏོང་སྲིད།

    གལ་ཏེ་ང་རང་།

    རྩོམ་རྩལ་ལ་མངའ་བརྙེས་པའི་སྙན་ངག་མཁན་ཞིག་ཡིན་ན།

    ངས་སྐྱིད་སྡུག་སྤེལ་མའི་མི་ཚེའི་ལམ་དུ་བྱུང་བའི་མངར་སྐྱུར་འདྲེས་མའི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་ཅི་བྱུང་སྙན་འཇེབས་ཚིག་གི་ཕྲེང་བའི་ལམ་ནས་ཀློག་པ་པོ་ཀུན་གྱི་རྣ་བའི་བདུད་རྩིར་ཕབ་སྲིད།

    གལ་ཏེ་ང་རང་།

    ……

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།