དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་ཆུང་སློབ་མས་བྱ་དངོས་ལ་ལྟ་ཞིབ་ཇི་ལྟར་བྱེད་དགོས་པའི་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2021-12-19

    སློབ་ཆུང་སློབ་མའི་རྩོམ་ཡིག་འབྲི་བའི་ནུས་པ་གོང་མཐོར་གཏོང་བར་ཐོག་མར་རྩོམ་རིག་གཞུང་ལུགས་ཀྱི་རྨང་གཞི་ངེས་ཅན་ཞིག་འདིང་དགོས་པ་མ་ཟད། དུས་དང་རྣམ་པ་ཀུན་དུ་བྱ་དངོས་ལ་མང་དུ་ལྟ་ཞིབ་དང་། གཞན་གྱི་ས་ནས་མང་དུ་ཉན་པ། མང་དུ་མྱོང་བ་བཅས་ཀྱི་ཐད་ལ་སྦྱོང་བརྡར་ལེགས་པོ་བྱེད་དགོས། དེ་ཡང་བྱ་དངོས་ཀྱི་འཕེལ་རིམ་ནས་འགོ་བཙུགས་ཏེ་བྱ་དངོས་ལ་རྒྱུས་ལོན་གང་ལེགས་ཡོང་བར་བྱས་ནས་རྩོམ་འབྲིའི་ནུས་རྩལ་སྐྱེད་བསྲིང་ཡོང་བ་བྱ་དགོས།

    དང་པོ། རང་བྱུང་གི་སྣང་ཚུལ་ལ་ལྟ་ཞིབ་བྱ་རྒྱུ་གལ་ཆེར་འཛིན་དགོས།

    རང་བྱུང་གི་སྣང་ཚུལ་ནི་དུས་དང་རྣམ་པ་ཀུན་ཏུ་མཐོང་ཆོས་སུ་འགྱུར་བའི་ཆར་པ་དང་གངས་འབབ་པ། རྩི་ཤིང་ལོ་ཏོག་སྨིན་ནས་འབྲས་བུ་ཐོན་པ། ཆུ་བོ་བཞུར་ནས་འཁྱགས་པ་ཆགས་པ་སོགས་ཀྱི་རང་བྱུང་སྣང་ཚུལ་ཅི་རིགས་པར་བྱ་ཞིང་། སློབ་མ་ཚོས་རང་བྱུང་སྣང་ཚུལ་དེ་དག་གི་ཐོག་མའི་འཕེལ་རིམ་དང་བར་གྱི་བརྒྱུད་རིམ། མཐའ་མའི་མཇུག་འབྲས་སོགས་རིམ་པར་དབྱེ་ཞིབ་བྱས་ཏེ། རང་གི་བསམ་པའི་འཆར་བཀོད་དང་ལྷན་དུ་ཡིག་ཐོག་ཏུ་བཀོད་ཤེས་པར་བྱ་དགོས་ཏེ། 《མཚོ་སྔོན་པོ》ཞེས་པའི་སློབ་ཚན་ནང་རྩོམ་པ་པོས“མཚོ་སྔོན་པོ་ནི་ཧ་ཅང་མཛེས་སྡུག་ལྡན་ལ། དཔྱིད་དབྱར་སྟོན་གསུམ་གྱི་དུས་སུ། མཚོ་ངོས་གཡུ་ཡི་མེ་ལོང་ལྟར་དྭངས་ཤིང་གསལ་ལ་སྔོ་ཐིང་ངེར་གནས་པ་དང་། དགུན་ཁ་སླེབས་ཚེ། མཚོ་ལ་དར་ཆགས་པས། མཚོ་ངོས་སྐྱ་ཐིང་ཐིང་དུ་གྱུར། གནམ་དྭངས་དུས་གནམ་མཐའ་དང་མཚོ་མཐའ་གཞི་གཅིག་ཏུ་འདྲེས་ནས་དབྱེ་མཚམས་མེད་པར་འགྱུར་བ་དང་། གནམ་འཐིབས་དུས་ཆར་སྤྲིན་ལང་ལོང་དུ་ལྡང་བ། མཚོ་ངོས་ལས་རྦ་རླབས་དྲག་པོ་གྱེན་དུ་འཕྱུར་ནས་གནམ་མཚོ་གཉིས་གཞི་གཅིག་ཏུ་འདྲེས་པར་གྱུར”ཅེས་མཚོ་སྔོན་པོའི་དུས་བཞིའི་ཁྱད་ཆོས་སམ་འགྱུར་ལྡོག་ལ་ལྟ་ཞིབ་ལེགས་པོ་བྱས་ཡོད། མདོར་ན་རང་བྱུང་གི་སྣང་ཚུལ་ཅི་རིགས་པར་ལྟ་ཞིབ་བྱེད་དུས་རླུང་བུས་རྒྱ་ལྕང་གཡོ་བའི་རྣམ་པར་ལྟ་ཞིབ་བྱེད་པ་གཅིག་བུ་མ་ཡིན་པར། དུས་མཚུངས་རླུང་བུས་རང་ལ་འབྱིན་པའི་ཚོར་སྣང་དང་། ཚོར་སྣང་དེ་ལས་བསྐྱེད་པའི་རང་བྱུང་ཁམས་ལ་བཅངས་པའི་འདུ་ཤེས་ལའང་ལྟ་ཞིབ་ཡག་པོ་བྱེད་དགོས།

    གཉིས་པ། ཁོར་ཡུག་གི་སྣང་ཚུལ་དང་ཡུལ་ལྗོངས་ཀྱི་རྣམ་པར་ལྟ་ཞིབ་ལེགས་པོ་བྱེད་དགོས།

    དེ་ཡང་གཙོ་བོ་སོ་སོ་རང་ཉིད་གནས་སའི་ཉེ་འཁོར་ཁང་ཁྱིམ་གྱི་བཀོད་པ་དང་ཆགས་ཚུལ། རྩྭ་ཐང་གི་རྣམ་པ། རི་ཆུའི་འགྱུར་བ། དེ་བཞིན་སྐྱེད་མོས་ཚལ་གྱི་མེ་ཏོག་དང་། རྩྭ་རྩི་ཤིང་ལ་སོགས་ཀྱི་དུས་བཞིའི་སྣང་ཚུལ་ལམ་ཆར་རྗེས་དང་ཁ་བ་འབབ་རྗེས་ཀྱི་སྣང་ཚུལ་སོགས་རང་གི་མཐོང་ཐོས་དྲན་རེག་ཐམས་ཅད་ཡིག་ལམ་དུ་ཕབ་པའི་ཐབས་ལམ་ཞིག་ཡིན་ཞིང་། རྣམ་པ་འདྲ་མིན་སྣ་ཚོགས་ལ་ལྟ་ཞིབ་ཞིབ་ཚགས་བྱེད་དགོས། དཔེར་ན《མཚོ་སྔོན་པོ》ཞེས་པའི་སློབ་ཚན་ནང་། རྩོམ་པ་པོས་ཁོར་ཡུག་དང་ཡུལ་ལྗོངས་ཀྱི་རྣམ་པའམ་སྣང་ཚུལ་ལ་ལྟ་ཞིབ་འདི་ལྟར་བྱས་ཡོད་པ་སྟེ། “མཚོའི་མཐའ་འཁོར་གྱི་ཡངས་ཤིང་ཁོད་སྙོམས་པའི་རྩྭ་ཐང་ཐོག་རྟ་ནོར་ལུག་གསུམ་ཁྱུ་དང་ཁྱུར་ཡོད་པ་ནི་སྔོ་ལྗང་གི་ནེའུ་གསིང་དུ་མེ་ཏོག་སྣ་ཚོགས་ཁྲ་ཆིལ་ལེར་བཞད་པ་དང་མཚུངས། ད་དུང་མཚོའི་མཐའ་འཁོར་གྱི་རྩྭ་ཐང་ཐོག་ཏུ་ཤྭ་བ་དང་། དགོ་བ། གཙོད་སོགས་རི་དྭགས་བག་ཡངས་སུ་རྒྱུ་བ”ལྟ་བུས་མཚོ་འགྲམ་དུ་བག་ཕེབས་ངང་འདུ་བཞིན་པའི་རྟ་ནོར་ལུག་སོགས་ཀྱི་སྣང་ཚུལ་བཀོད་དེ། མཚོ་ངོས་ཀྱི་ཞི་འཇམ་དང་བག་ལྷོད་ཀྱི་རྣམ་པ་དེ་བསྟན་པ་དང་། དེ་བཞིན“སྔོ་བསངས་ཀྱི་ནམ་མཁའ་དང་། སྔོ་ཐིང་ཐིང་གི་མཚོ་ཆུ། ལྗང་ལྗང་གི་རྩྭ་ཐང་། དཀར་དཀར་གྱི་རེ་ལྕག་གི་མེ་ཏོག སེར་སེར་གྱི་པད་ཁའི་མེ་ཏོག་སོགས་ཚོན་མདངས་རྣམ་པར་བཀྲ་བས། མིའི་ཡིད་ལ་འཇའ་ཚོན་གྱི་དབུས་སུ་སླེབས་པ་ལྟ་བུའི་འཁྲུལ་སྣང་ཞིག་སྐྱེས་སུ་འཇུག་གོ”ལྟ་བུ་ལས་རྩོམ་པ་པོས་མཚོ་སྔོན་པོའི་ཉེ་འདབས་ཀྱི་རྩྭ་ཐང་དང་། མཚོ་དང་ཆུ་ཕྲན། རྩྭ་རྩི་ཤིང་། ཡུལ་ལྗོངས་ལ་སོགས་ཀྱི་རྣམ་པ་དངོས་སྐྱེ་བོའི་མིག་མདུན་ལ་མངོན་སུམ་འཆར་ཐུབ་པ་ལྟ་བུ་ཞིག་བྲིས་ཡོད་པར་ལྟ་ཞིབ་ཞིབ་ཚགས་བྱས་པ་མཚོན་ཐུབ།

    གསུམ་པ། རང་བྱུང་ཁམས་ཀྱི་སྲོག་ཆགས་དང་རྩི་ཤིང་། རྩེད་ཆས་སོགས་ལ་ལྟ་ཞིབ་ལེགས་པོ་བྱེད་དགོས།

    ང་ཚོས་དུས་དང་རྣམ་ཀུན་ནས་རྟ་དང་བོང་བུ། ར་དང་ལུག ནོར་དང་སྒོ་ཕྱུགས། ཞི་མི་དང་ཁྱི་ལ་སོགས་སྒོ་ཕྱུགས་རིགས་ཀྱི་སྲོག་ཆགས་མང་པོ་ཞིག་དང་འདྲིས་གཤིབ་སུ་འགྱུར་ཞིང་། ཁམ་སྡོང་དང་ཀུ་ཤུའི་སྡོང་པོ་སོགས་ཀྱི་རྩི་ཤིང་མང་དག་ཅིག་གི་ཁྱད་ཆོས་ངོས་འཛིན་ཐུབ་པ། དེ་བཞིན་བྱིས་པའི་རྩེད་ཆས་སྣ་ཚོགས་ཀྱི་སྤྱོད་ཡུལ་དང་རྩེ་སྟངས་སོགས་རྟོགས་པ་མ་ཟད། སྲོག་ཆགས་མང་པོའི་འཚོ་བའི་གོམས་གཤིས་དང་བྱ་སྤྱོད་ལ་རྒྱུས་མངའ་ཆེན་པོ་ཡོད། དེར་བརྟེན་ཐོག་མར་རྒྱུས་མངའ་ཅན་དང་འདྲིས་གཤིས་ཆེ་བའི་སྲོག་ཆགས་དང་རྩི་ཤིང་། རྩེད་ཆས་དེ་དག་གི་རྒྱུན་གཏན་འཚོ་བའི་སྣང་ཚུལ་དང་། ཁྱད་ཆོས། སྤྱོད་སྒོ་སོགས་ནས་འགོ་བརྩམས་ཏེ་དབྱེ་ཞིབ་ནན་ཏན་བྱས་པ་གང་ཞིག་དེ་འབྲེལ་གྱི་རྩོམ་ཡིག་འབྲི་ཤེས་པ་བྱ་དགོས། དཔེར་ན《ཡིག་མཁན་གྱི་གཅེས་ནོར》ཞེས་པའི་སློབ་ཚན་ནང་རྩོམ་པ་པོས་བོད་ཀྱི་རྒྱུན་སྲོལ་ཡིག་མཁན་གྱི་གཅེས་ནོར་དེ་དག་ཇི་ལྟར་བྱུང་ཚུལ་དང་། བཟོ་ལུགས། དེ་དག་གི་རྒྱུ་སྤུས་དང་དབྱིབས། གྲུབ་ཚུལ། ཁྱད་ནུས་སོགས་ལ་ལྟ་ཞིབ་དང་རྒྱུས་ལོན་འདི་ལྟར་བྱས་ཡོད་པ་སྟེ། “དེ་སྔོན་བོད་ཀྱི་ཡུལ་གྲུ་ཁག་ལ་སྤྱོད་པའི་ཤོག་བུ་ནི་བོད་མི་རང་གིས་བཟོས་པའི་ཤོག་བུ་ཡིན་ཞིང་། ཤོག་བུ་ལ་རིགས་དབྱེ་ན། དྭགས་པོ་སྟོད་ནས་ཐོན་པའི་དྭགས་ཤོག་དང་། དྭགས་པོ་སྨད་ནས་ཐོན་པའི་སྐྱེམས་ཤོག སྙེ་མོའི་སྨོན་དཀར་ལས་ཤོག་སོགས་ཡོད། དེ་ཡང་སྔོན་དུས་དགོན་སྡེ་ཁག་གི་དཔེ་ཆ་དང་། གན་རྒྱ་པར་བྱེད་ཀྱི་ཤོག་བུ་ནི་རེ་ལྕག་ཟེར་བའི་དུག་རྩྭ་དེའི་རྩ་བར་བཟོ་གི་ཡོད། རེ་ལྕག་གི་རྩ་བའི་རྒྱུ་སྤུས་དང་དགེ་མཚན་ནི་འཇམ་ཞིང་མཉེན་ལ། དུག་ཤེད་ཆེ་བར་བརྟེན། དེས་བཟོས་པའི་ཤོག་བུ་ནི་ཡུན་རིང་སྤྱད་ཀྱང་མི་རུལ་བ་མ་ཟད། འབུ་དང་བྱི་བས་མི་ཟ་བའི་དགེ་མཚན་ཆེན་པོ་ལྡན་ཡོད། བོད་ཀྱི་དགོན་སྡེ་ཁག་གི་དཔེ་ཆ་མང་ཆེ་བ་ནི་ཤོག་བུ་འདི་རིགས་ཀྱིས་བཟོས་པས། ལོ་བརྒྱ་ཕྲག་དུ་མ་ཉར་ཚགས་བྱས་ཀྱང་སྐྱོན་མེད་དུ་གནས་ཡོད”ཅེས་མངོན་མིན་རིག་གནས་ཤུལ་བཞག་ཁོངས་གཏོགས་བོད་ཤོག་གི་བཟོ་རྩལ་དང་དེའི་ཁྱད་ཆོས་སོགས་ལ་ལྟ་ཞིབ་ནན་ཏན་བྱས་ཡོད་པ་དང་། དེ་བཞིན་བོད་ཀྱི་རྒྱུན་སྲོལ་བོད་སྨྱུག་གི་སྐོར་ནས་གླེང་ཚེ། “བོད་སྨྱུག་ལ་སྨྱུག་རིལ་དང་སྨྱུག་སི་རིགས་གཉིས་ཡོད་པ། བོད་སྨྱུག་གི་རྒྱུ་སྨྱུག་མ་བཞོག་ནས་བཟོ་བ། རྒྱུན་སྤྱོད་བོད་སྨྱུག་གི་རིང་ཚད་དང་ཞེང་ཚད། དེ་བཞིན་སྨྱུག་ཁའི་དབྱིབས་ནི་ངང་པའི་མཆུ་ཏོའི་དབྱིབས་དང་འདྲ”ཞེས་བོད་སྨྱུག་གི་རིགས་དང་ཚད་གཞི་སོགས་ལ་ལྟ་ཞིབ་བྱས་པ། གཞན་ཡང“སྨྱུག་གྲི་ནི་ལྕགས་རིགས་རྒྱུ་སྤུས་ལེགས་པོ་ཞིག་ལ་བརྡུང་དགོས་ལུགས། གྲིའི་ཁ་རྩེ་གཉིས་ཀྱི་རྣོ་ཚད་ནི་སྤུ་གྲི་ལྟ་བུ་དགོས་པ། གཞན་ཡང་རྒྱུན་སྲོལ་དུ་སྤྱོད་པའི་སྣག་ཚ་ལ་དབྱེ་ན། དུད་དྲེག་གི་སྣག་ཚ་དང་སྤུས་ཀ་ཆེས་ལེགས་པའི་སྒྲོན་ཐལ་གྱི་སྣག་ཚ་སོགས་ཡོད”ཅེས་པ་སོགས་ལས་རྩོམ་པ་པོས་བོད་ཀྱི་ཡིག་མཁན་གྱི་གཅེས་ནོར་དག་གི་རྒྱུ་སྤུས་དང་རིགས། བཟོ་དབྱིབས། གྲུབ་ཚུལ་སོགས་ལ་ལྟ་ཞིབ་དང་ཤེས་རྟོགས། རྒྱུས་ལོན་ནན་ཏན་ཞིབ་ཚགས་བྱས་ཡོད་པ་མཚོན་ཐུབ།

    བཞི་པ། རང་གི་ཉེ་འཁོར་དུ་བྱུང་བའི་དོན་དག་ལ་ལྟ་ཞིབ་ལེགས་པོ་བྱེད་དགོས།

    རྒྱུན་དུ་རང་གི་ཉེ་འཁོར་དུ་བྱུང་བའི་དོན་དག་ཁག་ལ་རང་གི་མཐོང་ཐོས་མྱོང་གསུམ་གྱི་སྒོ་ནས་ལེགས་པར་བརྟག་སྟེ་དོན་དག་གང་དེའི་ཐོག་མའི་འབྱུང་རྐྱེན་དང་བར་གྱི་འཕེལ་རིམ། མཐའ་མའི་མཇུག་འབྲས་བཅས་ལ་དོ་སྣང་ཆེན་པོ་བྱེད་པ་དང་། དོན་སྙིང་ཟབ་ལ་སྤྲོ་སྣང་འཕེལ་བའི་ལུས་རྩལ་བྱེད་སྒོ་དང་དྲུག་གཅིག་བྱིས་པའི་དུས་ཆེན། ལྔ་བཞི་གཞོན་ནུའི་དུས་ཆེན་ལ་སོགས་ཀྱི་བྱེད་སྒོ་ཁག་གི་བརྒྱུད་རིམ་ལ་ལྟ་ཞིབ་ཤེས་རྟོགས། རྒྱུས་མངའ་ལོན་ཐབས་བཅས་བྱེད་དགོས། དཔེར་ན《ས་ཡོམ་ཁྲོད་ཀྱི་ཕ་བུ་གཉིས》ཞེས་པའི་སློབ་ཚན་ནང“དང་ཐོག་1994ལོར་ཨ་མི་རི་ཁའི་གྲོང་ཁྱེར་ལོ་སྭན་ཅི་ལ། ས་ཡོམ་ཆེན་པོ་ཞིག་བྱུང་ནས། དུས་ཚོད་སྐར་མ་ཁ་ཤས་ཀྱི་ནང་མི་འབུམ་གསུམ་ལྷག་ཙམ་ལ་ཚད་གཞི་མི་འདྲ་བའི་རྨས་སྐྱོན་ཕོག་ཡོད”ཅེས་གནས་ཚུལ་གྱི་འབྱུང་རྐྱེན་གླེང་བ་དང་། དེ་རྗེས“ཟང་ཟིང་གི་ཁྲོད་དུ་སྐྱེས་པ་ལོ་གཞོན་ཞིག་གིས་རྨས་སྐྱོན་ཕོག་པའི་ཆུང་མ་བདེ་འཇགས་ཀྱི་གནས་ཤིག་ལ་བསྐྱལ་རྗེས། ཁོ་རང་མྱུར་བར་བུའི་སློབ་གྲྭའི་ཕྱོགས་ལ་བརྒྱུགས་ཕྱིན། སློབ་ཁང་དེ་སྐད་ཅིག་ཉིད་དུ་གྱང་རོ་ཞིག་ཏུ་གྱུར་ཡོད་པ་མཐོང་། རྒྱུན་དུ་བུ་ལ‘གནས་ཚུལ་ཅི་ཞིག་འཕྲད་ཀྱང་། ང་ནམ་ཡང་ཁྱོད་དང་མཉམ་དུ་ཡོད་’ཅེས་པའི་སྐད་ཆ་དེ་གློ་བུར་དུ་ཡིད་ལ་དྲན་ཏེ་བློ་ཐག་རྦད་བཅད་ཀྱིས་གྱང་རོའི་ཕྱོགས་བསྐྱོད”ཅེས་ལྷག་བསམ་ཅན་གྱི་ཕ་དེའི་མ་བསྐུལ་དང་བླངས་ཀྱི་བློ་སྟོབས་དང་རང་གི་བུ་ཕྲུག་ལ་བཅངས་པའི་བརྩེ་བ་ཇི་ཙམ་ཡོད་པ་མཚོན་ཕྱིར་མྱུར་དུ་བུའི་སློབ་གྲྭའི་ཕྱོགས་ལ་བརྒྱུགས་ཕྱིན་ལྟ་བུའི་ཚིག་བེད་སྤྱད་ཡོད་པ་དེས། ཀློག་པ་པོར་ཕ་དེའི་བྱ་སྤྱོད་དང་ས་ཡོམ་ཁྲོད་ཀྱི་སྣང་ཚུལ་རབ་རིབ་ཅིག་ང་ཚོའི་ཀུན་གཞིའི་ངོས་སུ་འཁོར་དུ་བཅུག་ཡོད།

    ལྔ་པ། རྒྱུན་གཏན་ནས་རང་གི་ཉེ་འཁོར་དུ་ཡོད་པའི་མི་སྣར་ལྟ་ཞིབ་ལེགས་པོ་བྱེད་དགོས།

    མི་སྣའི་ཕྱིའི་རྣམ་པ་ལེགས་པོ་ཞིག་འབྲི་ཐུབ་ཚེ། མི་སྣའི་གཤིས་ཀའང་གསལ་པོར་མཚོན་ཐུབ་ཅེས་པ་ལྟར་མི་སྣའི་ཕྱིའི་རྣམ་པར་ལྟ་ཞིབ་ལེགས་པོ་བྱེད་ཐུབ་ན་མི་སྣའི་གཤིས་ཀར་ཡང་ལྟ་ཞིབ་ཐུབ། དེ་ཡང་སྤྱི་ཚོགས་ཐོག་རྒྱུན་དུ་རང་ཉིད་དང་འགྲོགས་འདྲིས་ཟབ་པའི་མི་སྣ་སྟེ། དགེ་སློབ་དང་ཕ་མ། གཅེན་གཅུང་སོགས་ལ་ལྟ་ཞིབ་བགྱིས་ཏེ་ཁོ་ཚོའི་གཟུགས་དབྱིབས་དང་བྱད་བཞིན། ཆ་ལུགས། སྐད་ཆ་ཤོད་སྟངས། འགྲོ་འདུག་སྤྱོད་གསུམ་གྱི་ཉམས་འགྱུར་སོགས་ལ་དོ་སྣང་དང་ཡིད་འཇོག་མང་ཙམ་བྱེད་དགོས་པ་མ་ཟད། དེ་དག་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཁག་རང་གི་བསམ་བློའི་ནང་གསོག་འཇོག་ཐུབ་པར་བྱེད་དགོས། དཔེར་ན《བུ་ཆུང་ཧྲན་ཏི》ཞེས་པའི་སློབ་ཚན་ནང་རྩོམ་པ་པོས་མི་སྣ་བུ་ཆུང་ཧྲན་ཏིར་ལྟ་ཞིབ་འདི་ལྟར་བྱས་ཡོད་པ་སྟེ། “སྐབས་དེར་བུ་ཆུང་ཞིག་ངེད་གཉིས་ཀྱི་ཕྱོགས་སུ་སླེབས་བྱུང་། ཁོའི་ལུས་ལ་ཧྲུལ་ཞིང་སྲབ་པའི་ལྭ་བ་རྐྱང་པ་ཞིག་ལས་གྱོན་མེད་པ་དང་། རིད་ཅིང་སྐམ་པའི་གདོང་པ་དེ་འཁྱགས་ནས་ཐལ་མདོག་ཏུ་གྱུར་ཅིང་། རྐང་པ་གཉིས་པོའང་རྐང་རྗེན་མ་ཡིན་པས་འཁྱགས་ནས་དམར་པོར་གྱུར་འདུག ཁོས་ངེད་གཉིས་ལ་སྐུ་ཞབས། མུ་ཟི་སྒམ་ཆུང་གཅིག་གཟིགས་དང”ཞེས་མི་སྣའི་ཕྱིའི་རྣམ་པ་དང་། ཡ་ང་བའི་བྱ་སྤྱོད་ཁག་ཅིག་ལ་ལྟ་ཞིབ་ཀྱིས་གསོན་ཉམས་ལྡན་ལ་འབུར་དུ་ཐོན་པའི་ངང་ནས་བུ་ཆུང་ཧྲན་ཏིའི་ཉམ་ཐག་གི་གཟུགས་བརྙན་དག་ཀློག་པ་པོའི་མིག་ལམ་དུ་བཀྲམ་ཡོད།

    མདོར་ན་སློབ་ཆུང་སློབ་མ་ཚོས་དུས་དང་རྣམ་པ་ཀུན་ཏུ་ཕྱི་རོལ་ཡུལ་གྱི་བྱ་དངོས་ལ་ལྟ་ཞིབ་མང་ཙམ་དང་། ཉན་འཇོག་མང་ཙམ། བསམ་གཞིགས་མང་ཙམ། རྒྱུས་མངའ་མང་ཙམ་བཅས་བྱེད་རྒྱུར་སྤྲོ་བའི་གོམས་གཤིས་བཟང་པོ་ཞིག་འཇགས་ཐུབ་པ་བྱུང་ཚེ། སོ་སོ་རང་ཉིད་ཀྱི་རྩོམ་འབྲིའི་ནུས་པ་རྒྱུན་ཆད་མེད་པར་གོང་མཐོར་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་ལ། སྒོས་སུ་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ཁྲོད་ནས་བླངས་ན་རྫོགས་མཐའ་མེད་ཅིང་། དགོས་ཚེ་གང་འདོད་སྤྱད་ཆོག་པའི་རྩོམ་འབྲིའི་རྒྱུ་ཆ་མང་དག་ཅིག་འཚོལ་བསྡུ་བྱེད་ཐུབ་ངེས་ཡིན་ལ། ཡང་སྒོས་བརྗོད་བྱའི་དོན་སྙིང་ཟབ་ལ་བརྗོད་བྱེད་ཚིག་སྦྱོར་སྙན་པའི་རྩོམ་ཡིག་མང་དག་ཅིག་འབྲི་ཐུབ་རྒྱུར་མཐུན་རྐྱེན་བཟང་པོ་ཞིག་བསྐྲུན་ཐུབ་ངེས་རེད་ལགས་སྙམ་མོ།

    (གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གནའ་ཐང་སློབ་ཆུང་གི་རྟ་མགྲིན)

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།