དགེ་རྒན་ནི་སློབ་གསོ་དང་སློབ་ཁྲིད་ཀྱི་བྱེད་པོ་གཙོ་བོ་དང་ལག་བསྟར་བ་གཙོ་བོ་དེ་ཡིན་པས། སློབ་གསོའི་སྲིད་ཇུས་གསར་པ་དང་། སྔོན་ཐོན་གྱི་སློབ་གསོའི་ལྟ་བ་གང་ཞིག་ཡིན་རུང་། དང་ཐོག་མར་དགེ་རྒན་གྱི་ངོས་འཛིན་དང་གོ་བ་ལེན་ཚུལ་དང་འབྲེལ་བ་ཟབ་མོ་ཡོད། དེ་ཡང་སློབ་ཁྲིད་ཀྱི་བརྒྱུད་རིམ་དུ་ཕྲད་པའི་ཐ་སྙད་གསར་པ་གང་ཞིག་ལ་ཐོག་མར་དགེ་རྒན་རང་ངོས་ཀྱིས་དཔྱད་གཞི་འཚོལ་བའམ་བཀའ་འདྲི་ཞུ་བ་སོགས་བྱས་ཏེ། ཐ་སྙད་དེའི་བྱུང་འཕེལ་ལོ་རྒྱུས་དང་གོ་དོན་གང་ཟེར་གསལ་པོ་རྟོགས་པར་བྱེད་དགོས་པ་དང་གཅིག་པ་རེད། དེ་བཞིན་སློབ་དེབ་གསར་སྒྱུར་ཡང་དེ་དང་གནས་ལུགས་གཅིག་པ་ཡིན་ཏེ། སློབ་དུས་འདི་ནས་འགོ་ཚུགས་ཏེ་སློབ་དེབ་ཀྱི་ནང་དོན་ཆ་ཚང་གསར་སྒྱུར་བྱས་ཚེ། སློབ་ཁྲིད་མ་བྱས་གོང་དགེ་རྒན་གྱིས་ཟུར་ལྟའི་དཔྱད་གཞི་དང་འབྲེལ་ཡོད་དཔྱད་ཡིག་ལྟ་ཀློག སློབ་དེབ་རྙིང་པ་དང་ཞིབ་བསྡུར་གྱིས་དེའི་ནང་དོན་ཆ་ཚང་ལ་ཤེས་རྟོགས་དགོས་པ་ནི་ཤོད་མི་དགོས། བྱང་ཚད་སློབ་གསོ་ལག་བསྟར་བྱེད་པའི་བརྒྱུད་རིམ་དུ་དགེ་རྒན་རང་ངོས་ཀྱིས་བྱང་ཚད་སློབ་གསོར་འཛིན་པའི་ལྟ་སྟངས་དང་ངོས་འཛིན་ནི་གལ་འགངས་ཧ་ཅང་ཆེན་པོར་མཐོང་གཤིས། རང་གི་ཉམས་མྱོང་ཙམ་མཉམ་སྤྱོད་ཞུ་ཁུལ་ལ་ལས་རིགས་གཅིག་པའི་དགེ་གྲོགས་ལྷན་རྒྱས་ནས་དགོངས་འཆར་ལྷུག་སྩོལ་ཡོད་པ་ཞུ།
བྱང་ཚད་སློབ་གསོ་ནི་གོ་བདེ་བར་བཤད་ན། མི་སྒེར་གྱི་ཕྱོགས་བསྡུས་བྱང་ཚད་གོང་མཐོར་བཏང་ནས་དེང་རབས་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་མི་སྣ་གསོ་སྐྱོང་བྱེད་པ་དེ་ལགས། ཕྱོགས་བསྡུས་བྱང་ཚད་ཟེར་བ་ཡང་མདོར་བསྒྲིལ་ན་སློབ་མའི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་། འཇོན་ནུས་གསོ་སྐྱོང་། རང་གཤིས་འཕེལ་རྒྱས། སེམས་ཁམས་བདེ་ཐང་སློབ་གསོ་བཅས་ཚང་མར་མཐོང་ཆེན་བྱེད་པ་དེ་རེད། སྲོལ་རྒྱུན་སློབ་གསོ་ཡིན་ནའང་འདྲ། རྨང་གཞིའི་སློབ་གསོ་ཡིན་ནའང་འདྲ། བྱང་ཚད་སློབ་གསོ་ཡིན་ནའང་འདྲ། ཚང་མས་མ་ཤེས་རྨོངས་པ་ལ་ཤེས་བྱ་ཡོན་ཏན་བསླབས་པ་བརྒྱུད་དེའི་རྒྱུད་གསོ་བ་གཅིག་མཚུངས་ཡིན་ཞིང་། རྨང་གཞིའི་སློབ་གསོའི་བགྱི་བ་སྔོན་དུ་མ་སོང་ན། བྱང་ཚད་ཀྱི་སློབ་གསོ་དམིགས་བསལ་ཞིག་དོན་གཉེར་བྱ་ཐབས་བྲལ་བ་སྨོས་མེད་ལ། དེ་ཡང་ཀ་ཁ་ག་ངའི་མགོ་ཙམ་མི་ཤེས་པར་གྲགས་རྩོམ་གང་ཞིག་ལ་ལྟ་ཐབས་བྲལ་བ་དང་གཅིག་པ་རེད། རྨང་གཞིའི་སློབ་གསོའི་དུས་རིམ་དུ་སློབ་མའི་འགྲོ་སྡོད་སྤྱོད་གསུམ་གང་ཅིར་གོམས་གཤིས་བཟང་པོ་འཇགས་ཐབས་ལ་འབད་བཞིན་པ་དང་། རིམ་བཞིན་ལེགས་ཉེས་བླང་དོར་གྱི་གནས་ལ་མ་རྨོངས་པ་དགོས་ལ། དེ་རྗེས་ཆེན་པོ་ཆགས་རྗེས་སྤྱི་ཚོགས་དང་མི་དམངས་ལ་ཕན་པའི་མི་ཞིག་བྱེད་པ་ནི་མཐར་གཏུགས་ཀྱི་དམིགས་ཡུལ་ལྟ་བུར་ཀུན་གྱིས་གླེང་མུས་རེད། སྤྱི་ཚོགས་འཕོ་འགྱུར་ཇི་ལྟར་ཡིན་ན་ཡང་། སློབ་གསོའི་དགོས་པ་དང་དམིགས་ཡུལ་ནི་དེ་ལས་མ་འདས་པ་ཀུན་ཤེས་རེད།
བྱང་ཚད་སློབ་གསོ་ཆེས་ཆེར་ཁྱབ་གདལ་འགྲོ་བའི་དེ་རིང་གི་དུས་འདིར་ང་ཚོས་དམིགས་བསལ་གྱི་ཤུགས་སྣོན་རྒྱག་དགོས་པ་དང་ཁ་གསབ་བྱེད་དགོས་པ་མི་ཉུང་བ་ཡོད་མོད། ང་ཚོའི་སློབ་གསོའི་དོན་དངོས་ལ་སྦྱར་ཚེ། སློབ་མའི་གསར་གཏོད་ཀྱི་འཇོན་ཐང་གསོ་སྐྱོང་དང་། རང་སྦྱོང་གི་འཇོན་ཐང་གསོ་སྐྱོང་་ཁ་ཚ་དགོས་གཏུགས་སུ་མཐོང་།
དེ་ཡང་གསར་གཏོད་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་པ་དང་། གསར་གཏོད་རང་བཞིན་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་སྤྱི་ཚོགས་དཔལ་ཡོན་འཕེལ་རྒྱས་ཀྱི་རྨང་གཞི་རེད། ང་ཚོའི་གོམས་འདྲིས་དབང་གིས་གསར་གཏོད་ཅེས་པའི་ཐ་སྙད་འདི་གོ་མ་ཐག་ཚང་མའི་སྣང་བར་ཧ་ཅང་ཆེན་པོ་ཞིག་གསར་དུ་བཟོས་པའམ་དེ་སྔོན་མཐོང་ཆོས་སུ་མ་གྱུར་པ་ཞིག་གསར་དུ་བཟོས་པ་ལྟ་བུ་ཞིག་ལ་གོ་འགྲོ་བ་དང་། དེ་ནི་ང་ཚོ་འདྲ་བའི་སྐྱེ་བོ་ཕལ་པ་ཚོས་ག་ནས་འཇོན་སྲིད་སྙམ་གྱི་ཡོད། གསར་གཏོད་ནི་མ་གཞི་ལས་སླ་པོ་དང་ཚེགས་མེད་དུ་སྒྲུབ་ཐུབ་པ་ཞིག་མིན་ན་ཡང་། ཤིན་ཏུ་སྒྲུབ་ཁག་པོ་དང་ལག་པས་མི་སྙོབ་པ་ཞིག་ག་ལ་ཡིན། གོ་འཛོལ་དེའི་གནད་འགག་གཙོ་བོ་དགེ་རྒན་གྱིས་ཁྲིད་སྟོན་ཡག་པོ་ཐུབ་དང་མ་ཐུབ་ལ་རག་ལས་ཡོད། གསར་གཏོད་ནི་སློབ་སྦྱོང་དང་འཚོ་བའི་ཕྱོགས་གང་སར་ཁྱབ་ཡོད་པ་དང་། ན་ཚོད་དང་འཚམ་པའི་གསར་གཏོད་ནི་སློབ་མ་ཚང་མའི་ནུས་པས་ལྕོགས་ངེས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་མཁས་པོ་དགོས།
དགེ་རྒན་གྱིས་ནམ་རྒྱུན་སློབ་ཕྱིའི་བྱེད་སྒོ་སྤེལ་སྐབས་སམ་ཚན་རིག་ཚོད་ལྟ་བྱེད་སྐབས་དང་སློབ་ཚན་སྐབས་དྲི་བར་ལན་རྒྱག་སྐབས་སོགས་ཚང་མར་སྣང་འཇོག་གིས་སློབ་མའི་རྒྱུད་ཀྱི་གསར་གཏོད་ཀྱི་ས་བོན་ནམ་གསར་གཏོད་ཀྱི་མྱུ་གུ་སྐབས་འཕྲལ་ཤེས་རྟོགས་ཐུབ་དགོས་པ་དང་། དེ་འབྲེལ་གྱི་བསྔགས་བརྗོད་དང་སྐུལ་ལྕག་བརྒྱུད་སློབ་མ་གཞན་ཚོའི་གསར་གཏོད་ཀྱི་ངར་ཤུགས་དང་སྤྲོ་སྣང་གསོ་སྐྱོང་བྱེད་དགོས། སློབ་མས་རྩོམ་ཡིག་འབྲི་སྐབས་ཁ་བྱང་འདེམ་སྟངས་ལ་གསར་གཏོད་ཀྱི་ཆ་ཡོད་ཅིང་། འགོ་འཛུགས་སྟངས་དང་མཇུག་བསྡུ་སྟངས་ཚང་མར་རང་རང་གི་གསར་གཏོད་ཀྱི་ཆ་ཡོད། དེ་ལྟའི་གསར་གཏོད་ཀྱི་མྱུ་གུ་སྔོན་པོ་དེ་དག་མ་འོངས་པའི་གསར་གཏོད་ཀྱི་ལྗོན་པ་ཞིག་ཏུ་འགྱུར་མི་སྲིད་པའི་ངེས་པ་སུ་ལ་ཡོད།
སློབ་སྦྱོང་གི་བརྒྱུད་རིམ་དུ་སློབ་མས་ཇི་ལྟར་བྱས་ནས་རང་སྦྱོང་ཡང་དག་པར་བྱེད་དགོས་པ་དང་། རང་སྦྱོང་བྱེད་སྐབས་དོ་སྣང་བྱེད་དགོས་པའི་གནས་གང་ཡོད་མེད་སོགས་ལ་དགེ་རྒན་གྱིས་ཁྲིད་སྟོན་བྱ་གལ་ཆེ། དཔེ་ཆ་བྱེ་བ་འབུམ་ལ་བལྟས་གྱུར་ན། སྨྱུག་རྩེ་བསྐྱོད་པར་ལྷ་ཡིས་ཁ་ལོ་བསྒྱུར་ཟེར་ནས་དཔེ་དེབ་གང་མང་ལྟ་དགོས་པར་སྐུལ་བ་དང་། དཔེ་མང་ལྟ་བ་རིག་པ་འཆོལ་བའི་རྒྱུ་ཟེར་ནས་དཔེ་དེབ་ལྟ་མཁས་པོ་དགོས་པར་སྐུལ་བ་ལ་ངོ་བོའི་འགལ་ཟླ་མེད་རུང་། ལོ་ཆུང་སློབ་མ་རྣམས་ལ་མཚོན་ན་ཡིན་གཅིག་དཔེ་དེབ་གང་ཞིག་ལྟ་དགོས་པ་དང་དཔེ་དེབ་གང་ཞིག་ལྟ་མི་རུང་བར་ངེས་པར་དུ་དགེ་རྒན་གྱི་ཁྲིད་སྟོན་མེད་ན་མི་འགྲིག དེས་ན་དགེ་རྒན་གྱིས་སྤྱི་ཚོགས་ཐོག་རང་སྦྱོང་ལ་བརྟེན་ནས་མཁས་པའི་དབང་པོར་གྱུར་པ་དང་གྲགས་ཅན་གྱི་མི་སྣར་གྱུར་པའི་སྐྱེ་བོ་མང་པོ་ཡོད་པས། དེ་དག་ལས་དཔེ་མཚོན་འགའ་ཞིག་དྲངས་ཏེ་སློབ་གསོ་ཁྲིད་སྟོན་བྱེད་དགོས།
རང་སྦྱོང་ནི་སྤྱི་ཚོགས་གོང་དུ་འཕེལ་བ་དང་ཚན་རྩལ་བྱ་གཞག་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བའི་དེ་རིང་གི་དུས་སྐབས་སུ་རང་ལ་ཤེས་བྱ་ཡོན་ཏན་གསར་པ་ཐོབ་པར་བྱེད་པའི་འགན་ལེན་ཉག་གཅིག་ལགས། རང་སྦྱོང་ནི་སློབ་སྦྱོང་གི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དང་། ཆུང་དུས་ནས་འགོ་བཙུགས་ཏེ་རང་སྦྱོང་གི་གོམས་གཤིས་བཟང་པོ་ཞིག་འཇགས་པ་ནི་དེ་བས་གལ་འགངས་ཆེ། རང་སྦྱོང་ལ་དགའ་བའི་སློབ་མ་དེའི་སློབ་སྦྱོང་གི་རྣམ་འགྱུར་དང་སློབ་སྦྱོང་གི་སྤྲོ་སྣང་གཞན་ལས་ལྷག་པ་སྨོས་མི་དགོས་པས་གྲུབ་འབྲས་ཀྱང་གཞན་ལས་ལྷག་པ་ཐོབ་ངེས་རེད།
ཤེས་བྱ་ཡོན་ཏན་སློབ་ཅིང་འཇོན་ནུས་དང་སྤྱོད་ལམ་གསོ་བའི་སློབ་གསོའི་ལག་ལེན་ནང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་དུས་བསྟུན་འཕེལ་རྒྱས་དང་སྐབས་བསྟུན་ཁ་སྐོང་གང་མང་བྱེད་བཞིན་པས་དགེ་རྒན་རང་ངོས་ཀྱི་བྱང་ཚད་ཀྱང་དེ་བསྟུན་གྱི་གོང་འཕེལ་འགྲོ་ཐབས་བྱེད་དགོས་པ་ཨ་ཅང་བརྗོད་མེད་རེད། དགེ་རྒན་རང་སྒེར་གྱི་ཆུ་ཚད་གོང་མཐོར་གཏོང་བར་ཤེས་བྱ་ཡོན་ཏན་གཅིག་པུ་ཙམ་མ་ཟད། སློབ་གསོའི་འཕེལ་རིམ་གྱི་ཁྱད་ཆོས་ཁོང་དུ་ཆུད་པ་དང་། ན་ཚོད་མི་འདྲ་བའི་སློབ་མའི་སེམས་ཁམས་ཀྱི་ཁྱད་ཆོས་ལ་ཡང་རྒྱུས་ལོན་བྱེད་པར་མཐོང་ཆེན་བྱེད་དགོས། དེ་ནི་ང་ཚོའི་སློབ་གསོའི་ལག་ལེན་ནང་གི་ལྟོས་བཅས་ཀྱི་ཞན་ཆར་མཐོང་ཞིང་། སློབ་དེབ་ཀྱི་ནང་དོན་འཁྲིད་རྐྱང་དང་སྦྱོང་རྐྱང་ཁོ་ནས་སློབ་མའི་ཕྱོགས་བསྡུས་བྱང་ཚད་གོང་མཐོར་འགྲོ་ག་ལ་ཐུབ།
མདོར་ན། བྱང་ཚད་སློབ་གསོའི་དུས་རིམ་དུ་སློབ་གསོའི་དགོས་མཁོས་དགེ་རྒན་གྱི་བྱང་ཚད་ལ་ཡང་རེ་བ་གསར་པ་དང་བླང་བྱ་གསར་པ་བཏོན་ཡོད། དགེ་རྒན་གྱིས་རང་གི་ཆེད་ལས་ཙམ་མ་ཟད་རིག་ཚན་གཞན་དག་ལ་ཡང་སྦྱངས་པ་ངེས་ཅན་ཡོད་དགོས་ལ། རང་གི་ཆེད་ལས་སློབ་ཁྲིད་ཀྱི་ངོས་ནས་བརྗོད་ན། སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་ཕུད་གསར་དར་སྨྱན་བྱད་བེད་སྤྱོད་དང་སློབ་ཁྲིད་ཀྱི་ཐབས་ལམ་ཆིག་རྐྱང་བ་ནས་སྣ་མང་ཅན་དུ་སྤོ་འགྱུར་གྱིས་སློབ་ཚན་གྱི་ནང་དོན་དང་སློབ་ཕྱིའི་ཤེས་བྱ་སློབ་སྦྱོང་གི་བློ་སྒོ་འབྱེད་པར་འབད་དགོས། དགེ་རྒན་གྱིས་སློབ་མའི་ཕྱོགས་ཡོངས་ཀྱི་རྨང་གཞིའི་བྱང་ཚད་མཐོ་རུ་གཏོང་བ་དམིགས་ཡུལ་དུ་བྱེད་པ་དང་། སློབ་མའི་རང་འགུལ་སྙིང་སྟོབས་དང་བྱེད་པོའི་རང་བཞིན་ལ་གུས་བཀུར་ཞུ་བ་མ་ཟད། སློབ་མའི་གཤིས་ཀ་རྨང་གཞིར་བྱས་ནས་སློབ་མ་རང་ངོས་ཀྱི་ཤེས་རབ་ཀྱི་རྟིང་ཤུགས་སྔོག་འདོན་ལ་སྣང་ཆེན་བྱས་ཏེ། སློབ་མ་རྣམས་ངེས་པ་དོན་གྱི་སྤྱོད་ཡོན་གཉིས་ལྡན་ཞིག་ཏུ་གསོ་སྐྱོང་ཐུབ་པར་འབད་གལ་ཆེ།
(ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་འཕྲིན་ལས་རྡོ་རྗེ)