འབྱུང་འགྱུར་དེ་བས་ཤེས་རིག་དང་ལྡན་པའི་སྤྱི་ཚོགས་ཤིག་སྐྲུན་དགོས་ན། མིག་སྔའི་དུས་ནས་བཟུང་སློབ་མའི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་དགོས། དེ་ནི་སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ཕྱོགས་ཚང་མའི་ཕྲག་ཏུ་བབས་པའི་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཡིན་པས། དེར་སྣང་ཆུང་གཏན་ནས་མ་བྱས་པར་ཕྱར་བ་གྲུ་འདེགས་ཀྱིས་བསམ་བློ་ཀུན་སྤྱོད་བཟང་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐད་རང་རང་གི་ནུས་པ་གང་ལེགས་འདོན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་ནུ་དར་ན་རྒྱལ་ཁབ་དར། གཞོན་ནུ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན། གཞོན་ནུའི་མི་རབས་ལ་ཕུགས་བསམ་དང་། འཇོན་ཐང་། འགན་སེམས་བཅས་ཡོད་ན། རྒྱལ་ཁབ་ལ་མདུན་ལམ་དང་མི་རིགས་ལ་རེ་བ་ཡོད། རྒྱ་ཆེའི་གཞོན་ནུས་ཕུགས་བསམ་དང་དད་སེམས་བརྟན་པོར་འཆང་བ་དང་། ཕུགས་བསམ་ཆེ་ལ་ལས་ཀ་ཏན་ཏིག་བྱས་ནས་ངོ་གནོང་མི་དགོས་པའི་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་མཁན་ཕོ་རྒོད་ཅིག་བྱས་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་སྟར་རིང་། ལང་ཚོའི་ཕུགས་བསམ་སྒྲུབ་དགོས་པ་དང་། མི་དམངས་ལ་ཁེ་ཕན་གཉེར་བའི་འབད་འཐབ་ལྷོད་མེད་བྱེད་རིང་། མི་ཚེའི་རིན་ཐང་མངོན་པར་བྱེད་དགོས་ཞེས་བསྟན་གནང་ཡོད།
དེ་ནི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོར་བཅངས་པའི་ཐུགས་རེ་རེད་ལ། དགེ་བའི་བཤེས་གཉེན་ཚོར་གནང་བའི་གདམས་ངག་ཀྱང་ལོས་རེད། དེར་བརྟེན་སྤྱི་ཚོགས་དང་སློབ་གྲྭ་ཁྱིམ་ཚང་བཅས་ཚང་མས་མཉམ་དུ་གཞོན་ནུ་ལོ་ཆུང་གི་ཚོགས་རྣམས་སྐྱོན་བྲལ་དང་བདེ་ཐང་ངང་འཚར་ལོངས་ཡོང་བར་འབད་དགོས་པ་དང་། དེ་དག་ནི་སློབ་གསོ་དང་ཁ་འབྲལ་ཐབས་མེད་ཅིང་། ཡང་སྒོས་སློབ་གྲྭ་ནི་གཞོན་ནུའི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་གཏང་ཡུལ་གཙོ་བོ་ཞིག་ཡིན་པ་དང་། འབྱུང་འགྱུར་སྤྱི་ཚོགས་ལ་མཁོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་དེ་ཡང་སློབ་གྲྭའི་སློབ་གསོར་རྟེན་དགོས། མཐར་གཏུགས་ན་སློབ་གསོའི་འཐབ་ས་དང་པོར་ཕྱག་ལས་གནང་བཞིན་པའི་དགེ་བའི་བཤེས་གཉེན་ཚོའི་དཀའ་སྤྱད་འབད་འཐབ་དང་ཁ་འབྲལ་ཐབས་མེད། དགེ་བའི་བཤེས་གཉེན་གྱིས་གཙོས་པའི་སློབ་གསོའི་ལས་དོན་པ་ཀུན་གྱིས་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཀུན་ཏུ་ཀུན་སྤྱོད་སློབ་གསོའི་གལ་ཆེའི་རང་བཞིན་ལ་སྔར་བས་ངོས་འཛིན་མཐོར་གཏོང་བྱེད་གལ་རབ་ཏུ་ཆེ།
ང་ཚོས་སྤྱོད་ཡོན་གཉིས་ལྡན་གྱི་མི་ཞིག་གསོ་སྐྱོང་བྱེད་དགོས་ཞེས་ཀུན་སྤྱོད་སྔོན་དང་ཤེས་ཡོན་རྗེས་ལ་འཇོག་དོན་ཡང་། ཀུན་སྤྱོད་སློབ་གསོའི་གལ་ཆེའི་རང་བཞིན་ནམ་གཙོ་གནད་ཀྱི་གནས་བབ་གསལ་བཤད་བྱེད་པ་ཡིན་ཏེ། ས་བོན་མེ་ཡིས་འཚིགས་པ་ལ་མྱུ་གུ་སྔོན་པོ་མི་འབྱུང་བ་བཞིན་དུ། ཀུན་སྤྱོད་མི་ལེགས་པའི་མི་ཞིག་ལ་མཚོན་ན། ཤེས་ཡོན་ཇི་ལྟར་མཁས་ཀྱང་། མིའི་རིགས་དང་སྤྱི་ཚོགས་ལ་ཕན་མི་ཐོགས་པ་ཇི་བཞིན་ནོ། དེར་བརྟེན་སྤྱི་སྒེར་ཚང་མས་ཆུང་དུས་ནས་ཀུན་སྤྱོད་སློབ་གསོར་མཐོང་ཆེན་བྱེད་པ་དང་། ཆུང་བྱིས་པའི་དུས་ནས་བཟུང་ཕ་མ་གཉིས་པོས་ཟ་ལུགས་འགྲོ་ལུགས་སྡོད་ལུགས་ནས་འགོ་བཙུགས་ཏེ། ཀུན་སྤྱོད་བཟང་ཕྱོགས་སུ་འཁྲིད་ཐབས་ལ་འབད་དགོས། དཔེར་ན། ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་སྐད་ཆ་གཅིག་པུར་མཚོན་ན་ཡང་། སྐད་ཆ་དྲང་པོ་ཤོད་པ་ལས་རྫུན་མ་བཤད་ན་མི་འགྲིག་པ་དང་། མི་རྒན་པར་སྐད་ཆ་ཤོད་སྐབས་གུས་ཞབས་དང་བཅས་ཞེ་ཚིག་སྤྱོད་དགོས་པ། མི་མང་པོ་འཛོམ་སར་གང་བྱུང་སྐད་ངན་ནམ་ཀི་སྒྲ་སྒྲོག་མི་ཉན་པ། གཞན་ལ་ངན་ལབ་བམ་ལྐོག་ལབ་རྒྱག་མི་ཉན་པ། ངན་སྨྲས་སམ་སྡུག་ཡུས་ཤོད་མི་ཉན་པ་བཅས་ཀྱི་ཁ་ཏ་བསླབ་བྱ་གནང་དགོས། རིམ་བཞིན་འཚར་ལོངས་བྱུང་རྗེས། གཞན་ལ་མཐུན་སྒྲིལ་ཇི་ལྟར་བྱེད་དགོས་པ་དང་། གྲོགས་པོ་ངན་པ་དང་འགྲོག་མི་རུང་བ། རྐུ་དང་རྫུན་ལ་ཞུགས་མི་རུང་བ། གཡོ་དང་ཁྲམ་ལ་འཇུག་མི་རུང་བ། རྒྱུ་འབྲས་ཚུལ་བཞིན་སྲུང་དགོས་པ་བཅས་ཀྱི་བསླབ་བྱ་གནང་དགོས། ནར་སོན་ནས་ཆེན་པོ་ཆགས་རྗེས་སུའང་ད་དུང་མུ་མཐུད་སྤྱི་ཚོགས་དང་གཞན་ལ་ཕན་པའི་མི་ཞིག་བྱེད་དགོས་པ་དང་། ཕན་མ་ཐོགས་ཀྱང་གནོད་རྩ་བ་ནས་བསྐྱལ་མི་རུང་བའི་སློབ་གསོ་བསྐྱོན་གནང་དགོས། མཐར་གཏུགས་ན། མི་ཞིག་གི་མི་ཚེ་ཧྲིལ་པོར་ཐོག་མཐའ་བར་གསུམ་དུ་ཀུན་སྤྱོད་སློབ་གསོའི་རྒྱུན་མ་ཆད་པ་དགོས་ཤིང་། དུས་དང་རྣམ་པ་ཀུན་ཏུ་རང་གི་བསམ་བློ་ཀུན་སྤྱོད་ལ་བྱི་དོར་དང་གཙང་བཤེར་རྒྱུན་མི་ཆད་པ་བྱེད་དགོས།
སློབ་གསོ་ཟེར་བའི་ཐ་སྙད་དེར་བསམ་གཞིག་བྱེད་སྐབས། ཐ་སྙད་དེ་ནི་སློབ་དང་གསོ་གཉིས་ལས་གྲུབ་ཅིང་། སློབ་པའི་དམིགས་ཡུལ་ནི་གསོ་བའི་ཆེད་དུ་ཡིན་པ་དང་། གང་གསོ་བར་བྱ་བའི་གཙོ་གནད་ནི་སློབ་བུ་གང་དེའི་བསམ་བློ་ཀུན་སྤྱོད་བཟང་ཕྱོགས་སུ་གསོ་བ་དང་། དེ་རྗེས་རིག་གནས་སློབ་ཁྲིད་ཀྱིས་མ་རིག་གི་རྨོངས་པ་སེལ་དགོས་པ་དེའོ། མཐའ་ཡས་ཤེས་བྱའི་གནས་ལ་སྦྱངས་པ་ཆུ་བོའི་རྒྱུན་བཞིན་སྟེན་དགོས་པ་གང་ཞིག ནམ་ནམ་ཞར་ཞར་ལ་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་ཇེ་མཐོ་ནས་ཇེ་མཐོར་གཏོང་དགོས་པ་བརྗེད་མི་རུང་། ཀུན་སྤྱོད་སློབ་གསོ་ནི་སློབ་གསོ་མཐའ་དག་གི་རྨང་གཞིར་གྲུབ་ཅིང་། རིག་གནས་ཤེས་བྱ་དང་རྩལ་ནུས་ཅི་རིགས་བསླབས་ཀྱང་། ཀུན་སྤྱོད་སློབ་གསོ་ནི་ལོགས་སུ་འཇོག་ཐབས་ཡེ་ནས་མེད། དམངས་ཁྲོད་ཀྱི་ཁ་རྒྱུན་དུ་ཡང་བྱ་དེ་གདང་ལ་འཛེག་པར་སྤྱན་མིག་ཡར་ལྟ་མ་གཏོགས། ཞུམ་བུ་སྐས་ལས་བབས་པར་སྤྱན་མིག་མར་ལྟ་མ་བྱེད་ཟེར་བ་དང་། རྟོགས་པ་ལྷ་དང་མཉམ་ཡང་། སྤྱོད་པ་མི་དང་མཐུན་དགོས་ཟེར་བ་ཡང་དོན་དུ་ཀུན་སྤྱོད་སློབ་གསོའི་གལ་ཆེའི་རང་བཞིན་གསལ་བཤད་བྱེད་ཀྱི་ཡོད། ཡ་རབས་མ་རབས་སྤྱོད་པས་ཤེས་ཟེར་བ་ལྟར། ཀུན་སྤྱོད་ནི་མིའི་བཟང་ངན་དང་ལེགས་ཉེས་ཀྱི་འཇལ་བྱེད་ཅིག་ཏུ་གདམས་པ་ཡང་དེའི་རིན་ཐང་དང་གནས་བབ་ལ་ཚད་མཐོའི་གདེང་འཇོག་བྱས་པ་ཁོ་ན་ལགས།
བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་ནི་སློབ་གྲྭ་དང་ཁྱིམ་ཚང་ངམ། དགེ་རྒན་དང་ཁྱིམ་བདག་ཁོ་ནར་བརྟེན་ནས་ཡར་རྒྱས་འགྲོ་བ་ཞིག་མིན་ཏེ། འཚར་ལོངས་ཀྱི་བརྒྱུད་རིམ་དུ་ལོ་ན་རིམ་བཞིན་ཆེ་རུ་འགྲོ་བ་དང་བསྟུན་ནས་རང་འདོམས་རང་གཅུན་གྱི་བསམ་པས་རང་གི་བྱ་སྤྱོད་ལ་རང་གིས་རེ་བ་ནན་པོ་འདོན་པ་དང་ཚོད་འཛིན་ནན་པོ་བྱེད་དགོས་པ་ཞིག་རེད། གཞན་ལ་ལྟ་བའི་མིག་ཡོད་ཀྱང་། རང་ལ་ལྟ་བའི་མེ་ལོང་དགོས་ཞེས་པ་ལྟར། དུས་རྒྱུན་དུ་རང་གི་ཀུན་སྤྱོད་ལ་རང་གིས་བརྟག་དཔྱད་དང་ཞིབ་བཤེར་བྱེད་པའི་གོམས་གཤིས་འཇགས་པར་བྱེད་དགོས། སྤངས་བླངས་འཇུག་ལྡོག་གི་གནས་ལ་རང་གིས་རང་ལ་རེ་བ་ནན་པོ་མ་བཏོན་ཚེ། ལོ་ན་ཕྲ་བའི་དུས་རིམ་དུ་ཕ་མ་དང་དགེ་རྒན་གྱི་བཀའ་ལ་ཉན་སྲིད་མོད། ན་སོ་དར་ལ་བབས་པའི་དུས་སུ་རང་བློ་རང་གིས་གཅུན་པའི་འདུ་ཤེས་མེད་ན། ཕ་མ་དང་དགེ་རྒན་རྟག་ཏུ་རང་གི་འཁྲིས་སུ་ཡོད་མི་སྲིད་པས། ལེ་ལོ་རྣམ་གཡེང་གི་དབང་དུ་སོང་ནས་སྦྱངས་འབྲས་ཇེ་ཞན་དུ་འགྲོ་བ་དང་། དེ་བས་སློབ་ཆེན་སོགས་འགྲིམ་དུས་སུ་སློབ་བྱོལ་ལ་འགྲོ་བ་དང་མི་གང་བྱུང་དང་འབྲེལ་འདྲིས་བྱེད་པ། ཆང་རག་དང་ཐ་མག་གི་དབང་དུ་ཚུད་པ་སོགས་ཚུལ་མིན་སྤྱོད་པར་ཞུགས་ནས་ལོག་ལམ་དུ་མི་འགྲོ་བའི་ངེས་པ་ག་ལ་ཡོད།
སྤྱི་ཚོགས་ཀྱི་ཁོར་ཡུག་ཏུའང་དེ་ལྟར་ཡིན་ཏེ། སྒྲིག་སྲོལ་སྒྲིག་ལམ་མང་དག་ཅིག་ཡོད་རུང་། སྤྱི་ཚོགས་འཚོ་བའི་ནང་ལོ་ཆུང་བྱིས་པར་ཁྲིད་སྟོན་བྱེད་པ་ལྟར་འདི་གྱིས་ཤིག འདི་བྱས་ན་འགྲིག་གི་མ་རེད་ཟེར་བ་སོགས་ཀྱི་བསླབ་འདོམས་བྱེད་མཁན་མེད་ཅིང་། ཡོད་ཚད་རང་གི་རང་འགུལ་གྱི་བསམ་པར་རྟེན་དགོས་པས། རང་ལ་རང་གཅུན་རང་འདོམས་ཀྱི་འདུ་ཤེས་ཟབ་མོ་ཞིག་མེད་ན། ཤེས་ཡོན་གྱི་ཆུ་ཚད་མཐོ་ལ། མིང་གྲགས་ཅན་གྱི་སློབ་ཆེན་ནས་ཐོན་པ་ཞིག་ཡིན་ན་ཡང་། ནོར་འཁྲུལ་མི་ཤོར་བའི་ངེས་པ་མེད། སྤྱི་ཚོགས་གོང་དུ་འཕེལ་བ་དང་བསྟུན་ནས་དྲ་རྒྱའི་རོལ་རྩེད་སོགས་ཀྱི་བསླུ་བྲིད་གསར་པ་གང་སར་གནས་ཡོད། དེ་དག་ལ་བླང་དོར་མ་ཤེས་པར་རང་སྣང་གང་འདོད་བྱས་ན་ཉེས་པ་དང་རྒུད་པའི་མཐའ་ལ་ལྷུང་བའི་དཔེ་མཚོན་མང་པོ་མཐོང་ཆོས་སུ་གྱུར་པ་དང་། དེ་ཡང་རང་གཅུན་རང་འདོམས་མ་ཐུབ་པའམ་དུས་དང་རྣམ་པ་ཀུན་ཏུ་རང་གི་བསམ་བློ་ཀུན་སྤྱོད་སློབ་གསོར་མཐོང་ཆེན་མ་བྱས་པས་ལན་པ་ཡིན། དེས་ན་ཀུན་སྤྱོད་བཟང་པོ་ཡོང་བར་ཆུང་དུས་ཕ་མས་སློབ་གསོ་བསྐྱོན་པ་ལྟར་ཆེན་པོ་ཆགས་རྗེས་ཀྱང་རྟག་ཏུ་རང་གིས་རང་ལ་སློབ་གསོ་རྒྱག་དགོས་ཀྱི་ཡོད།
མདོར་ན། ང་ཚོས་ནམ་རྒྱུན་བྱིས་པ་ནི་མ་འོངས་པའི་རེ་བ་དང་མེས་རྒྱལ་གྱི་མ་འོངས་པའི་བདག་པོ་རེད་ཟེར་བ་ལྟར། ཕྲུ་གུའི་སློབ་གསོར་སྤྱི་སྒེར་ཚང་མས་མཐོང་ཆེན་བྱས་དང་བྱེད་མུས་ལགས་ཤིང་། དེ་ཡང་ནམ་རྒྱུན་ཁ་དཔེར་རྟ་ཞིག་བྱུང་ན་རྟེའུ་ནས་འབྱུང་། མི་ཞིག་བྱུང་ན་ཆུང་ནས་འབྱུང་ཟེར་བ་ལྟར། རང་གཞན་ཚང་མས་ཆུང་དུས་ནས་ཕྲུ་གུའི་སློབ་གསོར་མཐོང་ཆེན་གྱིས་ནུས་ཤུགས་གང་ཡོད་འདོན་དགོས་པ་དང་། སྤྱི་ཚོགས་ཡོངས་ཀྱིས་སློབ་མའི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོའི་ལས་དོན་གཙིགས་ཆེར་བཟུང་སྟེ། ཁོ་ཚོའི་འཚར་ལོངས་ལ་སེམས་ཁུར་དང་དོ་ཁུར་གྱིས་ཁོ་ཚོའི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་སྔར་བས་གོང་མཐོར་འགྲོ་བའི་སླད་དུ་ཀུན་གྱིས་འདོར་ཐབས་མེད་པའི་འགན་འཁྲི་དང་དུ་བླངས་ནས་གཡས་གཞོགས་གཡོན་འདེགས་གནང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ། (ཉིང་ཁྲི་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་བསམ་འདུན་གྱིས)