དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མཐོ་རིམ་སློབ་འབྲིང་དུས་སྐབས་ཀྱི་ཁྱིམ་ཚང་སློབ་གསོའི་གལ་ཆེའི་རང་བཞིན་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-12

    སློབ་གསོའི་གྲུབ་ཆ་མེད་དུ་མི་རུང་བའི་ཁྱིམ་ཚང་སློབ་གསོར་མཚོན་ན། དགེ་རྒན་དང་ཁྱིམ་བདག་ཚང་མར་རྒྱུས་ལོན་ངེས་ཅན་ཡོད། ཁྱིམ་ཚང་ནི་མི་ཚེའི་སློབ་གྲྭ་ཐོག་མ་དེ་ཡིན་ཞིང་། སློབ་གྲྭའི་སློབ་གསོའི་རྨང་གཞི་དང་ཁ་གསབ་གལ་ཆེན་ཞིག་རེད། སློབ་གྲྭ་དང་ཁྱིམ་ཚང་གཉིས་ཕན་ཚུན་གཞོགས་འདེགས་དང་རོགས་རམ་བྱས་ཚེ། སློབ་མ་བདེ་ཐང་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཐུབ། དེར་བརྟེན་སྐབས་འདིར་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ཚོས་མུ་མཐུད་སློབ་མའི་ཁྱིམ་བདག་དང་འབྲེལ་བ་དམ་ཟབ་ཀྱིས་སློབ་གྲྭའི་སློབ་གསོར་དེ་བས་གཞོགས་འདེགས་དམ་ཟབ་སྒོས་སློབ་མའི་ཕྱོགས་ཡོངས་འཚར་ལོངས་ལ་ཞབས་འདེགས་ཞུ་རྒྱུའི་སྐོར་རང་གི་བསམ་ཚུལ་ཙམ་གླེང་བར་བྱ།

    དེ་ཡང་འཇིག་རྟེན་འདིའི་སྟེང་གི་གང་ཟག་སུ་འདྲ་ཞིག་ལ་ཆ་མཚོན་ན་ཡང་། སྤྱི་ཚོགས་ཀྱི་རྩ་འཛུགས་ཆུང་ཤོས་ཏེ་ཁྱིམ་ཚང་ཆེ་ཆུང་གང་རུང་ཞིག་ནས་འཚར་ལོངས་བྱུང་བ་དང་། ཁྱིམ་ཚང་ཞིག་ནས་འཚོ་བར་རོལ་རྗེས་སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་སུ་རྐང་པ་སྤོ་དགོས། དེར་བརྟེན་མི་ཚང་མའི་འཚར་ལོངས་ཀྱི་བརྒྱུད་རིམ་ནས་བརྗོད་ན། ཁྱིམ་ཚང་ནི་སློབ་གྲྭ་དང་པོ་དེ་དང་། ཕ་མ་ནི་དགེ་རྒན་དང་པོ་དེ་ལགས། ཁྱིམ་ཚང་གིས་ཕྲུ་གུའི་གཟུགས་པོའི་འཚར་ལོངས་དང་། ཤེས་བྱ་སློབ་སྦྱོང་། འཇོན་ཐང་གསོ་སྐྱོང་། ཀུན་སྤྱོད་སྐྱེད་སྲིང་། རང་གཤིས་ཆགས་ཚུལ་སོགས་ལ་ཆེས་གལ་ཆེའི་ནུས་པའམ་ཤུགས་རྐྱེན་ཐེབས་བཞིན་ཡོད། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་རྒན་ཡིན་ཕྱིན་ཆད་ཀྱིས་། ངེས་པར་དུ་ཁྱིམ་ཚང་སློབ་གསོའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཡང་དག་དང་ཐོག་མ་ནས་ཁྱིམ་ཚང་སློབ་གསོར་མཐོང་ཆེན་བྱ་དགོས་ཤིང་། སློབ་མ་མི་རེ་ངོ་རེའི་ཁྱིམ་ཚང་གི་གནས་ཚུལ་དང་གྲུབ་ཆ་ཁོང་དུ་ཆུད་པར་བྱས་ནས། སློབ་མའི་ཁྱིམ་ཚང་དང་འབྲེལ་བ་དམ་ཟབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཁྱིམ་ཚང་གི་སློབ་གསོའི་ནུས་པ་འདོན་སྤེལ་གང་ཐུབ་བྱེད་དགོས།

    སྤྱིར་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་སློབ་གྲྭ་ཆུང་བའི་དགེ་རྒན་ཚོས་ལྟོས་བཅས་ཀྱིས་ཁྱིམ་ཚང་སློབ་གསོར་མཐོང་ཆེན་དང་དོ་སྣང་ཆེ་བ་ཡོད་ཅིང་། ཕྲུ་གུ་རྣམས་ལོ་ན་ཕྲ་བས་ཕྱོགས་གང་ཅིའི་ཐད་ནས་ཁྱིམ་བདག་དང་འབྲེལ་བ་དམ་ཟབ་བྱེད་ཀྱི་ཡོད། ཕྲུ་གུ་རིམ་བཞིན་འཚར་ལོངས་བྱུང་བ་དང་བསྟུན་ནས། འཛིན་གྲྭའི་གད་རེས་དང་ཁོར་ཡུག་གཙང་སྦྲ་སོགས་ཁྱིམ་བདག་ཡོང་མི་དགོས་པར་སློབ་མ་རང་གིས་བྱེད་ཐུབ་པས། དགེ་རྒན་གྱིས་དམིགས་བསལ་ཁྱིམ་བདག་སྐད་གཏོང་སྐབས་དང་། ཁྱིམ་བདག་ཚོགས་འདུ་སོགས་ཕུད། ཁྱིམ་བདག་དང་འབྲེལ་བ་བྱེད་ཉུང་དུ་འགྲོ་བ་དང་། ཁྱིམ་བདག་རང་ངོས་ནས་ཀྱང་རང་བཞིན་དུ་ལོ་རིམ་དང་པོ་གཉིས་པ་ལྟར་གྱི་སེམས་ཁྲལ་མི་བྱེད་པས་སློབ་གསོའི་བརྒྱུད་རིམ་དེ་ཡང་ཁྱིམ་ཚང་སློབ་གསོ་ནས་ག་ལེར་སློབ་གྲྭའི་སློབ་གསོར་ཡོངས་སུ་ཕྱོགས་འགྲོ་གི་ཡོད། དེ་ནས་སློབ་མ་རྣམས་དམའ་འབྲིང་དང་མཐོ་འབྲིང་འགྲིམ་སྐབས་སུ་རྫོང་སློབ་འབྲིང་དང་ས་གནས་སློབ་འབྲིང་སོགས་ཕ་ཡུལ་དང་རྒྱང་ཐག་ཆོད་ནས་འགྲོ་དུས། སློབ་དུས་རེའི་ཁྱིམ་བདག་ཚོགས་འདུ་ཕུད་ཁྱིམ་བདག་དང་དགེ་སློབ་དབར་གྱི་འབྲེལ་བ་རང་བཞིན་གྱིས་ཉུང་དུ་སོང་ནས། སློབ་མ་རྣམས་རྦད་དེ་སློབ་གྲྭ་དང་དགེ་རྒན་ལ་རྩིས་སྤྲད་པ་ལྟ་བུའི་སྣང་ཚུལ་མཐོང་རྒྱུ་ཡོད། གཅིག་ནས་སློབ་མ་རྣམས་ག་ལེར་རང་མགོ་ཐོན་པ་དང་། གཉིས་ནས་སློབ་གྲྭ་དང་ཁྱིམ་ཚང་གི་བར་ཐག་རྒྱང་བའི་རྐྱེན་གྱིས་རེད། སྐབས་དེར་དགེ་རྒན་གྱིས་སློབ་འབྲིང་སློབ་མའི་འཚར་ལོངས་ཀྱི་ཁྱད་ཆོས་ལ་གཞིགས་ནས་མུ་མཐུད་སློབ་མའི་ཁྱིམ་བདག་དང་འབྲེལ་བ་དམ་ཟབ་ཀྱིས་སློབ་མའི་ཁྱིམ་བདག་ལ་སྔར་ལས་ལྷག་པའི་སྒོ་ནས་སློབ་མའི་འཚར་ལོངས་ལ་དོ་ཁུར་བྱེད་དགོས་པའི་ཁྲིད་སྟོན་བྱེད་དགོས།

    སློབ་གསོའི་ལས་དོན་ནང་ཁྱིམ་ཚང་གི་སློབ་གསོའི་ནུས་པ་གང་ལེགས་ཐོན་མིན་དེ་ཕྲུ་གུའི་འཚར་ལོངས་ལ་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། ཁྱིམ་ཚང་གི་དར་རྒུད་དང་། སྤྱི་ཚོགས་ཀྱི་དུས་བདེ་ལྷིང་འཇགས། མི་རིགས་ཀྱི་འཕེལ་རྒྱས་ལ་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅིང་། བཅའ་ཁྲིམས་དང་སྤྱི་ཚོགས་ཀྱི་གླེང་ཕྱོགས་བརྒྱུད་ནས་ཁྱིམ་བདག་གིས་ཕྲུ་གུའི་སློབ་གསོ་ཚད་ལྡན་ཡོང་གང་ཐུབ་བྱེད་པ་དང་། ཕྲུ་གུ་ཉེས་ན། ཕ་མའི་སྐྱོན་ཞེས་ཕ་མ་དང་དགེ་རྒན་གྱི་མི་རབས་རྗེས་མར་སློབ་གསོ་གཏོང་བའི་ནུས་པ་གཅིག་མཚུངས་སུ་གླེང་ཡོད་པ་ལས། དགེ་རྒན་གཅིག་པུའི་འགན་འཁྲི་ཡིན་པའམ་ཕ་མར་འགན་འཁྲི་མེད་པའི་གཏན་ཚིགས་བཞག་མེད། དེར་བརྟེན་སློབ་གྲྭར་གཞོགས་འདེགས་དམ་ཟབ་ཀྱིས། ཕྲུ་གུའི་ཀུན་སྤྱོད་དང་། ཤེས་ཡོན། གཟུགས་པོ། མཛེས་དཔྱོད་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཆེད་དོ་ཁུར་རྒྱ་ཁྱབ་བྱེད་དགོས། དེ་བས་མཐོ་རིམ་སློབ་འབྲིང་གི་སློབ་མ་ལྟ་བུར་མཚོན་ན། ལུས་སེམས་གཉིས་ཀྱི་འཚར་ལོངས་ནི་ཆེས་གལ་ཆེའི་དུས་སྐབས་སུ་སླེབས་པ་དང་། སློབ་སྦྱོང་གི་གནོན་ཤུགས་ཆེ་ཤོས་ཀྱི་དུས་སུ་སླེབས་པ། སློབ་མ་རང་ངོས་ལ་རིན་ཐང་གི་ལྟ་བ་དང་འཇིག་རྟེན་གྱི་ལྟ་བ་ངེས་ཅན་ཞིག་གྲུབ་ཟིན་པས། དུས་དང་རྣམ་པ་ཀུན་ཏུ་དགེ་རྒན་དང་ཁྱིམ་བདག་གིས་དུས་རིམ་མི་འདྲ་བའི་སློབ་མའི་འཚར་ལོངས་ལ་ལྟ་ཞིབ་དང་དོ་ཁུར་བྱས་ནས། དུས་བསྟུན་སློབ་གསོ་སྐྱོན་བཅོས་ཐུབ་པ་དགོས་གལ་ཆེ།

    ཁྱིམ་བདག་མང་པོ་ཞིག་གི་སྣང་བར་ཕྲུ་གུའི་ལུས་སེམས་བདེ་ཐང་ལ་དོ་ཁུར་བྱེད་རྒྱུ་དེ་སློབ་ཆུང་ངམ་ལོ་ན་ཕྲ་བའི་སྐབས་ཙམ་རེད་སྙམ་མོད། སློབ་ཆུང་ནས་དམའ་འབྲིང་དང་། དམའ་འབྲིང་ནས་མཐོ་འབྲིང་། མཐོ་འབྲིང་ནས་སློབ་ཆེན་གྱི་སྐབས་ཚང་མར་ཕྲུ་གུའི་ལུས་སེམས་བདེ་ཐང་ལ་དོ་ཁུར་བྱ་དགོས། དེ་ཡང་དགེ་རྒན་གྱིས་གནས་སྐབས་ཕྲུ་གུ་སོ་སོའི་འཚར་ལོངས་ཀྱི་གནས་ཚུལ་སྐབས་འཕྲལ་དུ་ཁྱིམ་བདག་ལ་སྙན་སེང་དང་བསམ་ཚུལ་བརྗེ་རེས་བྱེད་དགོས། དེ་ཡང་བདེ་ཐང་གི་ལུས་པོ་ཡོད་ན་གཞི་ནས་བྱ་བ་ཚང་མར་བློ་བདེ་པོས་ཞུགས་ཆོག་པ་དང་། དེ་ནི་ཕ་མས་ཕྲུ་གུའི་ཟས་སྡོད་སྤྱོད་ཚང་མར་དོ་ཁུར་བྱེད་པ་ནས་འགོ་བཙུགས་ཏེ་གཟུགས་པོ་འཚར་ལོངས་ཀྱི་བརྒྱུད་རིམ་དང་འཚམ་པའི་འཚོ་བཅུད་སྟེར་བ་དང་། ན་སོ་རིམ་བཞིན་འཚར་བ་དང་བསྟུན་ནས་ཕྲུ་གུའི་སེམས་ཁམས་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁྲིད་སྟོན་བྱ་རྒྱུ་ཡིན། ལྷག་པར་དུ་ཆུང་དུས་ནས་འགོ་བཙུགས་ཏེ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། དེ་ཡང་གཏམ་དཔེར། རྟ་ཞིག་བྱུང་ན་རྟེའུ་ནས་བྱུང་། མི་ཞིག་བྱུང་ན་ཆུང་ནས་བྱུང་ཟེར་བ་ལྟར་རོ།

    དགེ་རྒན་གྱིས་ཀྱང་གནས་ཚུལ་གང་ཞིག་མ་ལྷགས་ན་ཕྲུ་གུའི་ཁྱིམ་བདག་ལ་འབྲེལ་བ་བྱེད་པའི་དགོས་པ་ཆེར་མེད་སྙམ་མི་རུང་། ཕྲུ་གུའི་ཕ་མས་ཕྲུ་གུར་ཆུང་དུས་ནས་གོམས་གཤིས་བཟང་པོ་འཇགས་པར་བྱེད་དགོས་པ་སྟེ། གོམས་ན་སླ་བར་མི་འགྱུར་བའི། ཆོས་ནི་འགའ་ཡང་ཡོད་མ་ཡིན་ཞེས་པ་ལྟར་བཟང་ངན་གང་ཡིན་ཡང་གོམས་ན་རྒྱུད་ལ་འཇགས་སླ། དེར་བརྟེན་ཕ་མས་ཕྲུ་གུའི་གོམས་གཤིས་ངན་པའི་རིགས་དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས་པ་དང་། འགྲོ་འདུག་སྤྱོད་གསུམ་ལ་ཆུང་དུས་ནས་གོམས་གཤིས་བཟང་པོ་འཇགས་པར་འབད་དགོས། ལོ་ན་ཇི་ཙམ་ཆུང་ན་གོམས་གཤིས་ཀྱང་དེ་ཙམ་གྱིས་འཇགས་སླ་བ་ཡོད་པས། འཚོ་བའི་གོམས་གཤིས་དང་། འཕྲོད་བསྟེན་གོམས་གཤིས། ཡ་རབས་གུས་ཞབས་ཀྱི་གོམས་གཤིས། ངལ་རྩོལ་གོམས་གཤིས། སློབ་སྦྱོང་གི་གོམས་གཤིས་སོགས་གོམས་གཤིས་བཟང་པོ་འཇགས་པར་འབད་དགོས། དགེ་རྒན་གྱིས་ཀྱང་དུས་དང་རྣམ་པ་ཀུན་ཏུ་ཕྲུ་གུའི་ཁྱིམ་བདག་དང་འབྲེལ་བ་མ་ཆད་པར་བྱས་ཏེ། སློབ་གྲྭ་དང་ཁྱིམ་ཚང་སྟེ་དགེ་རྒན་དང་ཁྱིམ་བདག་ལག་གདང་དཔུང་སྦྲེལ་གྱིས་ཕྲུ་གུའི་སློབ་གསོ་བདེ་ཐང་དང་སྐྱོན་བྲལ་ཡོང་བར་འབད་དགོས།

    མདོར་ན། མཐོ་རིམ་སློབ་འབྲིང་དུས་སྐབས་ཀྱི་ཁྱིམ་ཚང་སློབ་གསོར་མཚོན་ན། དགེ་རྒན་གྱིས་ཁྱིམ་བདག་ལ་སྔར་ལས་ལྷག་པའི་ཁྲིད་སྟོན་དང་བླང་བྱ་འདོན་རྒྱུ་ནི་གལ་འགངས་ཆེ་ཤོས་ཡིན། ཁྱིམ་བདག་གིས་དགེ་རྒན་དང་འབྲེལ་བ་དམ་ཟབ་ཀྱིས་དགེ་རྒན་གྱི་ཁྲིད་སྟོན་དང་བླང་བྱ་གཞིར་བཟུང་། དུས་མཚམས་མི་འདྲ་བའི་ཕྲུ་གུའི་འཚར་ལོངས་ཀྱི་ཁྱད་ཆོས་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ། ཁྱིམ་ཚང་སློབ་གསོའི་གལ་ཆེའི་རང་བཞིན་ལ་མུ་མཐུད་མཐོང་ཆེན་གྱིས། ཕྲུ་གུའི་ཟས་གོས་དང་སློབ་སྦྱོང་ཙམ་མ་ཟད། རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་དང་སྒྲིག་འཁུར་ཁྲིམས་སྲུང་གི་འདུ་ཤེས་གསོ་སྐྱོང་བྱེད་རྒྱུར་སྣང་ཆེན་བྱས་ནས། སློབ་གྲྭར་གཞོགས་འདེགས་ཧུར་ཐག་བྱས་ཏེ། སློབ་གྲྭ་དང་མཉམ་དུ་ཕྲུ་གུའི་འཚར་ལོངས་ལ་ནུས་ཤུགས་བཏོན་ཚེ། ཕྲུ་གུ་བདེ་ཐང་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་རེད། 

    (ཉིང་ཁྲི་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་བསམ་འདུན)

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།