དམའ་འབྲིང་གི་དུས་སྐབས་ནི་སློབ་མ་རྣམས་རིམ་བཞིན་རྩོམ་རིག་ལ་འཇུག་པའི་སྒོ་ཟིན་པ་དང་། རྩོམ་རིག་ལ་རྒྱུས་མངའ་དང་ཤེས་རྟོགས་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཡིན། དེའི་ཕྱིར་དམའ་འབྲིང་གི་སྐབས་འདིར་སློབ་མ་ཚོར་སློབ་ཕྱིའི་རྩོམ་རིག་ལ་ལྟ་ཀློག་བྱེད་པའི་གོམས་གཤིས་གསོ་སྐྱོང་བྱེད་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ་བར་མཐོང་། སློབ་མའི་རྩོམ་འབྲིའི་ནུས་པ་ཇེ་ཆེར་གཏོང་བ་ནི་དམའ་འབྲིང་སློབ་ཁྲིད་ཀྱི་གལ་འགངས་ཆེ་བའི་ནང་དོན་ཞིག་ཡིན་ལ། སློབ་མའི་རྩོམ་འབྲིའི་དགའ་ཞེན་གསོ་སྐྱོང་དང་། གནའ་དེང་གི་རྩོམ་རིག་ཤེས་བྱར་ལྟ་ཀློག་བྱེད་པའི་གོམས་གཤིས་གསོ་སྐྱོང་བྱེད་པའི་རྨང་གཞིའང་ཡིན། རྩོམ་འབྲིའི་ནུས་པ་ལ་བརྟེན་ནས་སློབ་མས་ཐ་སྙད་གསར་པ་གསོག་འཇོག་ཐུབ་པ་དང་། བརྡ་སྤྲོད་ཀྱི་རྨང་གཞི་སྲ་བརྟན་གཏོང་ཐུབ་པ། བརྡ་དང་ཐ་སྙད་ཀྱི་བེད་སྤྱོད་རིན་ཐང་རྟོགས་ནུས་པ་སོགས་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ལྡན་ཡོད། སློབ་མ་ཞིག་ལ་མཚོན་ན་རྩོམ་ཡིག་གི་སྤུས་ཚད་ལས་སློབ་མ་དེའི་བརྡ་སྤྲོད་ཀྱི་རྨང་གཞི་དང་། དག་ཆའི་སྤུས་ཚད། ཐ་སྙད་ཀྱི་མང་ཉུང་རྣམས་རྟོགས་ཐུབ་པ་ཡིན་ལ། སློབ་མ་གང་ཞིག་གི་རྩོམ་ཡིག་ནི་སློབ་མ་དེའི་སྐད་ཡིག་ཆུ་ཚད་ལེགས་ཞན་གྱི་གཞི་འཛིན་ས་ལྟ་བུའང་ཡིན།
དང་པོ། སློབ་ཁྲིད་ཁྲོད་དུ་སློབ་མའི་རྩོམ་འབྲིའི་ནུས་པ་ཆེ་རུ་གཏོང་དགོས།
དམའ་འབྲིང་གི་སྐད་ཡིག་བསླབ་གཞིའི་ནང་དོན་བལྟོས་བཅས་ཀྱིས་གོ་བ་ལེན་སླ་བ་སྟེ། དམའ་འབྲིང་སྐབས་འདིར་སློབ་མར་ཆ་རྒྱུས་མེད་པའི་ཐ་སྙད་གསར་པ་འཕྲད་པའི་གྲངས་ཚད་སློབ་ཆུང་ལས་ཉུང་བ་ཡོད་ཅིང་། སློབ་ཚན་མང་ཆེ་བ་རང་ཉིད་ཀྱིས་ཕལ་ཆེར་གོ་བ་ལོན་ཐུབ་པའི་ཆུ་ཚད་དུ་སླེབས་ཡོད། སྐབས་འདིར་ང་ཚོ་དགེ་རྒན་གྱིས་སློབ་མ་རྣམས་ལ་གྲགས་རྩོམ་ལྟ་ཀློག་དང་གནའ་དེང་གི་ཕུལ་བྱུང་སྙན་ངག་བློར་འཛིན་དགོས་པའི་རེ་བ་བཏོན་ན་སློབ་མའི་རྩོམ་འབྲིའི་ནུས་པར་ཕན་ཐོགས་ཧ་ཅང་ཆེ། དེས་སློབ་མའི་ཚིག་སྦྱོར་གྱི་ཆུ་ཚད་ཀྱང་གོང་མཐོར་གཏོང་ནུས།
རྩོམ་འབྲི་བར་མཚོན་ན། སློབ་མ་ཁ་ཤས་ལ་ལྷན་སྐྱེས་ཀྱི་རྩོམ་འབྲིའི་ནུས་པ་ལྡན་པ་དང་། སྐད་ཡིག་གི་བག་ཆགས་བཟང་བའི་རང་བཞིན་ལྡན་ཅིང་། དཔེ་ཀློག་ཤེས་རྟོགས་ཀྱི་ལེགས་ཆ་ཆེན་པོའང་ལྡན་ཡོད། དེའི་ཕྱིར་སྤྱིར་བཏང་གི་རྩོམ་ཡིག་ཅིག་འབྲི་བར་དཀའ་ཁག་ཅི་ཡང་མེད། འོན་ཀྱང་སློབ་མ་འགའ་རེ་སྐད་ཡིག་གི་ལྷན་སྐྱེས་ནུས་པ་ཅུང་ཞན་པའམ། ཡང་ན་སྐད་ཡིག་སློབ་སྦྱོང་ལ་དོ་སྣང་ཞན་པ་དང་། རྩོམ་འབྲིའི་ཕུགས་བསམ་དེ་ཙམ་མེད་པའི་རྐྱེན་གྱིས། སྐད་ཡིག་གི་སྦྱངས་འབྲས་དང་རྩོམ་འབྲིའི་ནུས་པ་སློབ་མ་གཞན་དག་ལས་ཞན་པ་ཡོད། གལ་ཏེ་སློབ་མ་འདི་དག་གི་སླད་ཕྱིན་གྱི་རྩོམ་འབྲིའི་ནུས་པ་ལ་དོ་སྣང་མ་བྱས་ན། རྗེས་སུ་སྐད་ཡིག་སྦྱོང་སྤྱོད་དང་། རྩོམ་རིག་གི་རྨང་གཞི་སོགས་ལ་འགོག་རྐྱེན་ངེས་ཅན་ཞིག་ཐེབས་སྲིད་པས། དེར་བརྟེན་ངེས་པར་དུ་དམའ་འབྲིང་གི་སྐད་ཡིག་སློབ་ཁྲིད་ཁྲོད་དུ་སློབ་མར་རྩོམ་འབྲི་བའི་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་སློང་དང་། རྩོམ་འབྲིའི་ནུས་པ་གསོ་སྦྱོང་བྱེད་དགོས་ཤིང་། དེ་ནི་སློབ་མའི་སྐད་ཡིག་གི་སྦྱངས་འབྲས་ལེགས་སུ་གཏོང་རྒྱུ་དང་། སློབ་མའི་སྐད་ཡིག་གི་བྱང་ཚད་གོང་མཐོར་གཏོང་བའི་ཆ་རྐྱེན་གལ་ཆེན་ཞིག་ཡིན།
གཉིས་པ། སློབ་མའི་རྩོམ་འབྲིའི་ནུས་པ་སྦྱོང་བརྡར་བྱེད་པའི་བྱེད་ཐབས་ནུས་ལྡན་སྤྱོད་དགོས།
རྩོམ་ཡིག་འབྲི་བ་ནི་སློབ་མའི་སྐད་ཡིག་ནུས་པ་གསོ་སྐྱོང་བྱེད་པའི་ཐབས་ཤིག་ཡིན་པས། རྩོམ་འབྲིའི་ལམ་ནས་རྩོམ་པ་པོའི་བསམ་ཚུལ་མཚོན་ཐུབ་པ་མ་ཟད། རྩོམ་པ་པོས་རྩོམ་ཡིག་ལ་བརྟེན་ནས་རང་གི་དགའ་སྐྱོ་ཆགས་སྡང་རྣམས་གནད་ལ་འཁེལ་ཞིང་འཕྱུགས་པ་མེད་པའི་སྒོ་ནས་མཚོན་ཐབས་ཀྱང་བྱེད་ཀྱི་ཡོད། བྱ་དངོས་གང་ཞིག་ལའང་མི་སོ་སོའི་ལྟ་ཚུལ་མི་འདྲ་ཞིང་། མི་སོ་སོས་བྱ་དངོས་གང་ལ་འཛིན་པའི་བརྩེ་དུང་ལ་ཡང་ཁྱད་པར་ཆེན་པོ་ཡོད། དེར་བརྟེན་དམའ་འབྲིང་གི་སྐད་ཡིག་སློབ་ཁྲིད་ཁྲོད་དུ་སློབ་མའི་རྩོམ་འབྲིའི་ནུས་པར་སྦྱོང་བརྡར་གཏོང་རྒྱུ་འདི་གལ་ཆེན་ཞིག་ཡིན། དམའ་འབྲིང་སྐད་ཡིག་དགེ་རྒན་གྱིས་སློབ་ཚན་ཐོག་སློབ་མའི་རྩོམ་ཡིག་ལ་འདེང་འཇོག་དང་། ཁྲིད་སྟོན། སློབ་མ་སོ་སོའི་ལྟ་ཚུལ་གླེང་དུ་འཇུག་པ་སོགས་བྱེད་དགོས།
སྐད་ཡིག་དགེ་རྒན་ནི་རྩོམ་རིག་དང་སློབ་མའི་བར་གྱི་སྦྲེལ་མཐུད་བྱ་མཁན་ཞིག་ཡིན་པས། དགེ་རྒན་གྱིས་ངེས་པར་དུ་རང་ཉིད་སློབ་མའི་རྩོམ་འབྲིའི་མཛུབ་སྟོན་མཁན་དང་རོགས་རམ་མཁན་ལེགས་པོ་ཞིག་ཏུ་འགྱུར་བ་བྱ་དགོས། སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ་སྐད་ཡིག་དགེ་རྒན་གྱིས་སློབ་མར་ལུགས་མཐུན་གྱི་ཁྲིད་སྟོན་བྱེད་ཤེས་པ་དགོས་ཏེ། རྩོམ་ཡིག་གི་ཁ་བྱང་གཅིག་ནའང་། སློབ་མ་རེ་རེས་རང་གི་བསམ་ཚུལ་མི་འདྲ་བ་རེ་བྲིས་ཡོང་དུས། སྐབས་རེ་བསམ་ཚུལ་དེ་དག་གི་ཁྲོད་དུ་རྩོམ་ཡིག་གི་བླང་བྱ་དང་ཁ་བྲལ་བའང་ཡོང་སྲིད་པས། སྐབས་དེར། དགེ་རྒན་གྱིས་སློབ་མ་རྣམས་ལ་གཟབ་ནན་གྱིས་སློབ་སྟོན་བྱས་ཏེ། སློབ་མ་རྣམས་ལ་རྩོམ་ཡིག་དེའི་ཁ་བྱང་ལ་འགྲེལ་བཤད་གསལ་པོ་དང་། རང་གིས་དཔེ་མཚོན་གྱི་རྩོམ་འབྲིའི་བྱ་ཐབས་སློབ་སྟོན་བྱེད་དགོས། དཔེར་ན། ཕ་མའི་དྲིན་ཚོར་གྱི་རྩོམ་ཡིག་ཅིག་འབྲི་སྐབས། ཐོག་མར་དགེ་རྒན་གྱིས་སློབ་མར་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་ཕ་མས་བུ་ཕྲུག་ལ་བྱམས་སྐྱོང་བྱེད་ལུགས་དང་། བུ་ཕྲུག་གི་ཆེད་དུ་དཀའ་ངལ་བསྐྱོན་ལུགས་སོགས་མདོ་ཙམ་ཞིག་གླེང་ནས། སློབ་མ་རྣམས་ལ་ད་ལྟའི་ལོ་ཚོད་འདིར་བྱ་བ་ཅི་ཞིག་བསྒྲུབ་ནས་ཕ་མར་དྲིན་ལན་འཇལ་དགོས་པར་མནོ་བསམ་གཏོང་དུ་འཇུག་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་སློབ་མར་ཕ་མའི་བརྩེ་བ་ཚོར་དུ་འཇུག་པ་དང་། སློབ་མས་ཕ་མ་ལ་བཅངས་པའི་ཆེས་ལྷད་མེད་ཀྱི་བརྩེ་སེམས་གླེང་དུ་བཅུག་སྟེ། སློབ་མའི་བསམ་ཚུལ་ལ་བསྟོད་བསྔགས་དང་སྐུལ་ལྕག་བྱེད་དགོས།
གསུམ་པ། སློབ་མའི་དཔེ་ཀློག་ལ་སྐུལ་འདེད་བཏང་ནས་རྩོམ་འབྲིའི་རྒྱུ་ཆ་གསོག་འཇོག་བྱེད་དུ་འཇུག་དགོས།
དམའ་འབྲིང་སློབ་མའི་སློབ་སྦྱོང་གི་དཀའ་ངལ་དེ་མཐོ་འབྲིང་དང་བསྡུར་ན་ཅུང་ཟད་ཆུང་བ་དང་། དམའ་འབྲིང་སློབ་མའི་སློབ་གསེང་གི་དུས་ཚོད་ཀྱང་ཅུང་མང་བས། དེར་བརྟེན། དམའ་འབྲིང་སློབ་མར་སློབ་ཕྱིའི་དཔེ་དེབ་ལྟ་ཀློག་བྱེད་པའི་དུས་ཚོད་འདང་ངེས་ཤིག་ཡོད། དཔེ་ཀློག་ནི་སློབ་མའི་ཤེས་རྒྱ་དང་མཐོང་རྒྱ་ཆེ་རུ་གཏོང་ཆེད་ཀྱི་བྱ་ཐབས་ནུས་ལྡན་ཞིག་ཡིན་ལ། སློབ་མས་ཐ་སྙད་དང་ཚིག་སྦྱོར་གསོག་འཇོག་བྱེད་པའི་སློབ་སྦྱོང་གི་ཐབས་ཤེས་གལ་ཆེན་ཞིག་ཀྱང་ཡིན། དེས་ན་དགེ་རྒན་གྱིས་ཞར་དང་ཞོར་དུ་སློབ་མར་དཔེ་ཀློག་བྱེད་དགོས་པའི་བླང་བྱ་འདོན་དགོས།
བཀླག་བྱའི་དཔེ་དེབ་ནི་སློབ་གྲྭས་གཅིག་གྱུར་ཐོག་པར་འགྲེམས་བྱས་པའི་སློབ་དེབ་དང་ཚགས་པར་སོགས་གང་རུང་ཡིན་ཆོག་ལ། སློབ་མས་རང་གི་དགའ་ཕྱོགས་བཞིན་གདམ་ག་བྱས་པའི་དཔེ་དེབ་ཅིག་ཀྱང་ཡིན་ཆོག སློབ་མའི་དཔེ་ཀློག་གི་ཧུར་སེམས་ཞན་པའི་སྐབས། དགེ་རྒན་གྱིས་ཞིབ་ཕྲའི་སྒོ་ནས་དེའི་རྒྱུ་མཚན་རྒྱུས་ལོན་བྱས་ནས། སློབ་མའི་དཔེ་ཀློག་གི་ལྟ་ཚུལ་དང་མྱོང་ཚོར་ལ་གཞིགས་ཏེ། སློབ་མ་སོ་སོར་འཚམས་པའི་ཀློག་དེབ་དང་རྒྱུ་ཆ་བཙལ་ནས་མཁོ་འདོན་བྱེད་དགོས། དེ་ལྟར་རིམ་བཞིན་སློབ་མ་ཚོར་ཉིན་རེར་དཔེ་ཀློག་བྱེད་ཚད་མང་དུ་གཏོང་བའི་བླང་བྱ་འདོན་དགོས་པ་དང་། དཔེ་ཀློག་ཁྲོད་གལ་ཆེ་ཤོས་ནི་རྩོམ་འབྲི་བར་མཁོ་བའི་རྒྱུ་ཆ་དང་ཐ་སྙད་གསོག་འཇོག་བྱེད་རྒྱུ་དེ་ཡིན་པ་ཤེས་སུ་འཇུག་དགོས།
དགེ་རྒན་གྱིས་སློབ་མའི་དཔེ་ཀློག་ནུས་པ་སྐྱེད་བསྲིང་བྱེད་པ་དང་ཆབས་ཅིག་སློབ་ཁྲིད་ཁྲོད་དུ་སྙན་འཇེབས་ལྡན་པའི་ཚིག་སྦྱོར་དང་། སྤྱོད་མཁོ་ཅུང་ཆེ་བའི་ཚིག་དུམ་རྣམས་དུས་ཐོག་ཏུ་སློབ་མར་ཟིན་བྲིས་བྱེད་དུ་འཇུག་དགོས། དཔེ་ཀློག་ཁྲོད་གསོག་འཇོག་བྱས་པའི་རྒྱུ་ཆ་ཡིས་དམའ་འབྲིང་སློབ་མར་རྩོམ་འབྲི་བའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་རྒྱུར་ནུས་པ་ཆེན་པོ་ཐོན་ཐུབ། ཉིན་གསོག་ཟླ་གསོག་གི་ཤེས་བྱ་དེ་དག་རིམ་བཞིན་རུས་ཁྲག་ཏུ་གྱུར་ནས་དམའ་འབྲིང་སློབ་མའི་ལུས་ཕུང་དང་འདྲེས་ཏེ་ཁོ་ཚོ་རང་ཉིད་ལ་ཡོད་པའི་དངོས་པོ་ཞིག་ཏུ་འགྱུར་སྲིད། །
མདོར་ན། སློབ་མའི་རྩོམ་འབྲིའི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ཡང་སྤྱི་ཚོགས་ཐོག་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་གལ་ཆེའི་གནད་དོན་ཞིག་ཡིན་པས། དེར་བརྟེན་ངེས་པར་དུ་དམའ་འབྲིང་དགེ་རྒན་གྱིས་སྐད་ཡིག་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ། སློབ་མའི་རྩོམ་འབྲིའི་ནུས་པ་སྦྱོང་བརྡར་ལ་མཐོང་ཆེན་གྱིས་སློབ་མའི་ཕུལ་བྱུང་གི་རྩོམ་ཡིག་དག་དུས་དེབ་དང་ཚགས་པར་སོགས་ཀྱི་ཐོག་ཏུ་འགོད་རྒྱུར་རོགས་རམ་དང་རྒྱབ་སྐྱོར་བྱེད་དགོས། དེ་ལྟར་བྱས་ན་སློབ་མའི་རྩོམ་འབྲིའི་ཧུར་སེམས་རང་ཤུགས་སུ་འཕེལ་བ་གདོན་མི་ཟའོ།
(གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་སློབ་འབྲིང་གི་བུ་ཆུང)