དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རྒྱུགས་ཤོག་བཅོས་རྒྱག་སྐབས་དོ་སྣང་བྱེད་དགོས་པའི་སྐོར་ཅུང་ཟད་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-05

    རྒྱུགས་ཤོག་ནི་ཡིག་རྒྱུགས་འདོན་མཁན་དང་། ཡིག་རྒྱུགས་སྤྲོད་མཁན། ཡིག་རྒྱུགས་བཅོས་མཁན་བཅས་གསུམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཤེས་ཚད་ལ་རྟོག་ཞིབ་བྱེད་པའི་གལ་ཆེའི་ལག་ཆ་ཞིག་རེད། དེ་ཡང་དང་ཐོག་ཡིག་རྒྱུགས་འདོན་མཁན་ལ་རིག་ཚན་གང་དེའི་ཤེས་བྱའི་གནས་ཚད་མཐོན་པོ་ལྡན་དགོས་པ་སྨྲ་མི་དགོས་ཤིང་། ཕྱོཌ་གང་ས་ཅི་ཐད་ནས་བསམ་བློ་གཏོང་ཤེས་མཁན་ཞིག་དང་ཡིག་རྒྱུགས་སྤྲོད་མཁན་གྱི་མི་སྣའི་ཆུ་ཚད་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་དགོས། བཏོན་ཟིན་པའི་རྒྱུགས་ཤོག་དེ་ནི་ཡིག་རྒྱུགས་སྤྲོད་མཁན་གྱི་མི་སྣའི་དངོས་ཡོད་ཀྱི་ཤེས་བྱའི་གནས་ཚད་དང་བསམ་བློའི་གནས་ཚད་ཅི་འདྲ་ཞིག་ལ་སླེབས་ཡོད་མེད་རྟོགས་ཐུབ་པའི་རྒྱུགས་ཤོག་ཅིག་ཡིན་པ་བྱེད་དགོས། གུས་མོས་བསམས་ན་འདི་དག་ནི་ཡིག་རྒྱུགས་མ་བཏོན་གོང་གི་སྔོན་འགྲོའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་རེད་སྙམ། 

    རྒྱུགས་ཤོག་བཅོས་རྒྱག་སྐབས་སུ་སློབ་གྲྭའི་འགན་ཁུར་མི་སྣས་སློབ་གྲྭའི་དགེ་རྒན་ཁྲོད་ནས་བལྟོས་བཅས་ཀྱིས་སློབ་ཁྲིད་ཀྱི་ཉམས་མྱོང་ཆེ་བ་དང་། ཡོན་ཚད་མཐོ་བ། འགན་སེམས་ཆེ་བའི་དགེ་རྒན་འདེམས་རྒྱུ་གལ་ཆེ་ཞིང་། འཆར་གཞི་གང་ཡང་མེད་པར་སུ་བྱུང་བྱུང་གིས་ཡིག་རྒྱུགས་འདོན་མི་རུང་ལ། གང་དྲན་དྲན་གྱིས་རྒྱུགས་ཤོག་བཅོས་མི་རུང་། དེར་བརྟེན་ལས་དོན་དེའི་ཆེད་ལས་རང་བཞིན་དང་དམིགས་སའི་རང་བཞིན་ལ་གཞིགས་ནས་ཡིན་གཅིག་དགེ་རྒན་ལེགས་གྲས་མངགས་དགོས་པའི་རེ་བ་ནན་པོ་འདོན་དགོས། དེ་རྗེས་རྒྱུགས་ཤོག་བཅོས་རྒྱག་པར་ཞུགས་མཁན་གྱི་མི་སྣ་འདུ་འཛོམས་བྱུང་རྗེས། འགན་ཁུར་མི་སྣས་བཅོས་རྒྱག་མཁན་ཚོར་རྒྱུགས་ཤོག་སྟོང་པ་རེ་སྤྲད་ནས་ཁོ་ཚོར་ཡིག་རྒྱུགས་གཏོང་བ་ལྟ་བུའི་སྒོ་ནས་ཐེངས་གཅིག་འབྲི་རུ་འཇུག་དགོས་པ་དང་། བྲིས་ཟིན་རྗེས་ཚང་མ་མཉམ་དུ་བཅོས་དགོས་པ། དྲིས་ལན་མི་འདྲ་བ་སྣ་ཚོགས་བྱུང་ཚེ། དེ་དག་ལ་མཉམ་རུབ་ཀྱིས་གང་ཞིག་ཡང་དག་མིན་དང་། ཚད་ལྡན་ཡིན་མིན། སྐར་མ་སྤྲོད་སྟངས་སོགས་ལ་གྲོས་བསྡུར་བྱས་ནས་ཡང་དག་ཤོས་ཀྱི་ཚད་ལ་སླེབས་ཐུབ་པ་བྱེད་དགོས།

    དེ་ཡང་ཞིབ་ཕྲའི་ལས་དོན་ཐད་རྒྱུགས་ཤོག་བཅོས་མཁན་གཅིག་གིས་རྒྱུགས་ཤོག་ཆ་ཚང་བཅོས་མི་རུང་ཞིང་། འགན་ཁུར་མི་སྣས་བཅོས་མཁན་སོ་སོའི་ཐུན་མིན་ཀྱི་ཁྱད་ཆོས་ལ་དམིགས་ནས་འདྲི་གཞི་བགོ་བཤའ་རྒྱག་དགོས་པ་དང་། དཀའ་སླ་སྙོམས་པོ་དང་། མང་ཉུང་སྙོམས་པོ། བཅོས་མཁན་གང་ཞིག་འདྲི་གཞི་གང་ལ་འཚམ་མིན་ལེགས་པར་བརྟག་ནས་གང་ལ་དེ་འཚམས་ཀྱིས་བགོ་བཤའ་རྒྱག་དགོས། དེས་མ་ཚད་བཅོས་མཁན་གྱིས་འདྲི་གཞི་གང་ཞིག་བཅོས་ཡོད་མེད་དེ་རྒྱུགས་ཤོག་གི་ཟུར་སྟོང་དུ་ངེས་པར་དུ་མཆན་འགོད་བྱ་རུ་འཇུག་དགོས་ལ། ཕྱིན་ཆད་གནས་ཚུལ་ལྷག་ཚེ་འདྲི་རྩད་བྱེད་བདེ་བ་ཡོང་བའི་ཁག་ཐེག་བྱ་ཐུབ།

    རྒྱུགས་ཤོག་བཅོས་རྒྱག་པའི་དུས་ཚོད་རིང་ཙམ་སྤྲོད་དགོས་པ་ལས་ཆུ་ཚོད་དང་ཉིན་གྲངས་དེའི་ནང་ཚར་བ་བྱེད་དགོས་པའི་རེ་བ་འདོན་མི་རུང་། དེ་ལྟར་བྱས་ཚེ་རྒྱུགས་ཤོག་བཅོས་པའི་སྤུས་ཚད་ལ་སྐྱོན་ཡོང་བར་ངེས་པས། དུས་ཚོད་འདང་ངེས་ཡོད་པ་བྱ་རྒྱུ་གལ་ཆེ། བཅོས་པའི་སྐབས་སུ་དཀའ་གནད་འཕྲད་ཚེ་ངེས་པར་དུ་འགན་འཁུར་མི་སྣར་དགོངས་སྐོར་ཞུ་དགོས་པ་མ་ཟད། དཀའ་གནད་དེ་དག་ལ་བཅོས་མཁན་ཚང་མས་རང་རང་སོ་སོའི་ལྟ་ཚུལ་ལྷུག་པོར་བརྗོད་དེ་གྲོས་བསྡུར་གྱི་རྣམ་པ་བརྒྱུད་ནས་ཐག་གཅོད་བྱེད་དགོས་པ་ལས། མི་སྒེར་གཅིག་པུས་རང་འདོད་ཀྱིས་ཐག་གཅོད་བྱེད་མི་ཆོག་པར་སྙམ། འགན་འཁུར་མི་སྣས་ཡང་ནས་བསྐྱར་དུ་རྒྱུགས་ཤོག་བཅོས་རྒྱག་མཁན་གྱི་མི་སྣར་རེ་བ་ནན་པོ་འདོན་དགོས་པ་སྟེ། བཅོས་པའི་སྐབས་སུ་སེམས་རྣལ་དུ་ཕབ་ནས་རང་འགན་ལེགས་པར་སྒྲུབ་དགོས་པ་དང་། དོན་གཞན་ལ་གཡེང་མི་རུང་བ། བསྡོམས་འཐེན་གྱི་རྩིས་གྲངས་མི་ནོར་བ་སོགས་ལ་དོ་སྣང་བྱས་ནས་ལས་ཀ་བསྐྱར་ལོག་བྱ་མི་དགོས་པ་ཡོང་ཆེད་དུ་ཏན་ཏིག་ངང་གང་ཡག་གང་ལེགས་ཡོང་བའི་འགན་ལེན་བྱེད་དགོས།

    རྒྱུགས་ཤོག་བཅོས་མཁན་གྱིས་བཅོས་ཟིན་པའི་རྒྱུགས་ཤོག་རེ་རེ་བཞིན་དང་དྲིས་གཞི་རེ་རེ་བཞིན་ལ་འགན་ཁུར་མི་སྣས་ཧ་ཅང་གཟབ་ནན་སྒོས་ཞིབ་བཤེར་བྱེད་དགོས། དེ་ཡང་ཞིབ་བཤེར་བྱེད་སྐབས་འདྲི་གཞི་མ་བཅོས་པར་བཞག་ཡོད་མེད་དང་། བཅོས་ནོར་ཡོད་མེད། སྐར་གྲངས་འཕྲི་སྣོན་ཐད་ལ་སྐྱོན་དང་ནོར་འཁྲུལ་ཡོད་མེད། སྐར་གྲངས་སྤྲོད་ཚད་མང་ཉུང་འཚམ་མིན། ཧོལ་རྒྱུགས་ཀྱི་སྣང་ཚུལ་ཅི་འདྲ་ཡོད་མེད་ཚང་མར་ཞིབ་བཤེར་ནན་ཏན་བྱས་ནས། ཐད་ཀར་ནོར་འཁྲུལ་ཡོ་བསྲང་གིས་བཟོ་བཅོས་བྱེད་དགོས།

    རྒྱུགས་ཤོག་ཆ་ཚང་བཅོས་ཟིན་རྗེས་བཅོས་མཁན་ཚང་མས་མཉམ་རུབ་ཀྱིས་འགོ་ནས་མཇུག་བར་ནན་ཏན་གྱིས་ཞིབ་བཤེར་བྱེད་དགོས། དེའི་སྐབས་སུ་བཅོས་མཁན་སོ་སོས་བཅོས་པའི་འདྲི་གཞི་གཅིག་པུར་ཞིབ་བཤེར་བྱེད་པ་ཙམ་མ་ཡིན་པར་ཤོག་ལྷེའི་ངོས་ཚང་མ་བཤེར་བའི་ལས་དོན་ཞིག་ལ་བརྩིས་ཏེ་ཡོངས་སུ་རྫོགས་པར་ཞིབ་བཤེར་བྱེད་དགོས་པ་ཡིན། དཔེར་ན་ཆད་ལུས་ཡོད་མེད་དང་། སྐར་མའི་འཕྲི་སྣོན་འགྲིག་ནོར་གོ་འཛོལ་ཡོད་མེད། མཆན་བཀོད་ཡོད་མེད། སྡོམ་གྲངས་བཀོད་མིན། སྡོམ་གྲངས་ནོར་མིན་སོགས་ཕྱོགས་ཀུན་ནས་ཞིབ་བཤེར་ཕྲ་རགས་མ་ལུས་པ་བྱེད་དགོས། རྒྱུགས་ཤོག་བཅོས་རྒྱག་མཁན་ལ་ཤེས་བྱ་སྣ་མང་ལྡན་དགོས་པ་དང་། ལྟ་རྒྱ་ཐོས་རྒྱ་ཆེ་བ། མཐོང་རྒྱ་ཆེ་བ། ཤེས་བྱའི་གནད་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ལྡན་པ་བཅས་ཀྱི་ཆ་རྐྱེན་འཛོམས་དགོས། གལ་ཏེ་དེ་ལྟ་བུའི་ཆུ་ཚད་ཧ་ཅང་མཐོ་པོ་མི་ལྡན་ན་ཡང་། རང་མཉམ་ཀུན་ལས་ཅུང་ལྷག་པ་ཞིག་ཡིན་དགོས་པ་མ་ཟད། འགན་འཁྲིའི་བསམ་པ་དང་ལས་ཀའི་སྤྲོ་སེམས་ཆེན་པོ་ཡོད་པ་ཞིག་ངེས་པར་དུ་ཡིན་དགོས།

    ང་ཚོས་འདས་ཟིན་པའི་ལོ་ཟླའི་ནང་རྒྱུགས་ཤོག་བཅོས་སྐབས་རང་ཉིད་ཀྱི་ཤེས་ཚད་ལ་བསྟུན་ནས་བཅོས་པ་དང་། ཕན་ཚུན་གྲོས་བསྡུར་བྱེད་པ། སྐད་ཆ་འདྲི་རེས་བྱས་ནས་གྲོས་མོལ་གྱི་རྣམ་པ་བརྒྱུད་ནས་རྒྱུགས་ཤོག་བཅོས་ཀྱི་ཡོད་པ་རེད། མི་རིང་བའི་གོང་དུ་རྒྱུགས་ཤོག་བཅོས་སྐབས་ཡིག་རྒྱུགས་འདོན་མཁན་གྱིས་རྒྱུགས་ཤོག་བཏོན་ཚར་རྗེས་ལྷན་དུ་ཡང་དག་པའི་ཡིག་རྒྱུགས་ཀྱི་དྲིས་ལན་ཞེས་པ་ཞིག་འདོན་གྱི་ཡོད་པས། དེར་གཞིགས་ནས་བཅོས་རྒྱག་པའི་ལས་ཀ་གཉེར་བཞིན་ཡོད་པ་རེད། 

    ཡང་དག་པའི་ཡིག་རྒྱུགས་ཀྱི་དྲིས་ལན་བཏོན་པ་དེས་བཅོས་རྒྱག་མཁན་ལ་སྟབས་བདེ་བསྐྲུན་ཡོད་ལ། ཡིག་རྒྱུགས་སྤྲོད་མཁན་ལ་གནོད་འཚེ་ཡང་བཟོས་ཡོད་པ་སྟེ། རྒྱུགས་ཤོག་བཅོས་མཁན་གྱིས་ཡང་དག་པའི་དྲིས་ལན་ཁོ་ནར་བརྟེན་ནས་རང་ཉིད་ཀྱི་བསམ་བློ་མི་བཏོང་བ་དང་། བཅོས་ཟིན་རྗེས་ཞིབ་བཤེར་བྱེད་རྒྱུ་སོགས་ལ་ལྷོད་གཡེང་འགྲོ་བའི་སྣང་ཚུལ་ཡོད་པས། རྒྱུགས་ཤོག་བཅོས་པའི་སྤུས་ཚད་ལ་ཐད་ཀར་ཤུགས་རྐྱེན་ཕོག་གི་ཡོད། དེར་བརྟེན་ཡང་དག་པའི་དྲིས་ལན་མ་བཏོན་གོང་། རྒྱུགས་ཤོག་འདོན་མཁན་གྱིས་དེ་སྔོན་རྒྱུགས་ཤོག་བཅོས་སྐབས་ལྟར་དགེ་རྒན་གཞན་དང་གྲོས་བསྡུར་ཡང་སེ་བྱེད་པ་དང་། ཕན་ཚུན་སྤེལ་ནས་ཞིབ་བཤེར་ལན་མང་བྱས་རྗེས་གཞི་ནས་དཔྱད་གཞིར་རུང་བའི་ཡང་དག་པའི་དྲིས་ལན་ཞིག་མཁོ་འདོན་ཐུབ་པ་བྱེད་དགོས། རྒྱུགས་ཤོག་ཆ་ཚང་ལ་ཡང་དག་པའི་དྲིས་ལན་གྱིས་ཞབས་འདེགས་ཞུ་མི་ཐུབ་པས། ཤོག་ལྷེའི་སྟེང་གི་གཅིག་ཁོ་ནར་གཏན་འཁེལ་བའི་དྲིས་ལན་ཕུད། རྒྱུགས་སྤྲོད་མཁན་གྱི་ལྟ་ཚུལ་གླེང་བའི་འདྲི་གཞི་ལྟ་བུའི་དྲིས་ལན་ལ་དེ་བས་མང་བའི་གདམ་ཁ་ཡོད་པ་བྱེད་དགོས། 

    མདོར་ན། རྒྱུགས་ཤོག་བཅོས་མཁན་གྱིས་རང་གི་གནས་ཚད་ལ་བརྟེན་ནས་བཅོས་རྒྱག་པའི་ལས་ཀ་གཉེར་དགོས་པ་མ་ཟད། རིག་པའི་དཔྱད་གཟོད་ལ་བརྟེན་པ་མ་གཏོགས་ལོང་བ་ལག་ནོམ་གྱི་རྣམ་པ་མི་ཐོན་པ་བྱེད་དགོས། དེ་བས་དོགས་པ་ཡོད་པ་དང་མི་ཤེས་པའི་གནད་དག་ལ་ཐུག་སྐབས་ཡིན་ཅིག་གཞན་ལ་སྐད་ཆ་འདྲི་བ་དང་གྲོས་བསྡུར་བྱེད་པ་ལས་བརྒྱ་ཁ་གཅིག་གཅོད་བྱེད་མི་རུང་། གོང་གསལ་དེ་རྣམས་ནི་རང་གི་ལོ་མང་གི་རྒྱུགས་ཤོག་བཅོས་པའི་ཉམས་མྱོང་ཙམ་ཡིན་པས་ནོར་འཁྲུལ་གྱི་ཆ་ལ་ལྷན་རྒྱས་ནས་བཀའ་སློབ་ལྷུག་སྩོལ་ཡོད་པ་ཞུ། 

    (ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པའི་སྒྲོལ་དཀར་གྱིས) 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།