དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྐད་ཡིག་གི་ཆུ་ཚད་མཐོར་གཏོང་བར་མང་དུ་ཀློག་པ་དང་མང་དུ་འབྲི་བ་གཉིས་གལ་ཆེན་པོ་ཡིན་པའི་སྐོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2021-11-03

    དེང་གི་སློབ་མ་དག་སློབ་སྦྱོང་ལ་མི་དགའ་བ་ཙམ་མ་ཟད་འབྲི་ཀློག་ལ་དེ་བས་མི་དགའ་བར་གཞིགས་ཏེ། རྩོམ་ཡིག་འདིའི་ནང་སྐད་ཡིག་སྦྱོང་སྟངས་ཀྱི་སྤྱིའི་ཆོས་ཉིད་གཞིར་བཟུང་།  མང་དུ་ཀློག་པ་དང་མང་དུ་འབྲི་བའི་གལ་ཆེའི་རང་བཞིན་ལ་རང་རང་གི་བསམ་ཚུལ་གང་ཡིན་ལུགས་་སྔོན་བྱོན་མཁས་པའི་ལུང་གིས་བརྒྱན་ནས་གླེང་བར་འདོད་ཅིང་།བོད་སྐད་ཡིག་འདི་ཡང་སྐད་ཡིག་གི་རིག་ཚན་ཞིག་ཡིན་པའི་ངོས་ནས་རྣམ་ཀུན་སློབ་མ་ཚོས་བོད་ཡིག་སློབ་སྦྱོང་གི་ཁྲོད་མང་དུ་ཀློག་པ་དང་མང་དུ་འབྲི་བའི་གལ་ཆེའི་རང་བཞིན་རྟོགས་དགོས་པ་དང་།  དེ་ཉམས་སུ་བླངས་ནས་སློབ་གཉེར་གྱི་ལམ་བུའི་གྲུ་དང་ཟུར།  ཞར་དང་ཞོར་དུ་ལག་ལེན་བྱེད་དགོས་པའི་ངེས་ཤེས་འདྲོང་དགོས།

    སློབ་མ་རྣམས་ཀྱིས་མང་དུ་ཀློག་པ་དང་མང་དུ་འབྲི་བ་ནི་སྐད་ཡིག་སྦྱོང་བའི་ཐབས་ལམ་བཟང་པོ་ཞིག་གམ་གོ་ཆོད་པོ་ཞིག་ཡིན་པའི་འདུ་ཤེས་སྐྱེད་སྲིང་བྱས་ཏེ། དེ་ལག་ལེན་ཐོག་འཁྱོལ་བར་སྐུལ་ལྕག་གཏོང་བ་ལ་འབད་དགོས། འོ་ན་ཡང་སྙིང་འབྲི་ཀློག་གཉིས་ལ་དགོས་པ་ཇི་ལྟ་བུ་ཡོད་ཅེ་ན།  ལུང་རིགས་ཀྱི་རྒྱབ་རྟེན་འདི་ལྟ་འགའ་མཆིས་ཏེ།

    དང་པོ། མང་དུ་ཀློག་པ་དང་བྱང་ཆུབ་པར་ཀློག་པ་གཉིས།  

    1. སྤྱིར་ཐོས་པ་གསོག་དགོས་པའི་དགོས་པ་བསྟན་པ།

    སྐྱེས་རབས་ལས“ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན།།རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག། ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན།།   ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག་། ཕོངས་པར་གྱུར་ཡང་མི་འགྱུར་མཛའ་བོ་ཡིན”ཞེས་ཐོས་པ་བསགས་པའི་ཕན་ཡོན་ལྔ་དཔེའི་སྒོ་ནས་བསྟན་པ་སྟེ།  མ་རིག་པའི་མུན་པ་སེལ་བའི་སྒྲོན་མེ་ཡིན་པ་དང་།  ནོར་གཞན་དང་མི་འདྲ་བར་རྐུན་པོས་ཁྱེར་མི་ཐུབ་ཅིང་བཙན་པོས་འཕྲོག་མི་ཐུབ་པ། རྨོངས་པའི་དགྲ་བོ་འཇོམ་པའི་མཚོན་ཆ་ཡིན་པ། ལམ་མི་ནོར་བར་སྟོན་ཞིང་ཁེ་གྱོང་གི་རྩིས་ཟིན་པ་ཡོང་བར་ཐབས་སྟོན་པ། རྒྱུ་ནོར་གྱིས་དབུལ་ཡང་མི་འགྱུར་བའི་མཛའ་བོ་རྣལ་མ་ཡིན་པ་བཅས་དང་།  ཡང་དཀོན་མཆོག་བརྩེགས་པ་ལས“དགེ་བ་དང་ནི་སྡིག་པའི་ཆོས།མ་ཐོས་པས་ནི་ཤེས་མི་འགྱུར། ཐོས་ནས་ཆོས་རྣམས་རྣམ་པར་ཤེས”ཞེས་ཐོས་པ་བསགས་པས་ནི་ཤེས་རབ་འཕེལ་ནུས་པ་དང་།  ཤེས་རབ་འཕེལ་བས་ནི་ལེགས་ཉེས་འབྱེད་ནུས་པ།  ལེགས་ཉེས་འབྱེད་ནུས་པས་ནི་བླང་འདོར་ཤེས་པ།  བླང་དོར་ཤེས་པས་ནི་ལོག་ལམ་དུ་མི་འཆལ་བ་ཞིག་ཡོང་བའི་གནས་ལུགས་རྒྱུ་མཚན་བསྟན་ཡོད།། ཡང་རྗེ་བཙུན་མི་ལའི་རྣམ་མགུར་ལས“ཐོས་པ་མེད་པའི་སྒོམ་པ་ནི།།     ལག་རྡུམ་བྲག་ལ་འཛེགས་པ་འདྲ”ཞེས་ཐོས་པ་ཅི་ཡང་མ་བསགས་པ་སྟེ་ལམ་དུ་ཇི་ལྟར་བགྲོད་ཚུལ་གང་ཡང་མ་ཤེས་པར་ལམ་དུ་འགྲོ་བ་ནི་ཞར་མཆོངས་རྒྱག་པ་དང་ཁྱད་མེད་ཅེས་ཐོས་པ་གསོག་དགོས་པའི་དགོས་པའམ་ཕན་ཡོན་བསྟན་པ་ཡིན་ནོ།

    2. བྱང་ཆུབ་པར་ཀློག་པ།

    བྱང་ཆུབ་པར་ཀློག་དགོས་དོན་ནི་བྱང་ཆུབ་པར་མ་བཀླགས་ན་དོན་ལ་གོ་བ་མི་ལོན་ཅིང་དེ་བས་རྒྱུད་ལ་འཇགས་ཐབས་མེད་པ་དང་།  རྒྱུད་ལ་མ་འཇགས་ན་ཉམས་སུ་ལེན་པ་ནི་ཁ་སྟོང་ནང་གི་ལྕེ་སྟོང་ཙམ་དུ་འགྲོ་བ་ཡིན་པས།  ཐོས་པ་བསགས་པ་ཡང་ཉི་མ་ཕུད་ཐབས་ཙམ་དུ་སོང་བ་ཡིན།  དེས་ན།  བྱང་ཆུབ་པར་བཀླགས་ཤིང་དེ་བཞིན་ཉམས་སུ་ལེན་དགོས་པ་ནི་སྙིང་པོའོ། དེ་ལ། གུང་ཐང་བསྟན་པའི་སྒྲོན་མེས“ཟབ་རྒྱས་མན་ངག་མཐའ་ཡས་ཉན་ན་ཡང་།།ཁ་བཤད་ཙམ་ལ་འཕྱན་ན་ཕན་དཀའ་བས།།དེ་དག་རང་རང་བསམ་པ་དང་སྦྱར་ནས།། ནན་ཏན་ལག་བླང་བྱ་བ་མན་ངག་གནད”ཅེས་ཀློག་པ་དང་འབྲི་བ་ལ་བརྟེན་ནས་ཐོབ་པའི་ཤེས་བྱ་རྣམས་ལག་ལེན་དུ་འཁྱོལ་དགོས་པ་ནི་མི་ལྟོགས་པ་ལ་ཟས་གོ་བས་མི་ཆོག་བཟའ་དགོས་པ་བཞིན་ནོ།ཡང་གུང་ཐང་སློབ་གཉེར་བསླབ་བྱ་ལས“གཞུང་ཚིག་མང་དུ་བཟུང་སྟེ་བསྐྱར་ན་ཡང་།།    དོན་ལ་མི་སེམས་རིམ་འགྲོའི་ཆོས་ཀློག་དང་།།ནེ་ཙོའི་འདོན་པ་ལྟ་བུ་བརྒྱ་ཚར་གྱིས།     བརྗོད་བྱའི་གནད་ལ་སྒྲོ་འདོགས་མི་ཆོད་པས།། དོན་ལ་བརྟག་དཔྱད་ཟབ་མོ་གྱིས་ཤིག་ཨང”ཞེས་མང་དུ་ཀློག་པ་དང་མང་དུ་བྲིས་ཀྱང་།  དོན་ལ་བསམ་བློ་མི་གཏོང་བ་ནི་རིམ་འགྲོའི་ཆོས་ཀློག་ལྟ་བུ་གྲངས་ཀ་གསོག་པ་ཙམ་ལས་མི་ཡོང་།  ནེ་ཙོའི་འདོན་པ་ལྟ་བུ་གཞན་གྱིས་ལབ་པ་དེ་བཟློ་བ་ཙམ་ལས་མི་ཡོང་བར་གསུངས།

    མདོར་ན།  ཐོས་པ་གསོག་པ་ནི་རྨོངས་པ་སེལ་ཞིང་ཤེས་རབ་འཕེལ་བའི་ཆེད་དུ་ཡིན་ཏེ།  ཡི་གེ་ཀ་ལྟ་བུ་གཅིག་ཙམ་ཤེས་པས་ཀྱང་ཀ་མི་ཤེས་པའི་མུན་པ་སངས་ནས་དེ་ཤེས་པའི་ཤེས་རབ་ཀྱི་སྣང་བ་གཅིག་སྐྱེས་པ་ཡིན།  དེ་བཞིན།  ཀ་མད་སུམ་ཅུ་ཤེས་དུས་མུན་པ་སུམ་ཅུ་སངས་ནས་ཤེས་རབ་ཀྱི་སྣང་བ་སུམ་ཅུ་སྐྱེས་པ་ཡིན། ཞེས་པ་གོ་བདེ་ལ་དོན་ཟབ་པའི་ལེགས་བཤད་རང་ངོ་།

    གཉིས་པ།  འབྲི་བར་ཡང་གཉིས་ཏེ་མང་དུ་འབྲི་བ་དང་སྤོབས་པ་ཆེར་སྐྱེད་ཀྱིས་འབྲི་བའོ།

    1.མང་དུ་འབྲི་དགོས་པ།

    སྤྱིར་ན་འབྲི་བ་ནི་ཐོས་པ་བསགས་ནས་རང་གི་རྒྱུད་ལ་འབྱོར་བའི་མྱོང་བའམ་ཤེས་བྱའི་གནད་དག་གཞན་ལ་བརྒྱུད་སྤྲོད་བྱེད་པའི་གོ་རིམ་ཞིག་ཡིན་ལ།  རང་གིས་གང་ཤེས་པ་རྣམས་ཡང་ཡང་དྲན་གསོ་བྱེད་པའམ་ཤེས་བཞིན་བསྟེན་པའི་གནད་ཅིག་ཡིན།  དེ་ལ། རྗེ་གུང་ཐང་ཚང་གིས“དཀའ་བས་བསགས་པའི་མང་ཐོས་ནོར་བུ་ཡང་། །  བརྗེད་ངས་རྐུན་པོས་དལ་གྱིས་འཇོམས་བྱས་ཏེ། །རིན་ཆེན་གླིང་ནས་སྟོང་བར་ལྡོག་སྲིད་པས། །    རྒྱུན་དུ་གོམས་འདྲིས་དྲན་ཤེས་བརྟན་པོ་ཡིས། ། གང་ཤེས་བརྗེད་པ་མེད་པར་གསོགས་ཤིག་ཨང”ཞེས་མང་དུ་བཀླགས་ནས་ཐོས་པ་མང་དུ་བསགས་ཀྱང་།  ཐོས་ཟིན་པ་རྣམས་ཡང་ཡང་འབྲི་བ་སོགས་དྲན་པས་མ་བསྐྱངས་ན།  རིམ་བཞིན་བློ་ངོ་ནས་བརྗེད་འགྲོ་བས་ཤེས་པ་རྣམས་བཀོལ་བ་ནི་གལ་ཆེའོ།  ཡང་ཨ་ལག་ཤས“མང་དུ་ཐོས་ཀྱང་འཆད་ལ་མི་མཁས་ན།།  སྨན་གྱིས་དབུལ་བའི་སྨན་པ་མཁས་པ་བཞིན།།རྩོད་ལ་མཁས་ཀྱང་རྩོམ་ཚུལ་མ་ཤེས་ན།།   ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང་ལྐུགས་པ་ཡིན”ཐོས་པ་ནི་བསགས།  མང་དུ་ཡང་བྲིས།  འོན་ཀྱང་ཇི་ལྟར་འབྲི་བའི་གནད་དེ་མ་ཤེས་ན།  ཚིག་ཚོགས་ཀྱི་རྙོག་གཏམ་ཙམ་ལས་མི་ཡོང་བས་བྲིས་ནས་གོམས་བྱང་དུ་འགྲོ་དགོས་པ་གནད་ཆེའོ། མདོར་ན།  བརྗེད་ན་ཤེས་པ་དང་འགལ་བ་ཡིན་པས་ཤེས་པ་རྣམས་དྲན་པས་སྐྱོང་དགོས་པ་ནི་གནད་དམ་པ་ཡིན་ཞིང་དེ་བས་འབྲི་བའི་ཐབས་ལ་བསྟེན་ན་ཚིག་ཇི་བཞིན་དང་དོན་ཇི་བཞིན་ངེས་པ་ལ་ཕན་པ་རྒྱ་ཆེ་བ་ཡིན་པ་ནི་མྱོང་བས་གྲུབ་བོ།

    2.སྤོབས་པ་ཆེར་སྐྱེད་ཀྱིས་འབྲི་དགོས་པ།

    ཐོས་པ་བསགས་ནས་བསམ།  མཐར་སྒོམ་པ་སྟེ་རང་གི་རྒྱུད་ལ་མྱོང་རྟོགས་ཅི་བྱུང་རྣམས་སྨྲ་བསམས་བརྗོད་འདས་ཀྱི་ཚུལ་དུ་བཞག་ན་རང་གིས་ཤེས་པ་དེས་རང་ཁོ་ན་ལ་མ་གཏོགས་གཞན་ལ་ཕན་མི་ཐོགས་པ་ཡིན་པས།  རང་གི་མྱོང་རྟོགས་རྣམས་སྤོབས་པ་ཆེར་བསྐྱེད་ཀྱིས་འབྲི་བའི་ཐབས་ལ་བརྟེན་ནས་གཞན་ལ་ངོ་སྤྲོད་དགོས་པ་ནི་གལ་ཆེའོ།  སྤོབས་པ་ཆེར་བསྐྱེད་ཀྱིས་བྲིས་ན་གཅིག་ནས་ཤེས་པ་རྣམས་དྲན་པས་སྐྱོང་བ་ལ་ཕན་ཐོགས་ཡོད་པ་དང་།  གཉིས་ནས་འབྲི་བའི་ཚེ་གོ་བ་གཏིང་ཟབ་ཏུ་འགྲོ་བ་དང་། རང་གི་རྩོམ་པའི་བྱ་བ་འཕེལ་བ་ལ་ཡང་ཕན་པ་ཆེ་བ་ཡིན་པ་སྔོན་བྱོན་མཁས་པའི་རྣམ་ཐར་དག་ལ་ལྟོས་དང་ངེས་ཤེས་འདྲོང་ངེས་ཡིན།  ( རྩོམ་པ་པོ་ལྷ་ས་མཐོ་འབྲིང་བཞི་པའི་དགེ་རྒན་ཡིན )

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།