ཉེ་བའི་ལོ་ཤས་རིང་། བོད་ལྗོངས་སློབ་ཆེན་གྱིས“དགོས་མཁོ་ཆེན་པོར་དམིགས་པ་དང་། ཚོགས་པ་ཆེན་པོ་འཛུགས་པ། ལས་སྟེགས་ཆེན་པོ་གཏོད་པ། རྣམ་གྲངས་ཆེན་པོ་བརྩོན་ལེན་བྱེད་པ། གྲུབ་འབྲས་ཆེན་པོ་མང་ཙམ་འདོན་པ”བཅས་ཀྱི་ཚན་ཞིབ་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། འཛམ་གླིང་ཚན་རྩལ་གྱི་མདུན་གྲལ་ལ་ཕྱོགས་པ་དང་། དཔལ་འབྱོར་གྱི་འཐབ་ས་གཙོ་བོར་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཕྱོགས་པ་བཅས་མཐའ་འཁྱོངས་བྱེད་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”དམིགས་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་ནས། སློབ་གྲྭའི་ཚན་རྩལ་གསར་གཏོད་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།
བོད་ལྗོངས་སློབ་ཆེན་ཚན་ཞིབ་ཁྲུའི་ཁྲུའུ་ཀྲང་ཐུབ་བསྟན་མཁས་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་གྲྭས་པུས་དང་ཁུལ་མཉམ་སྐྲུན་དང“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གོ་སྐབས་སུ་འཛིན་རྒྱུ་དམ་འཛིན་བྱེད་པ་དང་། ཚན་རིག་དང་མཐུན་པ་དང་ནུས་ལྡན་གྱི་ཚན་རྩལ་གྲུབ་འབྲས་ཀྱི་གདེང་འཇོག་མ་ལག་དང་། རྣམ་གྲངས་ཞིབ་དཔྱད། ཤེས་ལྡན་མི་སྣ་གདེང་འཇོག་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། 《བོད་ལྗོངས་སློབ་ཆེན་གྱི་ཚན་ཞིབ་བྱ་དགའི་བྱེད་ཐབས》དང《བོད་ལྗོངས་སློབ་ཆེན་གྱི་ཚན་ཞིབ་རྣམ་གྲངས་ཀྱི་དོ་དམ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》སོགས་ཀྱི་ལམ་ལུགས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ། ཤེས་ལྡན་མི་སྣའི་གདེང་འཇོག་དང་། ལག་རྩལ་གོ་མིང་། ལས་རྗེས་དཔྱད་ཞིབ་བཅས་ཁྲོད་ཀྱི་ཚན་ཞིབ་གྲུབ་འབྲས་ཀྱི་གདེང་འཇོག་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱས་པས། རྣམ་གྲངས་བརྒྱུད་རིམ་ཁྲོད་ཀྱི་དོ་དམ་དང་འགྲོ་གྲོན་དོ་དམ་བྱེད་ཤུགས་ཆེ་རུ་ཕྱིན་པ་མ་ཟད། ཚན་རྩལ་ལས་སྟེགས་འཛུགས་སྐྲུན་དང་གསར་གཏོད་ཚོགས་པའི་འཛུགས་སྐྲུན་གྱི་སྒྲིག་སྲོལ་ལམ་ལུགས་ཁག་ཀྱང་འཐུས་སྒོ་ཚང་དུ་ཕྱིན་ནས། ཚན་ཞིབ་དོ་དམ་དང་ཞབས་ཞུའི་ལས་དོན་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་སུ་གྱུར་ཏེ་ཕན་འབྲས་མང་པོ་ཐོན་པ་དང་གྲུབ་འབྲས་བཟང་པོ་ཐོན་པའི་ཚན་ཞིབ་ཁོར་ཡུག་ཅིག་ཆགས་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ལྗོངས་སློབ་ཆེན་གྱིས་རྒྱལ་ཁབ་མཚན་ཉིད་རིག་པ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་གལ་ཆེན་ཁག་33དང་། གཙོ་གནད་རྣམ་གྲངས་ཁག་5 སྦྱོང་མཁན་ཉུང་བ་དང་དར་རྒྱུན་ཆད་པའི་རིག་གནས་ཀྱི་ཞིབ་འཇུག་ཆེད་དོན་རྣམ་གྲངས་ཁག་2 རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་གཙོ་གནད་རྣམ་གྲངས་ཁག་1བཅས་འགན་འཁུར་བ་དང་། རྒྱལ་ཁབ་ཚན་རྩལ་པུའི་ཆེད་དོན་རྣམ་གྲངས་གལ་ཆེན་ཁག་3དང་། གཙོ་གནད་རྣམ་གྲངས་ཁག་1 རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས་ཁག་53བཅས་ལ་ཆོག་མཆན་ཐོབ་པ། རྣམ་གྲངས་ཁག་25ལ་རྒྱལ་ཁབ་ཚན་རིག་ཡར་ཐོན་བྱ་དགའ་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཇོ་མོ་གླང་མའི་བྱ་དགའི་དམིགས་བསལ་བྱ་དགའ་སོགས་རྒྱལ་ཁབ་རིམ་པའི་ཕུལ་བྱུང་ཚན་རིག་གྲུབ་འབྲས་བྱ་དགའ་ཐོབ་པ། CSSC1དང་དེ་བཞིན་རྒྱ་ཡིག་ལྟེ་བའི་དཔྱད་རྩོམ་486དང་། SC1དཔྱད་རྩོམ་109 E1དཔྱད་རྩོམ་23བཅས་བཏོན་པ། ཆེད་རྩོམ་ཁག་56དཔེ་སྐྲུན་བཅས་བྱས་ཡོད།
དེ་དང་ཆབས་ཅིག བོད་ལྗོངས་སློབ་ཆེན་གྱིས་མཚོ་བོད་ས་མཐོའི་ཚན་རྩལ་རྟོག་ཞིབ་ཐེངས་གཉིས་པའི་གོ་སྐབས་དམ་འཛིན་བྱས་ནས། མ་དངུལ་སྒོར་ཁྲི་660བཏང་སྟེ་ཞིབ་འཇུག་ཁ་ཕྱོགས་10བཙུགས་པ་དང་། “ཆུ་བོ་གཅིག་དང་གཙང་པོ་བཞིའི”ཚན་རིག་རྟོག་ཞིབ་ཀྱི་རྣམ་གྲངས་སྤེལ་འགོ་ཚུགས་པ་རེད། 《ལེགས་ཆའི་རིག་ཚན་བོད་རང་སྐྱོང་ལྗོངས་ཀྱི་གཙོ་ཁྲིད་ཐོན་ལས་དང་སྦྲེལ་མཐུད་བྱེད་པའི་འཛུགས་སྐྲུན་ཇུས་གཞི》བཟོས་ནས། རྣམ་གྲངས་ཁག་19རང་སྐྱོང་ལྗོངས་ཀྱི་གཙོ་ཁྲིད་ཐོན་ལས་ཆེན་པོ་བདུན་གྱི་འཕེལ་རྒྱས་དང་སྦྲེལ་མཐུད་བྱ་རྒྱུའི་འཆར་འགོད་བྱས་པ་དང་། མ་དངུལ་སྒོར་ཁྲི་60བཏང་ནས“ས་མཐོའི་ས་ཁུལ་དང་གྲོང་ཁྱེར་བཀོད་པའི་བཙོག་ཆུའི་ཚད་གཞི་མཐོར་གཏོང་དང་བཙོག་འབུད་ཉུང་གཏོང་དང་དེ་བཞིན་འདམ་རྫབ་ཚད་གཞི་ཉུང་གཏོང་གི་ལག་རྩལ་རྣམ་གྲངས”དང“བོད་སྨན་གྱི་ཀོ་ཤ་ཚད་ལྡན་ཅན་གྱི་འདེབས་འཛུགས་ལག་རྩལ་ཁྱབ་གདལ་དང་དེ་བཞིན་ཐོན་རྫས་གསར་པ་གསར་སྤེལ་ཞིབ་འཇུག”གི་རྣམ་གྲངས་ཁག་2ངོ་བོའི་ཞིབ་འཇུག་གི་དུས་མཚམས་སུ་སླེབས་ཡོད། རིག་ཚན་ཚོགས་པ་ཆེན་པོ་གཉིས་ལ་བརྟེན་ནས་བོད་ལྗོངས་དཔལ་འབྱོར་རིག་གནས་ཞིབ་འཇུག་ལྟེ་གནས་དང་ཇོ་མོ་གླང་མའི་ཞིབ་འཇུག་ཁང་སོགས་ཀྱི་རིག་མཛོད་བསྐྲུན་ཡོད།