སློབ་ཆུང་ལོ་རིམ་དམའ་བའི་སློབ་མར་ཀུན་སྤྱོད་སློབ་གསོ་གཏོང་བ་དང་། དེ་བཞིན་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དེ་ནི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ནས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། སློབ་གྲྭས་སློབ་མར་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་སྤེལ་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་རྩིག་རྨང་འདིང་བའི་འདུ་འགོད་གལ་ཆེན་ཞིག་ཡིན་ལ། དེ་གླུ་དབྱངས་དང་། ལུས་རྩལ། མཛེས་རྩལ། ངལ་རྩོལ་སློབ་གསོ་སོགས་སློབ་མའི་རྒྱུན་གཏན་གྱི་འཚོ་བའི་ཕྱོགས་གང་ཅིའི་ཁྲོད་དུ་སིམ་ཡོད་པས། སློབ་མའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཙོ་ཁྲིད་ཀྱི་ནུས་པ་ཐོན་བཞིན་ཡོད། དེར་བརྟེན་སློབ་མའི་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་ཇི་ལྟར་རྒྱག་པ་ནི་འཛིན་བདག་གིས་ངེས་པར་དུ་དོ་སྣང་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་དང་། ལྷག་པར་དུ་སློབ་ཆུང་ལོ་རིམ་དམའ་བའི་ཀུན་སྤྱོད་སློབ་གསོའི་ཐད་ཀྱི་སློབ་གསོ་ནི་སློབ་མའི་ཚེ་གང་གི་འཚར་ལོངས་དང་འབྲེལ་བ་དམ་ཟབ་ཡོད་པར་བརྟེན། ང་ཚོས《སློབ་ཆུང་སློབ་མའི་ཀུན་སྤྱོད་རྩ་གནད》དོན་འཁྱོལ་ནན་ཏན་བྱས་ཏེ། 《སློབ་ཆུང་སློབ་མའི་རྒྱུན་གཏན་གྱི་བྱ་སྤྱོད་ཚད་གཞི》ཚད་གཞིར་འཛིན་པའི་རྨང་གཞིའི་ཐོག་སློབ་མའི་བདེ་འཇགས་སློབ་གསོ་དང་། སྒྲིག་ཁྲིམས་སློབ་གསོ། ཁྲིམས་ལུགས་སློབ་གསོ་བཅས་དམ་འཛིན་ནན་པོ་བྱེད་དགོས། ཕྲན་ནས་གཤམ་དུ་སློབ་ཆུང་ལོ་རིམ་དམའ་བའི་སློབ་མར་ཀུན་སྤྱོད་སློབ་གསོ་ཇི་ལྟར་གཏོང་བའི་ཐད་ཅུང་ཟད་གླེང་བར་བྱ་སྟེ།
གཅིག རྒྱུན་གཏན་གྱི་སྦྱོང་བརྡར་ལ་དམ་འཛིན་ནན་པོ་བྱེད་དགོས།
སློབ་གྲྭའི་འཚོ་བས་སློབ་མ་རྣམས་ལ་དུས་ཚོད་ཀྱི་འདུ་ཤེས་ཟབ་མོ་དང་སྒྲིག་ལམ་བརྩི་སྲུང་ནན་པོ་ཞུ་དགོས་པའི་བླང་བྱ་བཏོན་ཡོད། ལོ་རིམ་དམའ་བའི་བྱིས་པ་ཚོ་ལོ་ན་ཆུང་བས་གནས་ལུགས་མང་པོ་ཞིག་གཏན་ནས་མི་ཤེས་པ་དང་། གནས་ལུགས་འགའ་ཤས་ཏོག་ཙམ་ཤེས་ཀྱང་ནན་བཤད་མ་བྱས་ན་བློ་ལ་ངེས་ཐུབ་པའི་ངེས་པ་མེད། དེར་བརྟེན་སློབ་འགོ་ཚུགས་པ་ནས་བཟུང་། ང་ཚོས་རྒྱུན་གཏན་གྱི་སློབ་གསོ་དམ་འཛིན་ལེགས་པོ་བྱ་དགོས་ཤིང་། དགེ་རྒན་ལ་བརྩི་བཀུར་དང་། སློབ་གྲོགས་ཕན་ཚུན་མཐུན་སྒྲིལ། ཕ་མར་སྲི་ཞུ། རྒན་གཞོན་ལ་བྱམས་སྐྱོང་དང་བཀུར་སྟི་ཤེས་པ། དགེ་རྒན་དང་སྐད་ཆ་བཤད་དུས་གུས་ཞབས་ཡོད་པ་དང་ཞེ་ས་ཤེས་པ་བྱེད་དགོས། ད་དུང་སློབ་གྲྭས་སྐུལ་བའི་སྦྱང་གཞི་དུས་ཐོག་ལ་ལེགས་འགྲུབ་དགོས་པ་སོགས་སློབ་མར་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་སློབ་གསོ་གཏོང་དགོས་པ་དང་། ནོར་འཁྲུལ་ཤོར་བའི་སློབ་མར་བསྔགས་སྐུལ་གཙོ་བོར་བཟུང་ནས་ཁོ་ཚོར་བསྒྲུབ་ཐུབ་ངེས་ཡིན་པའི་ཡིད་ཆེས་སྔར་བས་ཆེ་རུ་གཏོང་དགོས།
གཉིས། དྲང་ཕྱོགས་ཀྱི་སློབ་གསོ་མཐའ་འཁྱོངས་བྱེད་དགོས།
ལོ་རིམ་དམའ་བའི་སློབ་མར་སློབ་གསོ་གཏོང་སྐབས་གནས་ལུགས་ཁོ་ན་ཤོད་པ་ཙམ་གྱིས་མི་འགྲིག་པར་ཕྲུ་གུ་ཚང་མ་སྒྲུང་ཉན་པར་དགའ་པོ་ཡོད་པས། བྱིས་པ་སྤྱོད་པ་རྩུབ་ཤོས་ཡིན་ནའང་གཏམ་རྒྱུད་ཉན་མ་ཐག་ལྷིང་འཇགས་སུ་གནས་སྲིད། དེར་བརྟེན་ལོ་རིམ་དམའ་བའི་སློབ་མའི་ལོ་ཚོད་ཀྱི་ཁྱད་ཆོས་འདི་བཟུང་ནས། རྒྱུན་དུ་གཏམ་རྒྱུད་ལ་བརྟེན་ནས་ཁོ་ཚོར་སློབ་གསོ་གཏོང་དགོས། ཁོ་ཚོར་ཆུང་དུས་ནས་ཡ་རབས་ཀྱི་གཤིས་རྒྱུད་ལྡན་པ་དང་མེས་རྒྱལ་དང་མི་དམངས་དགའ་ཞེན་ལྡན་པ་ཞིག་ཏུ་གྱུར་ཆེད། རྒྱལ་གཅེས་མི་སྣ་དང་དེ་བཞིན་དཔའ་བོ་དཔའ་མོའི་གཏམ་རྒྱུད་བཤད་ནས་ཁོ་ཚོའི་བློ་ཡུལ་དུ་འཆར་བ་བྱེད་དགོས། ལྷག་པར་དུ་འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་བགྲང་བྱ་བརྒྱ་དང་། བོད་ལ་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ་བདུན་ཅུ་འཁོར་བའི་དུས་ཆེན་ཉིས་བརྩེགས་ཀྱི་ལོ་ཞིག་ཡིན་པས། ང་ཚོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་གསོའི་བྱེད་སྒོ་དང་། དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གང་མང་སྤེལ་ནས་སློབ་མ་ཚོས་ཆུང་དུས་ནས་ཏང་གི་བཀའ་དྲིན་ཚོར་ཐུབ་པ་བྱེད་དགོས།
གསུམ། སྤྱོད་ཡོན་ཟུང་འབྲེལ་གྱི་སློབ་གསོ་མཐའ་འཁྱོངས་བྱེད་དགོས།
ང་ཚོས་སློབ་གསོ་སློབ་ཁྲིད་དང་ཟུང་འབྲེལ་བྱས་ཏེ། ཕྱོགས་ཡོངས་ནས་འཕེལ་རྒྱལ་གཏོང་དགོས་པའི་དམིགས་ཚད་གཙོ་བོར་བཟུང་བ་དང་། བསླབ་གཞིའི་ནང་དོན་ལ་གཞིགས་ནས་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་དང་། སློབ་མའི་འཇིག་རྟེན་གྱི་ལྟ་བ། རིན་ཐང་གི་ལྟ་བ། མི་ཚེའི་ལྟ་བ་བཅས་སྐྱེད་སྲིང་བྱེད་དགོས་སྟབས། སློབ་ཆུང་དགེ་རྒན་གྱིས་ཤེས་ཡོན་སློབ་པ་དང་། ཀུན་སྤྱོད་ལྡན་པའི་མི་སྣ་གསོ་སྐྱོང་བྱ་རྒྱུ་ཟུང་འབྲེལ་གྱི་ལས་འགན་ལེགས་སྒྲུབ་ཡོང་བར་བྱེད་པ་དང་། མ་འོངས་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཞིག་ཏུ་གྱུར་བར་ཕྱར་བ་གྲུ་འདེགས་ལྟ་བུའི་ནུས་པ་ཐོན་ཐུབ་པར་སྐུལ་འདེད་གཏོང་དགོས། སློབ་མའི་སློབ་སྦྱོང་དང་འཚོ་བའི་དོན་དངོས་ལ་གཞིགས་ཏེ། རང་གི་ཉེ་འགྲམ་གྱི་མིག་མཐོང་ལག་ཟིན་ཐུབ་པའི་བྱ་བ་བརྒྱུད་དེ་སློབ་མར་བསམ་བློའི་སློབ་གསོ་གཏོང་བ་ནི་སློབ་མ་ལོག་ལམ་དུ་འགྲོ་བར་བཀག་འགོག་བྱེད་པའི་སྤྱོད་གོ་ཆོད་ཤོས་ཀྱི་ཐབས་ཤེས་ཤིག་རེད། དཔེར་ན། སློབ་མ་འགའ་རེ་གཞན་གྱི་ཡིག་ཆས་མཛེས་པོར་སྤྲོ་བ་ལྷག་པར་ཆེ་བ་དང་། མི་གཞན་གྱིས་དོ་སྣང་མི་བྱེད་པའི་སྐབས་དང་བསྟུན་ནས་ལག་ཞོར་བྱེད་ཀྱི་ཡོད། འདི་ལྟ་བུའི་སྐབས་སུ། ཐོག་མར་དངོས་པོ་རྙེད་ཀྱང་དོ་བདག་ལ་མི་སྤྲོད་པའི་གཏམ་རྒྱུད་འགའ་སློབ་མར་བཤད་ནས། གནས་ཚུལ་དེ་རིགས་ནི་མི་ལེགས་པ་དང་། ཐ་ཤལ། མ་རབས་བཅས་ཡིན་པ་སློབ་མར་ངང་རྒྱུད་རིང་པོའི་སྒོ་ནས་སློབ་གསོ་གཏོང་བ་དང་། དངོས་པོ་རྙེད་ནས་དགེ་རྒན་ལ་རྩིས་སྤྲོད་མཁན་གྱི་སློབ་མར་སློབ་མ་མང་པོའི་ཁྲོད་བསྟོད་བསྔགས་བྱ་དགོས། བསྔགས་བརྗོད་ལ་དགའ་བ་ནི་བྱིས་པའི་བསམ་པའི་ཁྱད་ཆོས་ཡིན་ཞིང་། བསྟོད་བསྔགས་དང་བེད་སྤྱོད་གནད་ལ་འཁེལ་བ་ཞིག་བྱས་ན་སློབ་ཕྲུག་གི་དགེ་མཚན་རྣམས་འཛིན་གྲྭའི་ནང་དུ་ཁྱབ་ནས་ཚོད་དཔག་བྱེད་ཐབས་བྲལ་བའི་སྟོབས་ཤུགས་ཤིག་ཐོན་གྱི་རེད། དེ་འདྲ་བྱས་ན་སློབ་ཕྲུག་བར་ཕན་ཚུན་སྐུལ་འདེད་དང་སྐྱོན་སྤངས་དགེ་སྒྲུབ་བྱེད་པར་ཕན་ཐོགས་ཡོད།
བཞི། སློབ་ཕྲུག་ལ་རང་དཔེ་གཞན་སྟོན་བྱེད་དགོས།
ལོ་རིམ་དམའ་བའི་སློབ་མར་ལད་མོ་བྱེད་པའི་ནུས་པ་ཆེ། དགེ་རྒན་གྱི་གཏམ་སྤྱོད་ཀྱིས་དངོས་ཤུགས་གང་རུང་ནས་སློབ་མར་ཤུགས་རྐྱེན་ཐེབས་ཀྱི་ཡོད། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་དང་། དུས་དང་རྣམ་པ་ཀུན་ཏུ་རང་དཔེ་གཞན་སྟོན་བྱེད་པ། སློབ་མའི་མིག་དཔེ་བཟང་པོ་བྱེད་པ་བཅས་བྱས་ནས་སློབ་མས་བསྒྲུབ་དགོས་པའི་བྱ་བ་ཡིན་ཕྱིན་ང་ཚོས་སྔོན་ལ་བསྒྲུབ་ཐུབ་པར་བྱ་དགོས། དཔེར་ན། སློབ་མ་རྣམས་ལ་རྗེས་ལུས་མི་ཐེབས་པའི་རེ་བ་བཏོན་ན། ང་ཚོ་སྔོན་ལ་ཉིན་རེར་ཉུང་མཐར་ཡང་ཆུ་ཚོད་ཕྱེད་ཀའི་སྔོན་ལ་ལས་ཀར་ཞུགས་དགོས། སློབ་མར་སྐད་ཆ་བཤད་དུས་གུས་ཞབས་ཡོད་དགོས་པའི་རེ་བ་བཏོན་ན་དགེ་རྒན་ནས་སྣེ་ཁྲིད་ནས་གུས་ཞབས་ཀྱི་སྐད་ཆ་ཤོད་དགོས། གོང་གསལ་དེ་དག་ནི་ང་ཚོས་ལོ་མང་བསགས་པའི་སློབ་མའི་ཀུན་སྤྱོད་སློབ་གསོའི་ཐད་ཀྱི་ཉམས་མྱོང་ཕྲན་བུ་ཡིན་པས། ཕུལ་དུ་བྱུང་བའི་རྒྱལ་གཅེས་ཤེས་ལྡན་མི་སྣ་མི་རབས་ནས་མི་རབས་བར་གསོ་སྐྱོང་བྱེད་པར་ཆར་པ་ཆུ་གྲོགས་སུ་གྱུར་བའི་རེ་བ་ཡོད།
(གོང་དཀར་རྫོང་རྒྱ་དྲུག་གྲོང་རྡལ་རྒྱ་རི་སློབ་ཆུང་གི་དགེ་རྒན་པ་སངས)