དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་ཆུང་སློབ་མའི་བོད་ཡིག་གི་དགའ་ཞེན་འཕེལ་ཐབས་སྐོར་ཕྲན་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསོད་ནམས་རིན་ཆེན།   |     སྤེལ་དུས།  2021-10-14

    སྐད་ཡིག་ནི་སློབ་སྦྱོང་དང་ལས་ཀ་བྱེད་སྐབས་ཀྱི་ལག་ཆ་གཙོ་བོ་ཞིག་ཡིན་ལ། རིག་ཚན་གཞན་སློབ་སྦྱོང་བྱེད་སྐབས་ཀྱི་རྨང་གཞིའི་ལག་ཆ་ཞིག་ཀྱང་ཡིན། བོད་སྐད་ཡིག་གི་སློབ་ཁྲིད་སྤུས་ཚད་ཇེ་ལེགས་སུ་བཏང་ནས། རིག་ཚན་གཞན་གྱི་རྨང་གཞི་ལེཌ་སུ་གཏོང་བ་དང་། བོད་སྐད་ཡིག་སློབ་ཁྲིད་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སློབ་གསོ་སོཌ་རྒྱལ་གཅེས་སློབ་གསོར་ཤུགས་སྣོན་རྒྱག་པ་ནི་མིག་སྔའི་ཁ་ཚ་དགོས་གཏུགས་ཀྱི་སློབ་ཁྲིད་ཀྱི་རེ་བ་ཞིག་གོ “དགེ་རྒན་ནི་སློབ་ཕྲུག་གི་མེ་ལོང་ཞིག་ཡིན”པས། དགེ་རྒན་གྱིས་རྒྱུན་དུ་ཁ་ནས་སློབ་གསོ་ཁོ་ན་གཏོང་བ་ལས་རང་ཉིད་ཀྱི་ཀུན་སྤྱོད་བྱང་ཚད་ལ་བརྟེན་ནས་སློབ་མར་སློབ་གསོ་ཐེབས་པ་བྱ་རྒྱུ་གལ་ཆེ་ཞེས་པའི་གདམ་ངག་ལྟར། འདིར་དགེ་རྒན་རང་ངོས་ནས་བོད་སྐད་ཡིག་ལ་དགའ་ཞེན་དང་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལ་ཤུགས་སྣོན་བརྒྱབ་ནས། སློབ་མའི་བོད་སྐད་ཡིག་གི་དགའ་ཞེན་འཕེལ་ཐབས་བྱེད་དགོས་པའི་སྐོར་ལོ་མང་གི་བོད་སྐད་ཡིག་གི་སློབ་ཁྲིད་ཀྱི་མྱོང་བ་དང་ཟུང་འབྲེལ་གྱིས་རང་བློས་གང་དཔོག་གིས་ཕྲན་ཙམ་གླེང་བར་བྱ།

    གཅིག སློབ་ཁྲིད་ནང་དོན་ལ་བརྟེན་ནས་སློབ་མའི་བོད་ཡིག་གི་དགའ་ཞེན་འཕེལ་ཐབས་བྱེད་པ།

    གཞོན་ནུ་ལོ་ཆུང་ནི་གསར་སྐྱེས་ཀྱི་མྱུ་གུ་དང་མཚུངས་ཤིང་ཁོ་ཚོ་ནི་འབྱུང་འགྱུར་གྱི་བདག་པོ་དང་མི་རིགས་གང་དེའི་འཕེལ་རྒྱས་ཀྱི་རེ་བ་ཉག་གཅིག་ཡིན། སློབ་གྲྭ་འབྲིང་ཆུང་གི་རྨང་གཞིའི་སློབ་གསོར་མཐོང་ཆེན་གྱིས་ཁོ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བ་ནི་དགེ་རྒན་ཚོའི་འོས་འགན་ཡིན། མི་རིགས་གང་དེའི་གཞོན་ནུ་ལོ་ཆུང་གི་སྐད་ཡིག་སློབ་འཁྲིད་ཀྱི་ཁྲོད་དུ་ཀུན་སྤྱོད་སློབ་གསོའི་ནུས་པ་ཤུགས་ཆེར་ལྡན་ཡོད་ལ། དེས་ལོ་ཆུང་བྱིས་པ་ཚོ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ནུས་པ་ཆེན་པོ་ཐོན་གྱི་ཡོད་དེ་དཔེར་ན། སློབ་ཆུང་སློབ་དེབ་ནང་གི《གཟིག་ལྤགས་བཀབ་པའི་བོང་བུ》དང་། 《འདི་ནས་མ་འགྲོ》 《སྤྱང་ཀི་དང་ལུག་རྫི》ལྟ་བུའི་ནང་དོན་དང་། སློབ་འབྲིང་སྐབས་ཀྱི《ཨ་མའི་སེམས》དང《ཕ་སེམས་བུ་ཐོག་དང་བུ་སེམས་རྡོ་ཐོག》སོགས་ཀྱི་སློབ་ཚན་དག་གིས་སློབ་མར་ཚོར་ཀུན་སྤྱོད་སློབ་གསོའི་ནུས་པ་ཆེན་པོ་ཐོན་དང་ཐོན་མུས་ཡིན། ང་ཚོས《འདི་ནས་མ་འགྲོ》ཞེས་པའི་སློབ་ཚན་འདི་དཔེར་བཞག་ནས་གསེད་དཀྲོལ་ཞིག་བྱས་ན། སློབ་ཚན་འདིའི་ནང་དུ་སྒྲོལ་མས་སློབ་ཚན་གྲོལ་རྗེས་ཁྱིམ་དུ་ལོག་པའི་ལམ་བར་དུ་སློབ་མ་གཞན་ཚོས་ཞིང་ནང་གི་ལྗང་པ་བརྫིས་ནས་རྐང་རྗེས་མང་པོ་བཞག་ཡོད་པ་མཐོང་རྗེས་ཞིང་གི་རྣང་མའི་འགོར་འདི་ནས་མ་འགྲོ་ཞེས་པའི་ཤིང་བྱང་བཙུགས་པའི་སྐོར་བཀོད་ཡོད། དགེ་རྒན་ཚོས་སློབ་ཁྲིད་སྐབས་སློབ་མའི་ཀུན་སྤྱོད་སློབ་གསོ་གཙོ་བོར་བཟུང་ནས་སྒྲོལ་མའི་ཀུན་སྤྱོད་ལ་མིག་དཔེ་བལྟ་དགོས་པའི་སྐུལ་མ་གཏོང་དགོས་ལ། དེ་དང་འབྲེལ་ནས་ཞིང་པ་ཚོའི་ངལ་རྩོལ་གྱི་དཀའ་ངལ་སློབ་མ་ཚོར་ཤེས་སུ་འཇུག་དགོས། ད་དུང་མི་གཞན་གྱི་ངལ་རྩོལ་འབྲས་བུར་གཅེས་སྐྱོང་ཇི་ལྟར་བྱེད་པ་དང་། གཅེས་སྐྱོང་བྱེད་པའི་རྒྱུ་མཚན་སློབ་མ་ཚོའི་སེམས་སུ་གསལ་པོར་ཤེས་པར་ཤུགས་སྣོན་རྒྱག་དགོས། དེ་ལྟར་སྤྱི་སྤྱོད་སྐད་ཡིག་ཁོ་ན་ཙམ་མིན་པར་བོད་སྐད་ཡིག་གི་ལམ་ནས་ཏང་གི་ལོ་རྒྱུས་སློབ་གསོ་དང་ཀུན་སྤྱོད་སློབ་གསོ་སྤེལ་བ་དང་། རང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལ་རྒྱུན་དུ་ནས་སྐུལ་ལྕག་སྒོས་སེམས་ཤུགས་དང་སྤྲོ་སྣང་འཕེལ་ཐབས་བྱེད་དགོས། དེ་ཡང་སྐད་ཡིག་སློབ་གསོ་དང་འབྱུང་འགྱུར་གྱི་རང་ངོས་འཕེལ་རྒྱས་འབྲེལ་བ་ཤིན་ཏུ་ཟབ་པས། སྐད་ཡིག་སློབ་གསོར་གཙིགས་ཆེན་སྒོས་ཤུགས་སྣོན་རྒྱག་པ་ནི་མ་འོངས་ཀྱི་གུང་ཁྲན་རིང་ལུཌ་ཀྱི་ཤུལ་འཛིན་པ་དང་སྤྱི་ཚོགས་རིང་ལུཌ་ཀྱི་བོད་གསར་འཛུགས་སྐྲུན་པ་གསོ་སྐྱོང་བྱེད་པའི་རྒྱང་རིང་གི་དམིགས་ཡུལ་དང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ལགས། སློབ་གྲྭ་འབྲིང་ཆུང་གི་སློབ་མ་མང་པོས་བོད་སྐད་ཡིག་ལ་དོ་སྣང་དེ་ཙམ་མི་བྱེད་ལ། སྦྱོང་འདོད་ཀྱང་དེ་ཙམ་ཆེན་པོ་མེད་པས། ང་ཚོས་གསོན་ཉམས་དོད་པའི་སློབ་ཁྲིད་ཀྱི་ནང་དོན་དང་ཐབས་ཤེས་ལ་བརྟེན་ནས་དགའ་སྣང་དང་སྤྲོ་སྣང་འཕེལ་ཐབས་བྱེད་དགོས་ཏེ། དགའ་སྣང་ནི་དགེ་རྒན་ལེགས་ཤོས་ཤིག་ཡིན་ལ། ཐབས་ཤེས་སློབ་སྦྱོང་བྱེད་པ་ནི་གལ་ཆེ་ཤོས་ཀྱི་སློབ་སྦྱོང་ཞིག་དང་རང་སྦྱོང་གི་ནུས་པ་བསྐྱེད་སྲིང་བྱེད་པ་ནི་གལ་ཆེ་ཤོས་ཀྱི་གསོ་སྐྱོང་ཞིག་ཡིན་པས་སོ།

    གཉིས། དགེ་རྒན་གྱི་ཀུན་སྤྱོད་དང་སློབ་ཁྲིད་ཀྱི་ཐབས་ཤེས་ལས་སློབ་མའི་བོད་ཡིག་གི་དགའ་ཞེན་སྐྱེ་ཐབས།

    དགེ་རྒན་ཞེས་པ་ནི་སྒོ་གསུམ་ཉེས་སྤྱོད་ལས་ལྡོག་ཅིང་ཡ་རབས་དགེ་བའི་ཕྱོགས་ལ་སྤྱོད་མཁས་པ་དང་ཡོན་ཏན་གྱི་སྒོ་ནས་རྒན་པ་ཡིན་པའི་ཆ་ནས་དགེ་རྒན་ཞེས་ཐོགས་པ་ཡིན་ལ་དེའི་ལས་གནས་ནི་གཟི་བརྗིད་ལྡན་ལ། ཕྲག་ཐོག་གི་འགན་འཁྲིའང་ཧ་ཅང་ལྕི། དེའང་སྨན་པ་ཞིག་གིས་སྨན་བཅོས་ལ་ནོར་འཛོལ་བྱུང་ནའང་དེ་ནི་མི་རེ་གཉིས་ཀྱི་ཚེ་སྲོག་ལས་གཞན་རྣམས་ལ་སྐྱོན་འབྱུང་མི་སྲིད། འོན་ཀྱང་དགེ་བའི་བཤེས་གཉེན་ཞིག་གིས་སློབ་ཁྲིད་ལ་འགན་མ་འཁུར་བའམ་སློབ་ཁྲིད་ཀྱི་ཐབས་ཤེས་ལེགས་པོ་མ་བྱུང་ཚེ་བྱིས་པ་ཧ་ཅང་མང་པོ་ཞིག་གི་ཕུགས་བསམ་དང་མི་རབས་ཤིག་གི་མདུན་ལམ་མེད་པར་བཟོ་ཉེན་ཆེ་བས། དེས་ན་དགེ་རྒན་ཚོས་སློབ་མའི་བོད་སྐད་ཡིག་གི་སྦྱོང་སེམས་ཇི་ལྟར་འཕེལ་བར་བྱེད་དགོས་སམ་ཞེ་ན། བོད་སྐད་ཡིག་ནི་བོད་མི་རིགས་ཀྱིས་ལོ་ངོ་མང་པོའི་རང་བྱུང་ཁམས་དང་འཐབ་རྩོད་བྱེད་པའི་ནང་རིམ་བཞིན་གསར་གཏོད་བྱས་པ་ཡིན་ལ། སྤྱི་ཚོགས་རིང་ལུགས་བོད་གསར་འཛུགས་སྐྲུན་བྱེད་པར་ཤིན་ཏུ་མཁོ་བའི་དྲིལ་བསྒྲགས་ཀྱི་ལག་ཆ་མེད་དུ་མི་རུང་བ་ཞིག་ཡིན་པའི་གལ་འགངས་ཤེས་སུ་འཇུག་པ་དང་། ང་ཚོས་སྐད་ཡིག་སློབ་ཁྲིད་བྱེད་སྐབས་དོན་དངོས་དང་འཚམ་ལ། ཁོང་ཚོའི་སེམས་ཁམས་དང་ལོ་ནའི་ཁྱད་ཆོས་དང་། རིག་སྟོབས་ཀྱི་ནུས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་། ཏང་གི་ལོ་རྒྱུས་སློབ་གསོའི་རེ་བ་སོགས་ལ་གཞིགས་ནས་དགེ་རྒན་གཙོ་བོར་འཛིན་པའི་འདུ་ཤེས་རྙིང་པ་དེ་རིགས་དོར་ནས་སློབ་གཞི་གསར་པའི་སྒྱུར་བཅོས་ཁྲོད་ཀྱི་སློབ་མ་གཙོ་བོར་འཛིན་པའི་བྱ་ཐབས་ལག་བསྟར་དོན་འཁྱོལ་ཡོང་བ་བྱེད་དགོས་ལ། ཡང་སྒོས་སུ་དགེ་སློབ་ཐུན་མོང་ནས་སློབ་ཁྲིད་དབང་ཆ་ལོངས་སུ་སྤྱོད་དགོས། དཔེར་ན་སློབ་ཆུང་སློབ་དེབ་ནང་གི་ས་སྐྱ་དགོན་པ་ཞེས་པ་ཁྲིད་སྐབས་མིག་མཐོང་ལག་ཟིན་གྱི་དཔྱད་གཞིའམ་དེ་འབྲེལ་གྱི་རིག་དངོས་གཞན་གྱི་དཔྱད་གཞི་མེད་པར་སློབ་དེབ་ཁོ་ནའི་དཔྱད་གཞི་དང་ཁ་བྲལ་མི་ཐུབ་པར་སློབ་ཚན་སྒྲོག་སྦྱངས་བྱེད་པའམ་ཚིག་གསར་འགྲེལ་པ་དང་སྦྱང་གཞིའི་དྲི་བ་དྲིས་ལན་དག་ནག་པང་གི་སྟེང་དུ་ཇི་མ་ཇི་བཞིན་བྲིས་རྗེས་སློབ་མས་འཁྲུལ་མེད་དུ་ཟིན་བྲིས་སྟེང་བཤུ་བ་དང་སློབ་མའི་ལས་འགན་གཙོ་བོ་ནི་དྲིས་ལན་ངག་ལ་སྐྱོར་བ་དང་དགེ་རྒན་གྱི་ལས་འགན་གཙོ་བོ་ནི་ངག་སྐྱོར་རྒྱུགས་ལེན་རྐྱང་བྱས་ན། སློབ་མའི་བོད་སྐད་ཡིག་གི་དགའ་ཞེན་དང་སྦྱོང་སེམས་ཇེ་ཞན་དུ་འགྲོ་བ་གོར་མ་ཆག དེས་བོད་ཡིག་ཅེས་པ་དེ་ངག་སྐྱོར་གཏོང་རྒྱུ་ཁོ་ན་ཡིན་པའི་ཚོར་བ་ལས་སྐད་ཡིག་སློབ་ཚན་གྱིས་སློབ་ཕྲུག་ལ་སྦྱིན་པའི་སྤྲོ་སྣང་དང་། དགའ་སྣང་། སྦྱོང་སེམས་སོགས་དགུང་གི་འཇའ་ལྟར་དེ་མ་ཉིད་དུ་ཡལ་འགྲོ་གི་ཡོད། དེས་ན་དགེ་རྒན་ཚོས་སློབ་ཁྲིད་སྐབས་ས་སྐྱ་དགོན་གྱི་ཆགས་ཡུལ་དང་། ཕྱག་བཏབ་པའི་དུས་ཚོད། ཕྱག་འདེབས་མཁན། དགོན་པའི་མིང་ཐོག་སྟངས། འཛུགས་སྐྲུན་གྱི་རྒྱ་ཁྱོན་དང་ཨར་སྐྲུན་གྱི་ཁྱད་ཆོས། རྩ་ཆེའི་རིག་དངོས། ཡོན་རྒྱལ་རབས་དང་བོད་ས་གནས་སྲིད་གཞུང་གི་འབྲེལ་བ། ད་ཆ་རྒྱལ་ཁབ་ཀྱིས་སྲུང་སྐྱོང་ཉམས་གསོ་ཇི་ལྟར་བྱེད་པ་སོགས་དང་འབྲེལ་ནས་སློབ་མ་དང་གྲོས་བསྡུར་བྱེད་པ་དང་། ལན་ཁ་གསལ་འདེབས་མཁན་གྱི་སློབ་མར་བསྟོད་བསྔགས་བྱེད་པ་དང་ལན་ཁ་གསལ་འདེབས་མ་ཐུབ་ནའང་ངང་རྒྱུད་རིང་པོས་དག་སེལ་བྱེད་པ་ལས། ངན་སྨྲས་དང་དམའ་འབེབས། མཐོང་ཆུང་སོགས་མི་བྱེད་པར་སློབ་མའི་སྐད་ཡིག་སྦྱོང་སེམས་ཀྱི་མེ་ཁ་ཕྲན་བུ་ཙམ་ལས་མེད་ཀྱང་དེ་གསོ་དགོས། སློབ་མ་ལྟེ་བར་བཟུང་མ་ཐུབ་ན་སློབ་མའི་རང་འགུལ་དང་ཧུར་སེམས་ཉམས་ནས་དགེ་རྒན་གྱིས་གང་བཤད་ཁོ་ན་ལས་རང་གི་བསམ་ཚུལ་དང་དབྱེ་ཞིབ་ཀྱི་ནུས་པ་འདོན་སྤེལ་གྱི་བློ་དེ་ཐན་པས་བཅོམས་པའི་མྱུ་གུ་དང་སད་ཀྱིས་བཅོམ་པའི་མེ་ཏོག་བཞིན་དེ་མ་ཉིད་དུ་མེད་པར་གྱུར་ནས། སྐད་ཡིག་སློབ་ཚན་ཚོཌ་མ་ཐག་ཉོབ་མདངས་ཀྱིས་ཁེངས་པའམ་ཐ་ན་གཉའ་གནོན་དང་བཤུ་གཞོག་མྱོང་མཁན་ལྟ་བུར་མི་གྱུར་བའི་ངེས་པ་མེད།

    སློབ་མའི་ཡིད་ཆེས་ཐོབ་པའི་དགེ་རྒན་བཟང་པོ་ཞིག་བྱ་དགོས་ན་སློབ་མར་ཁ་ཞེ་གཉིས་མེད་དང་ལྷག་བསམ་རྣམ་དག་གིས་གཅེས་སྐྱོང་བྱ་དགོས་ལ། དགེ་རྒན་རང་ཉིད་སློབ་མ་ཚོས་ཡིད་ཆེས་དང་བརྩི་བཀུར། དགའ་ཞེན་བྱེད་ས་ཞིག་ཏུ་གྱུར་བར་བྱེད་པ་དང་། སློབ་ཕྲུག་གིས་དགའ་སྡུག་གི་སྙིང་གཏམ་ཤོད་ས་དང་བདེ་སྡུག་གི་སྐྱབས་རེ་ས། སྤྱོད་ཡོན་གྱི་མིག་དཔེ་ལྟ་ས་བཟང་པོ་ཞིག་ལ་གྱུར་བར་ཤུགས་སྣོན་རྒྱག་དགོས། གལ་སྲིད་དགེ་རྒན་དེར་ཤེས་བྱ་ཕུན་སུམ་ཚོགས་པོ་ཇི་ཙམ་ཡོད་རུང་། སློབ་མར་བརྩེ་སེམས་ཟབ་མོ་བཅངས་མི་ཐུབ་པ་དང། དགེ་སློབ་བར་འབྲེལ་ཟམ་ལེགས་པོ་ཞིག་བསྐྲུན་མ་ཐུབ་ཚེ་སློབ་མའི་སློབ་སྦྱོང་གི་གྲུབ་འབྲས་ལེགས་པོ་ཡོང་མི་ཐུབ་ལ། སུས་སློབ་མར་གཅེས་སྐྱོང་དང་བྱམས་སྐྱོང་། འགན་འཁྲི་འཁུར་ཚེ་སློབ་མ་དེས་དགེ་རྒན་གང་དེར་དགའ་པོ་བྱེད་སྲིད། དཔེར་ན། སློབ་ཆུང་ལོ་རིམ་དང་པོར་བོད་སྐད་ཡིག་གི་རྨང་གཞིའི་ཀློག་སྟངས་སློབ་སྐབས་སུ། མངས་ལྟ་བུ་ཀློག་སྐབས་སློབ་མ་འགས་མ་དེ་མིང་གཞིར་བཞག་ནས་ཀློག་པ་དང་། ཡང་འགས་མ་དེ་སྔོན་འཇུག་གི་ཚབ་ཏུ་བྱས་ནས་ཀློག་པའི་སྣང་ཚུལ་རྒྱུན་དུ་ཐོན་སྲིད་པས་དགེ་རྒན་འགའ་ཞིག་གིས་དེ་འཕྲལ་ཚིག་རྩུབ་སྨྲ་བ་དང་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད། དེས་ན་གཤམ་གྱི་ཡི་གེ་དགས་ཞེས་པ་དེ་ཀློག་དུས་ད་དེ་མིང་གཞིར་བཞག་ནས་ཀློག་ཆོག་ལ། སྔོན་འཇུག་ལ་བཞག་ནས་ཀློག་ཀྱང་ཆོག་རུང་། ལན་འདེབས་ནུས་མཁན་གཅིག་ཀྱང་མེད། གོང་གསལ་དཔེ་གཞི་ལས་སློབ་མར་ཁ་རྡུང་གཏོང་བ་དང་། སྡིག་དམོད་བྱེད་པ། འཇིགས་སྣང་སྐུལ་བ། མིང་ངན་འདོགས་པ་སོགས་ཀྱི་ཐབས་ངན་རིང་དུ་སྤོང་དགོས་པ་གསལ་པོར་ཤེས་ཐུབ།

    མདོར་ན་བྱ་དངོས་ཐམས་ཅད་འགྱུར་འགྲོ་བ་འཇིག་རྟེན་གྱི་ལྡོག་མེད་ཆོས་ཉིད་ཡིན་ལ། སྤྱི་ཚོཌ་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། མི་རིགས་གང་དེའི་སྐད་ཡིག་སློབ་ཁྲིད་ཀྱང་དེ་བསྟུན་གྱིས་འཕེལ་རྒྱས་འགྲོ་བཞིན་ཡོད། སློབ་ཁྲིད་ནི་སློབ་གསོའི་རྩ་བའི་རྣམ་པ་དང་སློབ་གསོའི་བྱང་ཚད་ཇེ་ལེགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་ན། སྐད་ཡིག་སློབ་ཁྲིད་ཀྱི་ཞོར་ལ། ཏང་གི་ལོ་རྒྱུས་སློབ་གསོ་དང་། སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སློབ་གསོ་སོགས་སྤེལ་ནས་སློབ་མའི་སྐད་ཡིག་སྦྱོང་སེམས་དང་རྒྱལ་གཅེས་ཀྱི་བསམ་པ་སྐྱེད་སྲིང་བྱས་ཏེ། སྐད་ཡིག་སློབ་ཁྲིད་ཀྱི་ཕན་འབྲས་ཇེ་ཆེར་གཏོང་དགོས། (ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་སློབ་གསོ་ཅུད་ཀྱི་བསོད་ནམས་རིན་ཆེན)

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།