དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བྱིས་པའི་རང་རྟོན་གྱི་བསམ་པ་སྐྱེད་སྲིང་ལ་དོ་སྣང་བྱེད་དགོས་ཚུལ་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-17

    བྱིས་པ་ཞིག་འཚར་ལོངས་ཡོང་བའི་དུས་རིམ་ནང་སེམས་ཁམས་ཀྱི་ཕྱོགས་མང་པོའི་མཐུན་རྐྱེན་འཛོམས་དགོས་ཤིང་། བྱིས་པའི་རང་རྟོན་གྱི་བསམ་པ་ནི་དེའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། བྱིས་དུས་ནི་ཤེས་བྱ་དང་ནུས་པ་གསོ་སྐྱོང་བྱེད་པའི་འགག་རྩའི་དུས་རིམ་ཞིག་ཡིན་ལ། བྱིས་པའི་རང་རྟོན་གྱི་བསམ་པ་སྐྱེད་སྲིང་བྱེད་པའི་དུས་རིམ་གལ་ཆེན་ཞིག་ཀྱང་རེད། འོན་ཀྱང་བྱིས་པའི་ངོས་ནས་བརྗོད་ན། ལོ་ན་ཆུང་བའི་དབང་གིས་རང་རྟོན་གྱི་བསམ་པ་མཚམས་རེ་མེད་པར་འགྱུར་བའི་གནད་དོན་ཐོན་བཞིན་ཡོད། རླབས་ཆེན་གྱི་སློབ་གསོ་མཁས་ཅན་ཐའོ་ཤིན་ཀྲེ་མཆོག་གིས་གསུངས་དོན། སློབ་མ་རྣམས་ཤེས་བྱའི་སྣོད་ལྟ་བུར་བརྩིས་ནས་ཤེས་བྱ་ཨུ་ཚུགས་ཀྱིས་བླུགས་པ་ལས་ཁོང་ཚོར་ཤེས་རིག་གི་སྒོ་མོ་འབྱེད་པའི་ལྡེ་མིག་སྤྲད་དེ་རང་དབང་གིས་རིག་གནས་ཀྱི་བང་མཛོད་སྔོག་ཏུ་བཅུག་ན་འཚམ་ཞེས་གསུངས་ཡོད། ད་ལྟའི་བར་ང་ཚོའི་ཁྱིམ་བདག་དང་དགེ་རྒན་ཚོས་བྱིས་པའི་སློབ་སྦྱོང་ལ་ཁྲིད་སྟོན་དང་། སློབ་སྦྱོང་གི་ནུས་པ་གསོ་སྐྱོང་ལ་ཤུགས་སྣོན། ཀུན་སྤྱོད་ཐད་ཕན་ཚུན་རོགས་རམ་དང་། དཀའ་ངལ་ཁྱད་བསད། སྒྲིག་ཁྲིམས་ལ་སྲུང་བརྩི་སོགས་ཚུད་པའི་སློབ་གསོར་ཤུགས་སྣོན་རྒྱག་པ་ལས། བྱིས་པ་ཆུང་ཆུང་ཚོ་འཚར་ལོངས་ཡོང་བའི་བརྒྱུད་རིམ་ཁྲོད། བྱིས་པའི་རང་རྟོན་གྱི་བསམ་པ་སྐྱེད་སྲིང་བྱེད་པར་སྐབས་རེ་ལྷོད་གཡེང་ཤོར་འགྲོ་ཡི་ཡོད་པ་སྟེ། དེ་ཡང་བྱིས་པའི་རང་རྟོན་གྱི་བསམ་པ་སྐྱེད་སྲིང་བྱེད་རྒྱུའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཡག་པོ་མ་བྱུང་བ་དང་། བྱེད་ཐབས་དེ་ཙམ་ཚགས་ཚུད་པོ་མ་བྱུང་བ་སོགས་ཀྱི་གནད་དོན་ཐོན་བཞིན་ཡོད། ཞིང་འབྲོག་ཁུལ་གྱི་ཁྱིམ་བདག་དང་དགེ་རྒན་ཚོས་བྱིས་པ་འཚར་ལོངས་ཡོང་བའི་བརྒྱུད་རིམ་ཁྲོད་བྱིས་པ་སྐྱོན་བྲལ་ངང་གསོ་སྐྱོང་བྱེད་པར་བྱིས་པའི་སློབ་སྦྱོང་དང་ཀུན་སྤྱོད་ཙམ་མ་ཟད། བྱིས་པའི་རང་རྟོན་གྱི་བསམ་པ་སྐྱེད་སྲིང་བྱེད་རྒྱུ་ནི་གནད་དོན་གལ་ཆེན་ཞིག་ཡིན་པས། ཁོ་མོས་ལོ་མང་རིང་བུ་བཅོལ་ཁང་གི་དགེ་རྒན་བྱེད་མྱོང་བའི་ཐད་ནས་གནད་དོན་དེའི་ཐད་དོ་སྣང་བྱེད་དགོས་ཚུལ་བརྗོད་པར་བྱ་སྟེ།

    དང་པོ། རང་རྟོན་གྱི་བསམ་པ་སྐྱེད་སྲིང་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས།

    ཁྱིམ་བདག་དང་དགེ་རྒན་ཚོས་རང་རྟོན་གྱི་བསམ་པས་བྱིས་པའི་འཕེལ་རྒྱས་དང་སེམས་ཁམས་བདེ་ཐང་ལ་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་ཟབ་ཏུ་བཏང་སྟེ། རང་གིས་རང་ལ་ཡིད་ཆེས་ཀྱི་བསམ་པ་སྐྱེད་སྲིང་བྱེད་པ་དེ་དུས་རྒྱུན་གྱི་འཚོ་བ་དང་སློབ་གསོའི་བྱེད་སྒོ་མང་དག་ཁྲོད་དུ་ཁྱབ་ཡོད་པས། ཁྱིམ་བདག་དང་དགེ་རྒན་གྱིས་ཚོར་བ་སྐྱེན་པོས་དེ་དག་འཚོལ་ཐུབ་པ་དང་། དེའི་ཐད་ལ་སློབ་གསོ་ནན་ཏན་རྒྱག་དགོས། རང་རྟོན་གྱི་བསམ་པ་སྐྱེད་སྲིང་བྱེད་རྒྱུ་དེ་ནི་སེམས་ཁམས་བདེ་ཐང་སློབ་གསོའི་གལ་ཆེའི་ཁ་ཕྱོགས་ཤིག་དང་དམིགས་ཚད་ཅིག་ལ་གཏན་འཁེལ་བྱེད་དགོས། དེ་ཡང་ཁྱིམ་ཚང་གི་འཚོ་བ་དང་། སློབ་གསོ་སློབ་ཁྲིད་ཀྱི་བྱེད་སྒོའི་ཁྲོད་ང་ཚོས་བྱིས་པའི་གྲུབ་འབྲས་ཁག་ལ་ཁས་ལེན་གང་ལེགས་བྱས་ཏེ། བྱིས་པར་ངས་ཐུབ། ངས་འཇོན། ངས་ཤེས་ལྟ་བུ་རང་གིས་རང་ལ་ཡིད་ཆེས་བྱེད་པའི་བསམ་པ་སྐྱེད་སྲིང་བྱེད་རོགས་བྱེད་དགོས། བྱིས་པ་ཡར་རྒྱས་ཕྲན་ཙམ་ལས་བྱུང་མེད་ནའང་། ང་ཚོས་སེར་སྣ་མེད་པའི་ཐོག་ནས་བསྔགས་བརྗོད་དང་ངར་ཤུགས་སློང་བ་བཅས་བྱས་ཚེ། བྱིས་པས་ཁྱིམ་ལས་སོགས་བྱེད་པར་མི་སྐྲག་པར་ཧབ་ཐོབ་རྒྱག་པ་དང་། མི་རྒན་པའི་སྐད་ཆར་ལན་རྒྱག་ཐུབ་པ་སོགས་རང་གིས་རང་ལ་ཡིད་ཆེས་འཕེལ་ཐུབ། བྱིས་པས་ཁྱིམ་བདག་དང་དགེ་རྒན་གྱི་གདེང་འཇོག་བྱས་ཚུལ་ལ་ཤེས་རྟོགས་གསལ་པོ་བྱེད་ཐུབ་པས། གལ་ཏེ་བྱིས་པར་གཤེ་གཤེ་དང་སྐྱོན་བརྗོད་ཁོ་ན་བྱས་ཚེ། བྱིས་པས་རང་ཉིད་གླེན་པ་ཞིག་མིན་ནམ་སྙམ་པ་དང་། ཕ་མ་དང་དགེ་རྒན་གྱི་རེ་འདུན་ངས་འགྲུབ་མི་ཐུབ་ལ། ངས་མི་འཇོན་སྙམ་པའི་བློས་རང་རྟོན་གྱི་བསམ་པར་ཕོག་ཐུག་འགྲོ་ངེས་རེད་ལ། ཐ་ན་ཁོང་ཚོས་རང་གིས་རང་ལ་མཐོང་ཆུང་གི་བསམ་པའང་སྐྱེ་སྲིད། དེས་ན་ཁྱིམ་བདག་དང་དགེ་རྒན་གྱིས་གདེང་འཇོག་དང་སྐུལ་ལྕག་ཚད་དང་མཐུན་པ་ཞིག་བྱས་ན། བྱིས་པའི་རང་རྟོན་གྱི་བསམ་པ་སྐྱེད་སྲིང་ཐུབ་ངེས་ཡིན།

    གཉིས་པ། ངས་སྒྲུབ་ཐུབ་སོང་སྙམ་པའི་བསམ་བློ་སྐྱེད་སྲིང་བྱེད་དགོས།

    ངས་སྒྲུབ་ཐུབ་སོང་སྙམ་པའི་བསམ་བློ་ནི་རང་རྟོན་གྱི་་བསམ་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་སྤྱི་རྒྱལ་ནང་གི་སློབ་གསོའི་ཉམས་མྱོང་དང་ཞིབ་འཇུག་གི་དཔྱད་འབྲས་ཀྱིས་ར་སྤྲོད་བྱས་པ་ལྟར་ན། བྱིས་པར་ངས་སྒྲུབ་ཐུབ་སོང་སྙམ་པའི་བློ་སྐྱེས་དགོས་ན་ཁྱིམ་བདག་དང་དགེ་རྒན་གྱིས་རམ་འདེགས་བྱེད་དགོས་པར་གསུངས་ཤིང་། དེ་ཡང་དཔེར་ན། ཁྱིམ་བདག་གིས་བྱིས་པར་གཞས་གཏོང་རོགས་དང་། བྱིས་པར་ཕོར་པ་འཁྲུ་རོགས། གྲངས་ཀ་བགྲང་རོགས་སོགས་བྱས་ནས་ཁོང་ཚོར་གྲུབ་འབྲས་ཐོབ་པར་རོགས་པ་བྱེད་པ་དང་། ཁོང་ཚོར་གྲུབ་འབྲས་ཐོབ་པའི་སྤྲོ་སྣང་ཚོར་ཐུབ་པ་བྱེད་པ། བྱིས་པས་གྲུབ་འབྲས་ཐོབ་པའི་ཁྲོད་ནས་རང་གི་ནུས་པར་ངོས་འཛིན་གསལ་པོ་ཡོང་བ་དང་དཀའ་ངལ་ཆུང་ངུ་དག་ཁྱད་བསད་ཐུབ་པའི་བསམ་བློ་སྐྱེད་སྲིང་བྱེད་དགོས།

    གསུམ་པ། བྱིས་པར་ལྟ་སྟངས་ཡང་དག་འཛིན་དགོས།

    ཁྱིམ་བདག་དང་དགེ་རྒན་གྱིས་བྱིས་པར་འཛིན་པའི་རྣམ་འགྱུར་གྱིས་བྱིས་པའི་རང་རྟོན་གྱི་བསམ་པ་ཆེ་རུ་གཏོང་རྒྱུའི་ཐད་ནུས་པ་གལ་ཆེན་ཐོན་གྱི་ཡོད། བརྟག་དཔྱད་བྱས་པ་བརྒྱུད། དགེ་རྒན་དང་ཁྱིམ་བདག་གི་ཡིད་ཆེས་དང་། ཡང་དག་པའི་གདེང་འཇོག་དང་སྐུལ་ལྕག་གིས་བྱིས་པའི་རང་རྟོན་གྱི་སེམས་ཤུགས་ཆེ་རུ་འགྲོ་བས། བྱིས་པ་ཚང་མར་ཡིད་ཆེས་ཆེན་པོ་བྱེད་དགོས་པ་དང་། དེ་བས་ཀྱང་འཚོ་བའི་ནུས་པ་ཞན་ལ་གོམས་གཤིས་དང་སྤྱོད་ཚུལ་ཚད་ལྡན་མིན་པའི་བྱིས་པར་དེ་བས་ཡིད་ཆེས་ཆེན་པོ་བྱེད་དགོས། གལ་ཏེ་བྱིས་པར་འདྲ་མཉམ་གྱི་ལྟ་སྟངས་མ་འཛིན་ན། བྱིས་པའི་རང་རྟོན་གྱི་བསམ་པ་འཕེལ་བར་ཕོག་ཐུག་འགྲོ་བ་དང་། ཁྱིམ་བདག་དང་དེ་བས་དགེ་རྒན་གྱི་རྣམ་འགྱུར་ཇི་འདྲ་བསྟན་མིན་ལ་བྱིས་པའི་ཚོར་བ་སྐྱེན་པོ་ཡོད་པ་སྟེ། གལ་སྲིད་ཁྱིམ་བདག་དང་དགེ་རྒན་གྱིས་རང་ཉིད་ལ་ཡིད་ཆེས་མེད་པའི་ཚོར་སྣང་བྱུང་ཚེ། ཁོང་ཚོའི་རང་རྟོན་གྱི་བསམ་པ་ཆེ་རུ་འགྲོ་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེས་ན་ཁྱིམ་བདག་དང་དགེ་རྒན་གྱིས་བྱིས་པར་འདྲ་མཉམ་གྱི་ལྟ་སྟངས་བཟུང་དགོས།

    བཞི་པ། འོས་འཚམ་གྱི་བྱེད་སྒོ་སྒྲིག་འཛུགས་བྱེད་དགོས།

    བྱིས་པའི་རང་རྟོན་གྱི་བསམ་པ་སྐྱེད་སྲིང་བྱེད་པའི་བྱེད་སྒོ་སྣ་ཚོགས་སྤེལ་ཆོག དཔེར་ན། གཞས་དང་ཞབས་བྲོ་འགྲན་བསྡུར་གྱི་བྱེད་སྒོ་ལྟ་བུའོ། སྤྱིར་འགྲན་བསྡུར་གྱི་བྱེད་སྒོ་ལས་བྱིས་པའི་ཡར་བརྩོན་གྱི་བསམ་པ་དང་འགྲན་བསྡུར་གྱི་ནུས་པར་སྐུལ་འདེད་ཐེབས་ཀྱི་ཡོད་པ་མ་ཟད། བྱིས་པ་ཆུང་ཆུང་ཚོ་རང་གི་ན་ཟླ་ཚོ་དང་འགྲན་བསྡུར་བྱེད་འདོད་ཡོད། དེར་བརྟེན། བྱིས་པའི་ཁྱད་ཆོས་སམ་རང་བཞིན་དེར་བརྟེན་ནས་ང་ཚོས་བྱེད་སྒོ་འདྲ་མིན་སྣ་ཚོགས་མང་ཙམ་སྤེལ་དགོས། དེ་ལྟར་བྱས་ན། བྱིས་པའི་རང་རྟོན་གྱི་བསམ་པ་སྐྱེད་སྲིང་ཐུབ་སྲིད། འདིར་དོ་སྣང་བྱེད་དགོས་པ་ཞིག་ལ་བྱེད་སྒོ་སྤེལ་དུས་འཇོན་ནུས་གཅིག་མཚུངས་ཀྱི་བྱིས་པ་ཕན་ཚུན་འགྲན་བསྡུར་བྱེད་དགོས་པ་ལས། འཇོན་ནུས་ཁྱད་པར་ཆེ་བའི་བྱིས་པའི་དབར་འགྲན་བསྡུར་བྱེད་དུ་བཅུག་ཚེ། སྟོབས་ལྡན་སྤོབས་པ་སྐྱེས་པ་དང་སྟོབས་ཆུང་སེམས་ཤུགས་ཉམས་པའི་རྒྱུ་རུ་གྱུར་ངེས་ཡིན། དེས་ན། དགེ་རྒན་ཚོས་སློབ་མར་འགྲན་བསྡུར་རིགས་ཀྱི་བྱེད་སྒོ་སྤེལ་སྐབས་གནད་དོན་འདིའི་ཐད་ལ་དགོངས་པ་བཞེས་རྒྱུ་མ་བསྙེལ་བ་གནང་དགོས་སོ།

    ལྔ་པ། བྱིས་པའི་འཚོ་བའི་ནུས་པ་ལེགས་སུ་གཏོང་དགོས།

    འཚོ་བའི་ནུས་པ་ལེགས་པའི་བྱིས་པ་རྣམས་ལ་རང་རྟོན་གྱི་བསམ་བློ་ཤུགས་ཆེ་ཙམ་ལྡན་པས། དགེ་རྒན་དང་སློབ་གྲོགས་ཁྲོད་དུ་ཤོད་ཕོད་པ་དང་བྱེད་ནུས་པ། དཀའ་ངལ་ལ་མི་སྐྲག་པ་བཅས་ཀྱི་ཁྱད་ཆོས་ལྡན། དེ་ལས་ལྡོག་སྟེ། འཚོ་བའི་ནུས་པ་ཞན་པའི་བྱིས་པ་རྣམས་ལ་རང་གིས་རང་ལ་མཐོང་ཆུང་གི་བསམ་བློ་ཅུང་སྐྱེ་སླ་བ་ཡིན། དེར་བརྟེན། བྱིས་པའི་རང་རྟོན་གྱི་བསམ་བློ་སྐྱེད་སྲིང་བྱེད་རྒྱུ་དེ་ངེས་པར་དུ་བྱིས་པའི་འཚོ་བའི་ནུས་པ་གསོ་སྐྱོང་བྱེད་རྒྱུ་དང་ཟུང་འབྲེལ་གྱིས་བྱིས་པའི་རང་རྟོན་གྱི་བསམ་བློ་དེ་འཚོ་བའི་ནུས་པའི་གསོ་སྐྱོང་བྱེད་པའི་རྨང་གཞིའི་ཐོག་གཞི་ཚུགས་དགོས་པ་ཡིན། དེ་ཡང་ཐོག་མར་བྱིས་པའི་འཚོ་བའི་ནུས་པ་གསོ་སྐྱོང་བྱེད་པར་རང་མགོ་ཐོན་པའི་ནུས་པ་གསོ་སྐྱོང་བྱེད་རྒྱུ་ནས་འགོ་བཙུགས་ཏེ། ཁྱིམ་བདག་གིས་བྱིས་པ་ཁྱིམ་དུ་སྡོད་རིང་གི་འཚོ་བའི་ནུས་པ་གསོ་སྐྱོང་བྱེད་པའི་འགན་འཁུར་དགོས་ཤིང་། ཁྱིམ་བདག་གིས་བྱིས་པའི་འཚོ་བ་དང་ལས་ཀ་ཡོད་ཚད་འགན་གཙང་ལེན་པའི་བྱེད་ཐབས་ལ་སྒྱུར་བཅོས་བཏང་སྟེ། བྱིས་པའི་འཚོ་བའི་ནུས་པ་དེ་བྱིས་པ་རང་ལ་བརྟེན་ནས་ལེགས་སུ་འགྲོ་ཐུབ་པ་བྱེད་དགོས།

    མདོར་ན། བྱིས་པའི་རང་རྟོན་གྱི་བསམ་པ་སྐྱེད་སྲིང་བྱེད་དགོས་ན། རྣམ་ཀུན་ནས་ཁྱིམ་བདག་གམ་དགེ་རྒན་གྱིས་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་སློབ་མའི་རང་རྟོན་གྱི་བསམ་བློ་དང་། རང་བརྩིའི་བསམ་བློར་སྐུལ་ལྕག་བཏང་སྟེ། སློབ་མ་རང་རྐྱ་འཕེལ་ཐུབ་པ་བྱེད་དགོས། དེ་བཞིན་བྱིས་པ་མི་རེ་ངོ་རེའི་སློབ་སྦྱོང་གི་དགའ་སྣང་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ཏེ། སློབ་སྦྱོང་ཁྲོད་རྩེད་མོ་རྩེ་ཐུབ་པ་དང་། རྩེད་མོའི་ཁྲོད་སློབ་སྦྱོང་བྱེད་ཐུབ་པ་བྱས་ཏེ། བྱིས་པའི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་སོང་བ་དང་བསྟུན་ནས་འཚོ་བའི་ནུས་པ་ལེགས་སུ་གཏོང་དགོས། དེ་ལྟར་བྱས་ཚེ། ད་གཟོད་བྱིས་པའི་རང་རྟོན་གྱི་བསམ་པ་སྐྱེད་སྲིང་ཐུབ་ངེས་ལགས་སོ།

    (ལྷོ་ཁ་གྲོང་ཁྱེར་ཚོད་ལྟའི་བྱིས་པ་ཁང་གི་ཆོས་སྒྲོན)

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།