ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ་དང་བོད་ལྗོངས་ཚོང་འཕྲིན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ལམ་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ཞིང་ལས་ཚན་རྩལ་གླིང་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཞིང་། ལྷ་ས་དང་། གཞིས་རྩེ། ཉིང་ཁྲི། ནག་ཆུ་བཅས་སུ་རྒྱལ་ཁབ་ཀྱི་ཞིང་ལས་ཚན་རྩལ་གླིང་4བསྐྲུན་རྒྱུར་ཚན་རྩལ་པུའི་ཆོག་མཆན་ཐོབ་པ་དང་། 2020ལོར། བོད་རང་སྐྱོང་ལྗོངས་ཀྱི་ཁག་དང་པོའི་ཆབ་མདོ་ཁུལ་གསར་དང་མངའ་རིས་མཚོ་ཆེན་གྱི་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཚན་རྩལ་གླིང་2སྐྱེད་སྲིང་ཁས་ལེན་བྱས་པ་རེད། གླིང་ཁུལ་གྱིས་ས་གནས་དེ་གའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཞིང་འབྲོག་ལས་ཀྱི་སྣ་ཁ་གསར་པ་དང་། ལག་རྩལ་གསར་པ། སྒྲིག་ཆས་གསར་པ་བཅས་དཔེ་སྟོན་ངང་ཁྱབ་གདལ་གཏོང་བ། གསར་དར་ཁེ་ལས་སྐྱོང་གསོ་བཅས་བྱས་པ་དང་སྦྲགས། ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་རྒྱུར་ནུས་པ་གལ་ཆེན་བཏོན་པ་རེད།
2021ལོར། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་དུས་འགོའི་ལས་ཀའི་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་གླིང་ཁུལ་འཛུགས་སྐྲུན་རེ་ཞུའི་ལས་དོན་ལ་མུ་མཐུད་སྐུལ་འདེད་དང་ཤུགས་སྣོན་བརྒྱབ་ཅིང་། གྲོང་ཁྱེར(ས་ཁུལ)གྱིས་འོས་སྦྱོར་བྱེད་པ་དང་། ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱེད་པ། རིགས་གཅིག་མཁས་ཅན་གྱིས་དཔྱད་བཤེར་བྱེད་པ་སོགས་ཀྱི་གོ་རིམ་བརྒྱུད། ལྷ་ས་ཀྲི་ཀྲའོ་ཞིང་ལས་ཚན་རྩལ་གླིང་དང་། ལྷ་ས་སྟོད་ལུང་བདེ་ཆེན་ཞིང་ལས་ཚན་རྩལ་གླིང་། ལྷ་ས་ཐོན་མི་ཞིང་ལས་ཚན་རྩལ་གླིང་། ཉིང་ཁྲི་བོད་ཕག་ཞིང་ལས་ཚན་རྩལ་གླིང་། གཞིས་རྩེ་ས་སྐྱ་ཞིང་ལས་ཚན་རྩལ་གླིང་བཅས་ཁག་གཉིས་པའི་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཚན་རྩལ་གླིང་ལ་ཁས་ལེན་གཏན་འཁེལ་བྱས་པ་དང་སྦྲགས་བསྐྲུན་རྒྱུའི་ཆོག་མཆན་ཡང་ཐོབ་པ་རེད།