དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་ཆུང་དགེ་རྒན་ལ་ལྡན་དགོས་པའི་བསམ་སྤྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཟླ་དབྱངས།   |     སྤེལ་དུས།  2021-08-27

    དགེ་རྒན་ནི་ཀུན་སྤྱོད་དང་ཡོན་ཏན་སློབ་མཁན་ཡིན་པ་མ་ཟད་རང་དཔེ་གཞན་སྟོན་བྱེད་མཁན་ཡང་རེད། དེས་ན་དགེ་རྒན་ལ་ལྡན་དགོས་པའི་བསམ་སྤྱོད་ཀྱི་ཚད་གཞི་གཤམ་གསལ་ཕྱོགས་ཁག་ནས་དབྱེ་ཞིབ་བྱ་ཆོག་པ་སྟེ།

    1. དགེ་རྒན་གྱི་ཤེས་ཚད།

    དགེ་རྒན་ལ་ཤེས་བྱ་སྣ་ཚོགས་སྦྱོང་འདོད་ཀྱི་བློ་ལྡན་དགོས་པ་དང་ལྷག་པར་དུ་རང་གི་འཁྲིད་བྱའི་སློབ་ཚན་དེ་དང་སློབ་གསོ་བྱ་ཡུལ་གྱི་རང་གཤིས། སློབ་གསོ་གཏོང་ཐབས་བཅས་ཁོང་དུ་ཆུད་པར་མཐོང་ཆེན་པོ་བྱེད་དགོས་པ་མ་ཟད་འཚོ་བའི་ནང་གི་བྱ་དངོས་ཁག་ལ་ཡང་དོ་སྣང་ཆེན་པོ་བྱེད་དགོས།

    དགེ་རྒན་གྱིས་རང་གི་འཁྲིད་བྱའི་སློབ་ཚན་དེའི་ཤེས་བྱའི་མ་ལག་ཆ་ཚང་ཞིང་གཏིང་ཟབ་པ་ཞིག་ཁོང་དུ་ཆུད་པར་བྱེད་དགོས་ལ། སྤྱི་ཚོགས་ཚན་རིག་དང་རང་གི་འཁྲིད་བྱའི་སློབ་ཚན་དེ་དང་འབྲེལ་བ་ཆེ་ཙམ་ཡོད་པའི་སློབ་ཚན་གཞན་གྱི་ཤེས་བྱ་ཡང་ཕུན་སུམ་ཚོགས་ཙམ་ཡོད་དགོས། དེ་ལྟར་བྱུང་ཚེ་ཤེས་ཚད་སྙོམས་སྒྲིག་ལེགས་ཙམ་བྱེད་ཐུབ། དགེ་རྒན་གྱིས་སློབ་གཞི་ཁོང་དུ་ཆུད་པ་དང་སློབ་གཞི་མཁས་པོ་སྤྱོད་དགོས་པ་མ་ཟད། སྐད་ཆ་ཤོད་མཁས་ལ་རྟོག་ཞིབ་དང་བསམ་གཞིག་བྱེད་མཁས་པ་དང་། རང་རྒྱ་འཕེར་བ། བློ་རྒྱ་ཡངས་ཤིང་གཏིང་ཟབ་པ། དྲན་རྐྱེན་ལ་ཚོར་བ་རྣོ་བ་བཅས་ཀྱི་སྒོ་ནས་བསམ་བློ་གཏོང་ཤེས་པའང་བྱེད་དགོས།

    2. དགེ་རྒན་གྱི་བརྩེ་སེམས།

    དགེ་རྒན་ལ་ལྡན་དགོས་པ་ནི་བློ་རྩ་བརྟན་ཞིང་སེམས་ཤུགས་ལ་བརྟེན་ནས་རང་གི་བྱ་སྤྱོད་ལེགས་སྒྲིག་བྱེད་ཤེས་པ་དང་། རང་རྒྱུད་ལ་ལྡན་པའི་ཡ་རབས་སྤྱོད་བཟང་གིས་སློབ་མར་ཤན་ཞུགས་སུ་འཇུག་དགོས། དགེ་རྒན་གྱིས་རང་གི་བྱ་བཞག་དང་། ཆེད་བསྒྲིགས་སློབ་ཚན། སློབ་མ་བཅས་ལ་དགའ་ཞེན་བྱེད་པ་དེ་སློབ་གསོ་སློབ་ཁྲིད་ཀྱི་ལས་ཀ་དང་འགན་འཁུར་གྱི་བསམ་པ་བཅས་ནས་མངོན་པར་བྱེད་དགོས་ལ། སློབ་མར་ལྷག་བསམ་རྣམ་དག་དང་། སེམས་རྩ་འཁོལ་པོ། གཅེས་སྐྱོང་། ཉེ་རིང་མེད་པ། ཡོན་ཏན་སློབ་སྐབས་བག་འཁུམ་དང་སུན་སྣང་མེད་པ། སློབ་མ་འཇོན་ཐང་ཅན་ཞིག་ཆགས་རྒྱུར་འདུན་པ་དྲག་པོ་འཆང་བ་སོགས་ནས་མངོན་པ་བྱེད་དགོས།

    3. དགེ་རྒན་གྱི་སེམས་ཤུགས།

    དགེ་རྒན་ལ་སློབ་གསོ་སློབ་ཁྲིད་ཀྱི་ལས་འགན་ལེགས་སྒྲུབ་ཐུབ་པ་དང་། སྙིང་སྟོབས་ཆེན་པོས་དཀའ་ངལ་ཁྱད་བསད་བྱེད་པའི་སེམས་ཤུགས་ཡོད་དགོས་པ་མ་ཟད། བདེན་དོན་དང་རྩ་དོན་རྒྱུན་འཁྱོངས་བྱེད་ཆེད་འཇིགས་ཞུམ་སྤུ་ཙམ་མེད་པར་བློ་ཐག་ཆོད་ལ་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ལྡན་དགོས་པ་དང་། དཀའ་གནད་ཐག་གཅོད་སྐབས་ངང་རྒྱུད་རིང་ལ་བཟོད་བསྲན་བྱེད་ཐུབ་པ་དང་བློ་རྩ་བརྟན་ཞིང་འཚབ་འཚུབ་མེད་པ་སློབ་གསོ་སློབ་ཁྲིད་ཀྱི་ལས་ཀ་མཐའ་འཁྱོངས་བྱེད་པའི་སེམས་ཤུགས་བཅས་ཡོད་དགོས།

    4. དགེ་རྒན་གྱི་འཇོན་ཐང་།

    དགེ་རྒན་ལ་རང་གི་གསར་འཕྲིན་ཁག་སྐབས་འཕྲལ་ཤེས་རྟོགས་ཐུབ་པ་མ་ཟད། དེ་གཞན་ལ་བརྒྱུད་སྤྲོད་བྱེད་པའི་འཇོན་ཐང་ཡོད་དགོས་པ་དང་། སློབ་མའི་རིག་སྟོབས་དང་རིག་སྟོབས་མ་ཡིན་པའི་ཕྱོགས་སོ་སོ་ལེགས་སྒྲིག་བྱེད་ཤེས་པ། སློབ་མའི་རིག་སྟོབས་ཀྱི་འགུལ་སྐྱོད་དེ་ནུས་ལྡན་ཅན་དུ་ཚད་འཛིན་ཐུབ་པའི་འཇོན་ཐང་བཅས་ཡོད་དགོས།

    དགེ་རྒན་ལ་སློབ་མའི་སྦྱངས་འབྲས་དང་འཇོན་ཐང་ལ་བདེན་པ་བདེན་ཐུབ་ཀྱི་སྒོ་ནས་དཔྱད་བསྡུར་དང་གདེང་འཇོག་བྱེད་པའི་འཇོན་ཐང་ཡོད་དགོས་ལ། སློབ་གསོ་སློབ་ཁྲིད་ཀྱི་གནས་ཆ་འཕྲིན་དེ་མ་ཐག་ཁོང་དུ་ཆུད་ཐུབ་པ་དང་། སློབ་མའི་སྦྱོང་འདོད་ཀྱི་བློ་དང་ཡར་རྒྱས་ཀྱི་བསམ་པར་སྐུལ་མ་གཏོང་བའི་འཇོན་ཐང་ཡང་ཡོད་དགོས།

    དགེ་རྒན་ལ་སློབ་མར་དོ་དམ་ཐུབ་པའི་འཇོན་ཐང་ཡོད་དགོས་པ་སྟེ། སློབ་མའི་ཤེས་ཚད་དང་རང་གཤིས་ལ་གནས་པའི་ཐུན་མོང་གི་ཁྱད་ཆོས་དང་། སློབ་མ་སོ་སོའི་དམིགས་བསལ་གྱི་ཁྱད་ཆོས་ཁག་གསལ་རྟོགས་ཐུབ་པ་དང་། ནུས་ལྡན་གྱི་བྱ་ཐབས་སྤེལ་བ། ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་ཡག་པོ་བྱས་ཏེ་སློབ་མ་སྤྱི་དང་བྱེ་བྲག་སོ་སོའི་འཚར་ལོངས་ལ་སྐུལ་མ་གཏོང་དགོས།

    5. དགེ་རྒན་གྱི་ཀུན་སྤྱོད།

    དགེ་རྒན་གྱིས་ཏང་གི་སློབ་གསོའི་བྱ་གཞག་ལྷག་བསམ་རྣམ་དག་བྱེད་པ་དང་། དགེ་རྒན་རང་ངོས་ལའང་ཀུན་སྤྱོད་བཟང་པོ་ཡོད་དགོས། དགེ་རྒན་ལ་རང་དཔེ་གཞན་སྟོན་གྱི་བསམ་པ་ཤུགས་ཆེན་ལྡན་དགོས་པ་མ་ཟད། རང་གི་བྱ་སྤྱོད་ཀྱི་ཚད་གཞི་དངོས་དང་གཞན་གྱིས་རང་ལ་བྱས་པའི་གདེང་འཇོག་དང་ཟུང་དུ་འབྲེལ་ནས་འདས་ཟིན་པ་དང་ད་ལྟའི་རང་གི་བྱ་སྤྱོད་དངོས་ལ་གདེང་འཇོག་དང་ངོས་འཛིན་ཡང་དག་བྱེད་པ་དང་། རང་གིས་རང་ལ་བླང་བྱ་ནན་པོ་བཏོན་ནས་ཚད་ལྡན་གྱི་དགེ་རྒན་ཞིག་ཡོང་བའི་དམིགས་ཚད་འཛུགས་པ། རང་གིས་རང་གཅུན་ཐུབ་པ། རང་ལ་དངོས་སུ་བློ་སྦྱོང་ནན་པོ་སྤྲད་ནས་ལས་ཀར་རང་འགུལ་དང་མ་སྐུལ་དང་བླངས་ངང་ཞུགས་པའི་བསམ་པ་བཅས་ཡོད་དགོས།

    6. དགེ་རྒན་ཚད་ལྡན་ཞིག་ཇི་ལྟར་བྱེད་དགོས་པ།

    དགེ་རྒན་ཚད་ལྡན་ཞེས་པ་ནི་སློབ་མས་དགེ་རྒན་ལ་བཅངས་པའི་དད་སེམས་དང་གུས་བཀུར་བྱེད་ལུགས་ལ་གོ་དགོས། དེས་དོན་དངོས་ཐོག་དགེ་སློབ་དབར་གྱི་ཕན་ཡོད་ཀྱི་འབྲེལ་བ་མཚོན་ཐུབ་པ་མ་ཟད། དགེ་རྒན་གྱིས་སློབ་མར་ཤུགས་རྐྱེན་བཟང་པོ་སྤྲོད་པའི་རྨང་གཞིར་ཡང་འགྱུར་ཐུབ་པ་སྟེ།

    (1) དགེ་རྒན་ཚད་ལྡན་ཞིག་བྱེད་པ་ནི་དགེ་རྒན་གྱི་གནས་བབ་དང་ལས་ཀར་བརྩི་སྲུང་ཇི་ལྟར་བྱེད་ཚུལ་དང་། ཁྱིམ་བདག་གིས་དགེ་རྒན་ལ་གུས་བཀུར་ཞུ་ལུགས། སློབ་མས་དགེ་རྒན་དང་དགེ་རྒན་གྱི་ལས་ཀར་ངོས་འཛིན་བྱེད་སྟངས་སོགས་ལ་རག་ལུས་ཡོད་ལ། དེ་བས་གལ་འགངས་ཆེ་བ་ཞིག་ནི་དགེ་རྒན་རང་ངོས་ནས་མིག་དཔེའི་ནུས་པ་ཇི་ཙམ་འདོན་མིན་དང་སློབ་གསོ་སློབ་ཁྲིད་ཀྱི་ཕན་འབྲས་ཇི་ཙམ་ཐོན་ཡོད་མེད་བཅས་ལ་རག་ལུས་ཡོད། དགེ་རྒན་གྱི་བྱང་ཚད་དེའང་བཙན་ཤེད་ལ་བརྟེན་པ་མ་ཡིན་པར་དགེ་རྒན་རང་ཉིད་ཀྱི་ཤེས་བྱ་དང་། གཤིས་སྤྱོད། སློབ་མར་འཛིན་པའི་བརྩེ་དུང་། སློབ་གསོ་སློབ་ཁྲིད་ཀྱི་ཚད་མཐོའི་འཇོན་ཐང་། སློབ་གསོའི་ལས་ཀར་ལྷག་བསམ་རྣམ་དག་བྱེད་པ་བཅས་ལ་བརྟེན་ནས་སློབ་མའི་ཁྲོད་དུ་ངང་ངམ་ཤུགས་ཤུཌ་སུ་བྱུང་བ་ཞིག་ཡིན་དགོས།

    དགེ་རྒན་གྱིས་རང་གིས་རང་ལ་བླང་བྱ་ནན་པོ་འདོན་པ་དང་། རང་གིས་རང་གཅུན་ཐུབ་པ། ལས་ཀ་ཧུར་སེམས་ཆེ་བ། རང་དཔེ་གཞན་སྟོན་རྒྱུན་འཁྱོངས་ཐུབ་པ་བཅས་བྱས་ནས་རང་གི་བྱ་སྤྱོད་བཟང་པོར་བརྟེན་ནས་སློབ་མར་ཤན་ཞུགས་ཐུབ་པར་བྱེད་དགོས།

    (2) སློབ་མར་ཐོག་མའི་བག་ཆགས་ལེགས་པོ་ཞིག་འཇོག་དགོས། སློབ་མས་དགེ་རྒན་ལ་བྱུང་བའི་ཐོག་མའི་བག་ཆགས་ནི་ཁོ་ཚོའི་སེམས་ལ་བརྗེད་དཀའ་བ་ཞིག་ཡོད། དེས་ན་དགེ་རྒན་གྱིས་དང་ཐོག་བབ་བརླིང་ཞིང་སེམས་རྩ་འཁོལ་པོས་སློབ་མ་ཚོ་དང་འབྲེལ་གཏུག་བྱེད་དགོས་པ་མ་ཟད། ཐོག་མའི་སློབ་ཚན་དེར་གྲ་སྒྲིག་ཨང་གསར་བྱས་ནས་སློབ་ཁྲིད་ཡག་པོ་བྱེད་པ་དང་། འཛིན་གྲྭའི་ཐོག་མའི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་ནས་བཀོད་སྒྲིག་ལེགས་པོ་བྱེད་པ། འཛིན་གྲྭའི་ནང་ཐོན་པའི་ཐོག་མའི་གནད་དོན་དེ་ཚོ་ཐག་གཅོད་ཡང་དག་པ་བྱེད་པ་བཅས་ནི་དགེ་རྒན་ཚད་ལྡན་ཞིག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

    (3) དགེ་རྒན་རང་ཉིད་སློབ་མའི་གནས་བབ་ཏུ་བསྡད་ནས་ཁོ་ཚོར་ངོས་འཛིན་དང་། མྱོང་ཚོར། བསམ་ཤེས་བཅས་བྱེད་དགོས་པ་མ་ཟད། ཁོ་ཚོའི་བསམ་པ་དངོས་ཤེས་རྟོགས་བྱས་ནས་དགེ་སློབ་ཕན་ཚུན་བསམ་པ་མཐུན་ཐུབ་པ་དང་། མཛའ་མཐུན་ཡག་པོ་ཡོང་བ། སློབ་མར་བསམ་ཤེས་དང་བརྩི་འཇོག ཁོ་ཚོར་གདེང་འཇོག་དང་ལྟ་སྟངས་ཡང་དག་འཛིན་པ་བཅས་བྱེད་དགོས་ལ་རྟག་ཏུ་དགེ་རྒན་རང་ཉིད་ཀྱི་གཏམ་སྤྱོད་ལ་ཞིབ་བཤེར་དང་། བློ་ཁོག་ཆེན་པོས་རང་གི་སྐྱོན་ཆ་དང་ནོར་འཁྲུལ་ངོས་འཛིན་དང་ཡོ་བསྲང་བྱེད་ཕོད་པ་དགོས།

    (4) སློབ་མ་ཚོ་ཐུན་མོང་ཐོག་ཡར་རྒྱས་ཡོང་བ་དང་། སློབ་མ་ཚོའི་རང་འགུལ་གྱི་བསམ་པ་གསོ་སྐྱོང་། ནན་པོ་དང་བཙན་ཤེད་འབའ་ཞིག་ལ་བརྟེན་པའི་སློབ་གསོ་བྱ་ཐབས་ལེགས་བཅོས་གཏོང་བ་བཅས་ཀྱང་དགེ་རྒན་ཚད་ལྡན་ཞིག་བྱེད་པའི་རྨང་གཞི་རེད།

    མདོར་ན། སྤྱོད་ཡོན་གཉིས་ལྡན་གྱི་རྒྱུད་འཛིན་པ་བཟང་པོ་ཞིག་གསོ་སྐྱོང་བྱེད་པ་ནི་དུས་རབས་ཀྱིས་དགེ་རྒན་རྣམས་ལ་དཀྲིས་པའི་འདོར་དུ་མི་རུང་བའི་འགན་འཁྲི་བླ་ན་མེད་པ་ཞིག་ཡིན་སྟབས་དགེ་རྒན་ལ་ལྡན་དགོས་པའི་བསམ་སྤྱོད་དེ་དག་ནི་སློབ་གསོའི་ལས་དོན་གྱི་ཆེད་རྩ་བའི་རྨང་གཞི་ཞིག་ཀྱང་རེད་སྙམ།

    (རིན་སྤུངས་རྫོང་ཆ་ཚང་སློབ་ཆུང་། ཟླ་དབྱངས)

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།