དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་མར་བོད་ཡིག་གི་བྱ་ཚིག་སྐོར་ངོ་སྤྲོད་ཁ་གསལ་བྱེད་དགོས་པའི་གལ་ཆེའི་རང་བཞིན་མདོར་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བཀྲ་ཤིས་གཡང་འཛོམས་རྒན་པ།   |     སྤེལ་དུས།  2021-08-06

    བོད་ཀྱི་སྐད་ཡིག་ལ་ཕྲད་དང་རྣམ་དབྱེ། དེ་བཞིན་ཚིག་གྲུབ། བྱ་བྱེད་ལས་གསུམ་དང་བདག་གཞན་དུས་གསུམ་ལ་སོགས་དབྱེ་སྲོལ་མང་དག་ཅིག་ཡོད་པར་བརྟེན། བོད་ཡིག་འདི་བརྡ་སྤྲོད་ཀྱི་གཞུང་ལུགས་ཆ་ཚང་བའི་སྐད་ཡིག་ཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།

    མིའི་རིགས་ཀྱི་སྐད་ཡིག་གང་དང་གང་ཞིག་ཡིན་རུང་། བྱ་ཚིག་ལ་མ་བརྟེན་པར་མི་རྣམས་ཀྱི་བྱ་སྤྱོད་མཐའ་དག་སྐད་དང་ཡི་གེ་གཉིས་ཀྱི་ཐོག་ནས་ངོ་སྤྲོད་དང་གསལ་བཤད་བྱེད་ཐབས་བྲལ་བ་ནི་གསལ་པོ་རེད། དེར་བརྟེན་བྱ་བ་ཞིག་རྗོད་པའི་ཚིག་ལ“བྱ་ཚིག”ཅེས་དེ་སྔ་ནས་མཚན་ཉིད་འཇོག་སྲོལ་ཡོད་པ་དེ་དང་གཅིག་མཚུངས་ཆགས་ཡོད། ཡིན་ན་ཡང་། བོད་ཡིག་གི་བྱ་ཚིག་ལ་ཐུན་མོང་མ་ཡིན་པའི་རྣམ་པ་ཞིག་ཡོད་པ་ནི་བྱ་བྱེད་ཐ་དད་པ་དང་བྱ་བྱེད་ཐ་མི་དད་པའི་དབྱེ་བ་ཡོད་པ་མ་ཟད། བྱ་ཚིག་དེའི་རིགས་ལ་ཞེ་སའི་རྣམ་པ་དང་ཞེ་ས་མིན་པའི་དབར་གྱི་ཁྱད་པར་ཡང་ཡོད། དུས་རྒྱུན་བོད་ཡིག་སློབ་ཁྲིད་བྱེད་དུས་བྱ་ཚིག་དང་འབྲེལ་བའི་སྐོར་ལ་དམིགས་སུ་སྡེ་ཚན་ཕྱེ་ནས་སློབ་ཕྲུག་རྣམས་ལ་ངོ་སྤྲོད་གསལ་པོ་ཞིག་བྱེད་སྲོལ་མེད་པར། བྱ་ཚིག་ཁག་བོད་ཡིག་གི་སློབ་དེབ་སྤྱིའི་ནང་དོན་དང་བསྟུན་ནས་ངོ་སྤྲོད་བྱེད་ཀྱིན་ཡོད། དེ་ལྟ་བུའི་སློབ་ཁྲིད་བྱ་ཐབས་ཀྱིས་རྐྱེན་པས་སློབ་ཕྲུག་མི་ཉུང་བ་ཞིག་ནས་བོད་ཡིག་ནང་གི་བྱ་ཚིག་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་དག་མ་ཤེས་པ་མ་ཟད། ཚད་ལྡན་གྱི་ཕྱིའི་སྐད་ཡིག་གཞན་དག་དེ་ཚོའི་བྱ་ཚིག་ལ་ཡོད་པའི་རྣམ་པ་དང་། བྱེད་ནུས་ལ་སོགས་བོད་ཡིག་ནང་གི་བྱ་ཚིག་ལའང་གཅིག་མཚུངས་སུ་ཡོད་པ་དེ་མ་ཤེས་པས། ཁོ་ཚོས་བོད་ཀྱི་སྐད་ཡིག་ནས་འབྲི་རྩོམ་བྱེད་དུས། བྱ་ཚིག་རྣམས་བེད་སྤྱོད་འོས་ཤིང་འཚམ་པ་བྱེད་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད། དེར་བརྟེན། གུས་མོའི་བསམ་པར་ང་ཚོའི་བོད་ཡིག་སློབ་ཁྲིད་ཀྱི་ཐབས་ལམ་དེ་དག་དེང་དུས་ཀྱི་སློབ་གསོའི་ཁོར་ཡུག་དང་། སྐད་བརྡ་རིག་པའི་སློབ་ཁྲིད་ཀྱི་གཞུང་ལུགས་དང་འཚམ་པའི་སྒྱུར་བཅོས་ཤིག་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཆགས་འདུག་སྙམ།

    གཤམ་དུ་གུས་མོས་བོད་ཡིག་གི་བྱ་ཚིག་ལ་རིགས་ཀྱི་རྣམ་པ་དང་བྱེད་ནུས་ཀྱི་ཁྱད་པར་ཇི་ཙམ་ཞིག་ཡོད་མེད་ཀྱི་སྐོར་ལ་ངོ་སྤྲོད་མདོར་ཙམ་ཞུ་རྒྱུ་ཡིན། བོད་ཡིག་གི་རྗོད་པ་ཚིག་གྲུབ་ཅིག་གི་ནང་དུ་བྱ་བྱེད་ཐ་དད་པའི་བྱ་ཚིག་དང་། བྱ་བྱེད་ཐ་མི་དད་པའི་བྱ་ཚིག་གཉིས་ཡོད་པ་མ་ཟད། རྗོད་པ་ཚིག་གྲུབ་ནང་གི་བྱེད་པ་པོ་དེ་དག་གང་ཟག་དང་པོ“ང”དང་། གང་ཟག་གཉིས་པ“ཁྱེད་རང” གང་ཟག་གསུམ་པ“ཁོང” གང་ཞིག་ཡིན་མིན་གྱི་ངོ་བོ་སྟོན་མཁན་གྱི་བྱ་ཚིག“ཡིན” “རེད”གཉིས་དང་། བྱ་ཚིག་དེ་གཉིས་ཀྱི་དགག་ཚིག“མིན” “མ་རེད”བཅས་བཞི་ཡོད་ལ། བྱ་ཚིག་བཞི་པོ་དེ་དག་གང་ཟག་མི་འདྲ་བ་གསུམ་པོར་འཚམ་པའི་ཐོག་ནས་འབྲི་དགོས། དེ་བཞིན་རྗོད་པ་ཚིག་གྲུབ་ནང་གི་བྱེད་པ་པོའི་གང་ཟག་བྱེ་བྲག་པ་དེ་དག་གནས་སམ་ཡུལ་གང་དུ་ཡོད་པའམ། བྱེད་པ་པོའི་གང་ཟག་བྱེ་བྲག་པ་དེས་རྒྱུ་དབང་གང་ཞིག་བདག་ཏུ་འཛིན་བཞིན་ཡོད་པའི་རྣམ་པ་སྟོན་མཁན་གྱི་བྱ་ཚིག“ཡོད”དང་ “འདུག”གཉིས་དང་། བྱ་ཚིག་དེ་གཉིས་ཀྱི་དགག་ཚིག“མེད”དང“མི་འདུག”བཅས་བཞི་པོའང་གང་ཟག་མི་འདྲ་བ་གསུམ་པོ་ལ་འཚམ་པར་སྤྱོད་དགོས།

    གོང་གི་བྱ་ཚིག་རྣམས་ལ་ལྡན་པའི་ཁྱད་ཆོས་དེ་དག་ལས་བོད་ཀྱི་སྐད་ཡིག་ནི་འཐུས་སྒོ་ཚང་བའི་སྐད་ཡིིག་ཚད་དང་ལྡན་པ་ཞིག་ཡིན་པ་ར་སྤྲོད་བྱེད་བཞིན་ཡོད་ཀྱང་། ང་ཚོའི་ངོས་ནས་བྱ་ཚིག་དེ་ཚོར་དེ་ཙམ་གྱིས་དོ་སྣང་དང་དབྱེ་ཞིབ་མེད་པའི་ཐོག་སློབ་ཁྲིད་སྐབས་སུའང་འགྲེལ་བཤད་ཁ་གསལ་ཞིག་རྒྱག་སྲོལ་མེད་པའི་དབང་གིས་སློབ་ཕྲུག་ཚོ་དུས་རྒྱུན་རྩོམ་འབྲིའི་ལས་ལ་འཇུག་སྐབས་བྱ་ཚིག་དེ་རྣམས་ཀྱི་བཀོལ་སྤྱོད་ལ་གདེང་ཚོད་མེད་པའམ་ཐེ་ཚོམ་གྱི་གནས་སུ་ལྷུང་གི་ཡོད། དཔེར་ན། ཁོང་ནི་ངའི་ཨ་མ་ལགས“རེད”ཅེས་པའི་ཚིག་གྲུབ་དེའི་ནང་དུ་བྱ་ཚིག“རེད” དང་། བྱ་ཚིག“ཡིན་”གང་ཞིག་བེད་སྤྱོད་བྱེད་དགོས་པ་མ་ཤེས་པ་དང་། ཡང་དཔེར་ན། ངའི་ཨ་མ་ལཌ་ཁོང“ཡིན”ཞེས་བྱ་ཚིག“ཡིན”དང“རེད”གང་ཞིག་འབྲི་དགོས་མིན་ལ་ཐེ་ཚོམ་སྐྱེ་བ་སོགས་ཀྱི་སྣང་ཚུལ་ཐོན་གྱི་ཡོད།

    བོད་ཀྱི་བརྡ་སྤྲོད་གཞུང་དུ་བྱ་ཚིག་ལ“བྱ་བྱེད་ཐ་དད་པ” དང“བྱ་བྱེད་ཐ་མི་དད་པ”རིགས་གཉིས་གསུངས་ཡོད་པས་དེ་ནི་གནད་འགག་ཤིན་ཏུ་ཆེ་བའི་ནང་ཚན་ཞིག་རེད། གང་ལགས་ཤེ་ན། དེང་དུས་འཛམ་གླིང་ཁྱོན་ལ་དར་ཁྱབ་ཆེ་ཞིང་། ཚད་འཛིན་སར་བྱེད་སའི་དབྱིན་ཇིའི་སྐད་ཡིག་ནང་གི་བྱ་ཚིག་ཚན་པར་ཡོད་པའི་ཁྱད་ཆོས་རྣམས་བོད་ཡིག་གི་བྱ་ཚིག་ལ་དེ་མཚུངས་སུ་ཡོད་པ་སྐད་བརྡ་རིག་པའི་ཞིབ་འཇུག་པ་རྣམས་ནས་གསུངས་ཡོད། དེ་ཡང་བོད་ཡིག་གི་བྱ་ཚིག་དེ་ཚོས་རྗོད་པ་ཚིག་གྲུབ་དེའི་བྱེད་པ་པོས་བྱེད་ལས་བྱ་ཡུལ་གྱི་ཐོག་ཏུ་བྱ་བ་གང་ཞིག་དངོས་སུ་བྱས་ཟིན་པའམ། ད་ལྟ་བྱེད་བཞིན་ཡོད་པ། ཡང་ན། མ་འོངས་པར་བྱ་འཆར་ཡོད་པའི་རྣམ་པ་ཁག་སྟོན་ཐུབ་པ་མ་ཟད། བྱ་ཚིག་བྱེ་བྲག་པ་སོ་སོར་དུས་འདས་པ་དང་། དུས་ད་ལྟ་བ། དུས་མ་འོངས་པ་བཅས་ཀྱི་ཁྱད་པར་མངོན་པའི་དག་ཆ་རེ་འབྲི་རྒྱུ་ཡོད་ལ། བྱ་ཚིག་རེ་རེ་ལ་སྐུལ་ཚིག་གི་རྣམ་པ་ཞིག་ཀྱང་ཕྱེ་རྒྱུ་ཡོད་པ་རེད། དེར་བརྟེན། སློབ་ཕྲུག་ཚོར་བོད་ཡིག་གི་བྱ་ཚིག་སོ་སོའི་དུས་གསུམ་གྱི་རྣམ་པ་ཁག་ཡང་དག་པའི་ངང་ནས་འབྲི་རུ་བཅུག་དགོས།

    འོན་ཀྱང་། སྐབས་རེ་སློབ་ཁྲིད་དངོས་ཀྱི་བརྒྱུད་རིམ་ནང་སློབ་མ་ཚོར་དེའི་ཐད་ནན་ཏན་གྱིས་འགྲེལ་བརྗོད་མ་བྱུང་བས། རྒྱུན་དུ་སློབ་ཕྲུག་ཚོས་གོང་གསལ་གྱི་བྱ་ཚིག་དེ་ཚོའི་དུས་མ་འོངས་པ་དང་། དུས་ད་ལྟ་བ་མངོན་པའི་རྣམ་པ་དེ་ནོར་འཁྲུལ་གྱིས་བེད་སྤྱོད་བྱེད་མཁན་ཡོད། དཔེར་ན། “ངས་དེབ་བཀླག་གི་ཡིན”ཞེས་པའི་ཚིག་གྲུབ་ནང་གི་དུས་མ་འོངས་པའི་བྱ་ཚིག་དེ་དག“ངས་དེབ་ཀློག་གི་ཡིན”ཞེས་དུས་ད་ལྟ་བའི་བྱ་ཚིག་གི་རྣམ་པར་འབྲི་ནོར་ཤོར་བཞིན་ཡོད་པ་ལྟ་བུའོ།

    བོད་ཡིག་ནང་གི་བྱ་ཚིག་རྣམས་ལ་དུས་གསུམ་གྱི་དབྱེ་བ་གསལ་པོ་ཞིག་ཕྱེ་རྒྱུ་ཡོད་པ་ཕུད། བྱ་བ་གང་དང་གང་ཞིག་གྲུབ་བཞིན་ཡོད་པའི་ཕྱིའི་རྣམ་འགྱུར་ཁག་ཇི་མ་ཇི་བཞིན་མཚོན་ཐུབ་པའི་བྱ་ཚིག་མང་པོ་ཡོད་པ་སྟེ། རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་དབང་པོའི《གཏམ་པད་མའི་ཚལ་གྱི་ཟློས་གར》ནང་དུ། “མ་སྨིན་པའི་པད་མ་རྣམས་མྱུ་གུ་བཀྲ་བ། ཟུམ་པའི་པད་མ་རྣམས་ཐལ་མོ་སྦྱར་བ། གོད་པའི་པད་མ་རྣམས་གེ་སར་བྲལ་བ། ཟག་པའི་པད་མ་རྣམས་རྩི་བཅུད་ཀྱིས་སྟོང་པ། རྙིངས་པའི་པད་མ་རྣམས་འདབ་མ་ལྷུང་བ། དགོད་པའི་པད་མ་རྣམས་གེ་སར་ངོམ་པ། སྦས་པའི་པད་མ་རྣམས་སྦུབས་ན་གནས་པ”ལ་སོགས་བྲིས་གནང་ཡོད་པ་མཐོང་རྒྱུ་ཡོད། དེར་བརྟེན། སློབ་ཕྲུག་ཚོར་འབྲི་རྩོམ་གྱི་སྦྱོང་གཞི་བཀོད་སྒྲིག་བྱེད་པའི་སྐབས་སུ་གང་ཐུབ་ཅི་ཐུབ་ཀྱིས་བྱ་ཚིག་འདྲ་མིན་ཞིག་བཀོལ་སྤྱོད་བྱེད་དགོས་པ་ལས། རྟག་ཏུ་ཁ་རྒྱུན་དུ་ཡོད་པའི་བྱ་ཚིག་རེ་གཉིས་རྣམས་ཡང་ནས་ཡང་དུ་མི་ཐོན་པའི་སློབ་སྟོན་བྱེད་རྒྱུ་གལ་ཆེ་སྙམ།

    མདོར་ན། གངས་ཅན་བོད་ཀྱི་སྐད་དང་ཡི་གེའི་ནང་དུ་བེད་སྤྱོད་བྱས་དང་བྱེད་བཞིན་ཡོད་པའི་བྱ་ཚིག་རྣམས་ཀྱི་ངོ་བོ་དང་བྱེད་ནུས་ལ་དབྱེ་འབྱེད་དང་གོ་རིམ་བསྒྲིགས་ཏེ་སློབ་ཕྲུག་རྣམས་ལ་ངོ་སྤྲོད་བྱེད་དགོས་ཤིང་། དེང་སྐབས་ཀྱི་སྐད་བརྡ་རིག་པའི་གཞུང་ལུགས་བརྒྱུད་ནས་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་པའི་ལམ་སྲོལ་དང་ཐབས་ལམ་གང་ཐུབ་ཀྱིས་འཐུས་སྒོ་ཚང་དུ་གཏོང་ཐབས་བྱས་ཏེ། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཀྱི་ནང་དོན་རྣམས་སྔར་བས་ཕུན་སུམ་ཚོགས་ཤིང་ཚད་དང་ལྡན་པ་ཞིག་ཡོང་བ་བྱ་རྒྱུ་ནི་བོད་ཡིག་སློབ་ཁྲིད་བྱེད་མཁན་ཚོའི་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་ཏུ་གྱུར་ཡོད།

    ལྷ་ས་གྲོང་ཁྱེར་སློབ་ཆུང་གསུམ་པ། བཀྲ་ཤིས་གཡང་འཛོམས་རྒན་པ།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།