ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་རང་སྐྱོང་ལྗོངས་ཀྱིས་ཚན་རྩལ་གསར་གཏོད་ལས་སྟེགས་བསྐྲུན་རྒྱུའི་ཐད་ཚད་བརྒལ་གསར་པ་མང་པོ་བྱུང་ཡོད།
བོད་ལྗོངས་ལྷ་སར་རྒྱལ་ཁབ་ཀྱི་གསར་གཏོད་རྣམ་པའི་གྲོང་ཁྱེར་གཏོད་རྒྱུའི་ཆོག་མཆན་ཐོབ་པ་དང་། བོད་ལྗོངས་ཉིང་ཁྲིར་རྒྱལ་ཁབ་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ་བསྐྲུན་རྒྱུའི་ཆོག་མཆན་ཐོབ་པ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་རྒྱལ་ཁབ་ཀྱི་གསར་གཏོད་རྣམ་པའི་རྫོང(གྲོང་ཁྱེར)ལ་བདམས་པ་རེད། ཞིང་ཆེན་དང་པུའུ་ཡིས་ནས་སོན་གྱི་ཐོན་ཁུངས་དང་འབྲི་གཡག་གི་རྒྱུད་པ་ལེགས་བཅོས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་མཉམ་སྐྲུན་ལ་ཆོག་མཆན་ཐོབ་ནས་བོད་དུ་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་མེད་པའི་སྟོང་ཆ་བསྐངས་ཡོད།
བོད་ལ་རྒྱལ་ཁབ་རིམ་པའི་ཕྱི་ཕྱོགས་ཚན་རིག་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་9ཡོད། བོད་ལྗོངས་ཉིང་ཁྲིའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ལ་ཆོག་མཆན་ཐོབ་ཡོད། བོད་ལྗོངས་ལྷ་ས་དང་། ནག་ཆུ། ཆབ་མདོ་བཅས་སུ་བོད་རང་སྐྱོང་ལྗོངས་རིམ་པའི་མཐོ་གསར་ཁུལ་3བསྐྲུན་རྒྱུ་དང་། བོད་ལྗོངས་ཆབ་མདོ་ཁུལ་གསར་དང་མངའ་རིས་མཚོ་ཆེན་གྱི་བོད་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཚན་རྩལ་གླིང་ལ་ཐོག་མར་ཁས་ལེན་ཐོབ་པ་དང་། ཁག་དང་པོའི་བོད་རང་སྐྱོང་ལྗོངས་རིམ་པའི་ནད་ཐོག་སྨན་བཅོས་ཞིབ་འཇུག་ལྟེ་གནས་4སྐྲུན་འགོ་ཚུགས་པ། བོད་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཚོད་ལྟ་ཁང་དང་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་37བསྐྲུན་ཟིན་ཡོད། ཟླ་5ཚེས་23ཉིན་རྒྱལ་ཁབ་ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་གཏོད་ལྟེ་གནས་བསྐྲུན་རྒྱུའི་ཆོག་མཆན་ཐོབ་པ་མ་ཟད། དངོས་སུ་སྒོ་བྱང་བཀལ་བ་དང་དེ་ནི་བོད་དུ་བཙུགས་པའི་རྒྱལ་ཁབ་རིམ་པའི་ལག་རྩལ་གསར་གཏོད་ལྟེ་གནས་ཐོག་མ་དེ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་རྒྱལ་ཁབ་ཀྱི་ཚན་རིག་སྒྲིག་བཀོད་ཆེན་པོ་བོད་དུ་འཛུགས་རྒྱུར་བརྩོན་ལེན་ཧུར་ཐག་བྱེད་རྒྱུ་རེད། བོད་ལྗོངས་ལྷ་ས་མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་ལྟེ་གནས་དང་། ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་གཏོད་ལྟེ་གནས། ནུས་རྒྱུ་གཙང་མའི་ལག་རྩལ་གསར་གཏོད་ལྟེ་གནས། བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་ལྟེ་གནས། སྐྱེ་ཁམས་གཙོ་གནད་ཚོད་ལྟ་ཁང་སོགས་ཀྱི་གསར་གཏོད་ལས་སྟེགས་དང་། གནམ་དཔྱད་དང་། ས་ཁམས། སྐྱེ་དངོས་བཅས་དང་ས་མཐོའི་ཚན་རིག་དང་རིག་གནས་ཁྱད་ལྡན་རྒྱལ་སྤྱིའི་གྲོང་རྡལ་ཆུང་ངུ། ཚན་རྩལ་གསར་གཏོད་ཁུལ། གནམ་དཔྱད་ཁང་འཛུགས་སྐྲུན་སོགས་ཀྱི་གསར་གཏོད་རྟེན་གཞི་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་གྱི་སྟོབས་ཤུགས་བོད་དུ་ཇུས་བཀོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཁྱད་ཆོས་མངོན་གསལ་དོད་པའི་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་གསར་པ་ཞིག་གཏོད་རྒྱུ་རེད།