ངག་དབང་ལྷུན་གྲུབ། སྐྱེས་པ། བོད་རིགས། དངོས་གཞིའི་སློབ་ཆེན་གྱི་སློབ་རྒྱུས་ལྡན། ཀྲུང་གུང་ཏང་ཡོན། 1983ལོའི་ཟླ་8པར་བོད་ལྗོངས་གཞིས་རྩེ་ས་ཁུལ་ལྷ་རྩེ་རྫོང་དུ་སྐྱེས། 2008ལོའི་ཟླ་7པར་བོད་ལྗོངས་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་སྐྱེ་དངོས་རིག་པའི་ཆེད་ལས་ནས་ཐོན་རྗེས་འབྲོང་པ་རྫོང་སློབ་འབྲིང་དུ་ལས་བགོས་བརྒྱབ་སྟེ་མི་དམངས་ཀྱི་དགེ་རྒན་ཞིག་ཏུ་གྱུར།
འབྲོང་པ་རྫོང་ལ་སྔོན་མ་ནས“དཀའ་ཚེགས་ཆེ་བའི་ཁུལ”ཞེས་འབོད་ཀྱི་ཡོད་ཅིང་། ངག་དབང་ལྷུན་གྲུབ་འབྲོང་པ་རྫོང་དུ་ཐོག་མར་སླེབས་སྐབས་སྔར་ཡོད་ཀྱི་འཚོ་བ་སྐྱེལ་སྟངས་དང་། ཐུན་མོང་མ་ཡིན་པའི་ས་ཁམས་གནས་ཡུལ། དེ་བཞིན་རང་བྱུང་ཁོར་ཡུག་ཞན་པ་བཅས་ལས་གནས་དེར་ཡོད་པའི་འབྲོག་པ་མང་ཚོགས་ཚོའི་སློབ་གསོར་བཅངས་པའི་ཧུར་བརྩོན་རང་བཞིན་དེ་ཙམ་ཆེན་པོ་མེད་པས་སློབ་གསོའི་ལས་དོན་སྤེལ་ཁག་པོ་ཡོད། ཕྲུ་གུ་ཚང་མས་དོ་སྙོམས་ངང་འོས་འགན་སློབ་གསོ་མྱོང་ཐུབ་པ་དང་། བདེ་འཇགས་ངང་ཁྱིམ་དུ་ལོག་ཐུབ་པ། བདེ་འཇགས་ངང་སློབ་གྲྭར་སྐྱོད་ཐུབ་པ་བཅས་ཡོང་ཆེད། རྒན་ངག་དབང་ལྷུན་གྲུབ་ལགས་ཀྱིས་ས་བབ་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པ་དང་རི་བོ་ཁ་བས་བཀླུབས་ནས་འགྲོ་ལམ་འགག་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་སེམས་ནུས་ཡོད་རྒུ་བཏོན་ནས་ཐོག་མཐའ་བར་གསུམ་དུ་འབྲོང་པའི་སློབ་གསོ་སློབ་ཁྲིད་ཀྱི་འཐབ་ས་དང་པོ་བརྟན་སྲུང་བྱས་ཡོད།
ངག་དབང་ལྷུན་གྲུབ་ལས་རེས་ཡིན་པའི་2010ལོའི་ཟླ་10ཚེས་28ཉིན་གྱི་ཉིན་དགུང་ཙམ་ལ་རྫོང་གྲོང་དུ་འཛུལ་སའི་ལམ་མདོའི་འཁྱོགས་མཚམས་སུ་ཧ་ཅང་མགྱོགས་པའི་སྦག་སྦག་ཅིག་གིས་སློབ་གྲྭའི་སྒོ་འགྲམ་ནས་རྒྱུག་ཡོང་མཁན་གྱི་སློབ་འབྲིང་ལོ་རིམ་གཉིས་པའི་སློབ་མ་ཞིག་ལ་རྡུང་གྲབས་བྱེད་སྐབས་བདེ་ཅག་འཁྱུག་པའི་ངག་དབང་ལྷུན་གྲུབ་ཀྱིས་སློབ་མ་ཕར་འབུད་པས་རང་ཉིད་ལ་བརྡུངས་ནས་ལམ་འགྲམ་དུ་འགྱེལ་ཏེ་པུས་མོར་རྨ་ཆེན་པོ་ཞིག་བཟོས། ལས་རོགས་ཚོས་སྨན་ཁང་དུ་བརྟག་དཔྱད་བྱེད་པར་སྐྱོད་དགོས་ལུགས་བརྗོད་ཀྱང་ཁོང་གིས་གད་མོ་དགོད་བཞིན“ང་སྐྱོན་མི་འདུག དངོས་འབྲེལ་སྐྱོན་མི་འདུག ང་ད་དུང་ལས་རེས་ཡིན་པས་དེར་སྐྱོད་དགོས”ཞེས་བརྗོད་ཡོད། ངག་དབང་ལྷུན་གྲུབ་ཀྱིས་རྒྱུན་གཏན་འཚོ་བའི་ཁྲོད་གྲོན་ཆུང་བསྲི་ཚགས་བྱེད་ཀྱི་ཡོད་རུང་སློབ་མ་ཚོར་སེར་སྣ་སྤུ་ཙམ་ཡང་བྱེད་ཀྱི་མེད། ལོ་ལྟར་དབྱར་དགུན་གུང་གསེང་དུ་སློབ་མ་སྐྱེལ་བསུ་བྱེད་སྐབས་ཁོང་གིས་རྟག་ཏུ་རང་ཉིད་ཀྱི་དངུལ་ལས་སློབ་མར་འཐུང་བྱ་དང་བཟའ་བཅའ་ཉོ་ཡི་ཡོད། ལོ་ཞིག་གི་དགུན་ཁར་ཁོང་གིས་སློབ་མ་ཁྱིམ་དུ་སྐྱེལ་སྐབས་རྫོང་གྲོང་ནས་སྤྱི་ལེ་290ཡི་སར་གནས་པའི་ལུང་དཀར་ཤང་དུ་སླེབས་པ་དང་གནས་དེར་སློབ་མ་མང་པོ་ཞིག་གི་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་སྐྱོ་པོ་ཡོད་པ་མཐོང་སྐབས་ཁོང་གིས་རང་ཉིད་ཀྱི་དངུལ་ལས་སློབ་མ་རེར་སྒོར་50རེ་སྤྲད་པས་མཉམ་དུ་ཡོད་པའི་དགེ་རྒན་ཚོས་དེ་ལྟར་བྱེད་དགོས་དོན་གང་ཡིན་པ་འདྲི་སྐབས་ཁོང་གིས“སློབ་མ་ཚོའི་ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་སྐྱོ་པོ་འདུག ང་གླ་ཆ་ལེན་མཁན་ཞིག་ཡིན་པས་རོགས་རམ་ཏོག་ཙམ་བྱས་པར་གང་ཡོད་རེད”ཅེས་བརྗོད་ཡོད།
2011ལོའི་ཟླ་6པར་འབྲོང་པ་རྫོང་གིས་སྐབས་དང་པོའི་སློབ་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་གཉེར་སྐབས་སློབ་གྲྭས་དགེ་སློབ་ཡོངས་ཀྱིས་གྱོན་གོས་གཙང་མ་གྱོན་དགོས་པའི་རེ་བ་བཏོན། འཛིན་བདག་ཅིག་ཡིན་པའི་ཁོང་གིས་རང་ཉིད་ཀྱི་འཛིན་གྲྭའི་ནང་འབྲོག་པ་དབུལ་པོའི་སློབ་མ་མང་དག་ཅིག་ཡོད་པས་གྱོན་གོས་ཡག་པོ་དང་གཙང་མ་ཞིག་གྱོན་ཐུབ་ཐབས་བྲལ་བ་ཤེས་རྗེས་རང་ཉིད་ཀྱིས་སྒོར་1000ལྷག་ཙམ་བཏོན་ནས་སློབ་མ་ཚང་མར་འགྱིག་ལྷམ་རེ་ཉོས། གནས་ཚུལ་དེ་ལྟ་བུ་ཁོང་གིས་ཧ་ཅང་མང་པོ་སྒྲུབ་མྱོང་ཡོད་ཅིང་། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ཁོང་ལས་ཀར་ཞུགས་ནས་ལོ་4ཡང་མ་སོང་བར་རང་ཉིད་ཀྱིས་དངུལ་སྒོར་10000ལྷག་ཙམ་བཏོན་ནས་སློབ་མར་རོགས་སྐྱོར་བྱས་ཡོད།
2012ལོའི་ཟླ་5ཚེས་11ཉིན། ཁོང་གི་འཛིན་གྲྭའི་སློབ་མ་ཉི་བཟང་ན་བ་ཤེས་རྗེས་འཕྲལ་དུ་སྨན་ཁང་དུ་བསྐྱལ་ཏེ་སྨན་རིན་ཚབ་སྤྲོད་བྱས་པ་མ་ཟད། སློབ་མ་གནས་སའི་ཤང་གྲོང་གི་འགོ་ཁྲིད་དང་འབྲེལ་བ་བྱས་ཏེ་ཁྱིམ་བདག་མྱུར་དུ་སློབ་གྲྭར་ཡོང་དགོས་པའི་བརྡ་ཐོ་བཏང་། ལམ་ཐག་རིང་ལ་འགྲིམ་འགྲུལ་སྟབས་བདེ་མེད་པས་ཉི་བཟང་གི་ཁྱིམ་བདག་སློབ་གྲྭར་འབྱོར་སྐབས་ཁོ་པ་དྲག་སྐྱེས་བྱུང་ནས་སྨན་ཁང་ནས་དོན་ཡོད། ཁྱིམ་བདག་གིས་ངག་དབང་ལྷུན་གྲུབ་ལ་ཁ་བཏགས་གཡོགས་ནས་ཐུགས་རྗེ་ཆེ་ཞུ་སྐབས་ཁོང་གིས“ང་ནི་ཁོ་པའི་དགེ་རྒན་ཡིན་པས་དེ་ནི་ངས་སྒྲུབ་འོས་པ་ཞིག་རེད”ཅེས་བརྗོད་ཀྱི་ཡོད། འོན་ཀྱང་སློབ་གྲྭའི་དགེ་རྒན་ཚང་མས་ཤེས་གསལ་ལྟར་ཉི་བཟང་སྨན་ཁང་དུ་སྡོད་རིང་ཉིན་ལྟར་ངག་དབང་ལྷུན་གྲུབ་དང་ཁོང་གི་བཟའ་ཟླས་ནད་གཡོག་རྒྱུག་ཡོད།
2012ལོའི་ཟླ་6ཚེས་21ཉིན་ནི་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་བསྡུའི་རྒྱུགས་ལེན་ཡིན་ཞིང་། འབྲོང་པ་རྫོང་གི་འབྲིང་རྒྱུགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱ་ཆེད། སློབ་འབྲིང་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་རྣམས་འཛིན་བདག་གི་སྣེ་ཁྲིད་འོག་ཚྭ་ཆུ་གཙང་པོའི་ངོགས་སུ་བསྐྱར་སྦྱོང་དང་མི་སྒེར་གྱི་གཙང་སྦྲ་བྱེད་པར་འཁྲིད་ཀྱི་ཡོད། ཉིན་དགུང་དུ་སློབ་མ་ཚོས་དགུང་ཟས་བཟས་ཚར་རྗེས་རང་སྦྱོང་བྱེད་འགོ་ཚུགས་པ་དང་དགེ་རྒན་ཚོ་ཡང་དགུང་ཟས་བཟའ་གྲབས་བྱེད་སྐབས་སློབ་འབྲིང་ལོ་རིམ་གཉིས་པའི་འཛིན་གྲྭ་གཉིས་པའི་སློབ་མ་ཆོས་སྐྱིད་ཆུང་བ་རང་ཉིད་ཀྱི་ལྟོ་སྣོད་འཁྲུ་སྐབས་གཟབ་གཟབ་མ་བྱས་པའི་དབང་གིས་ཆུ་ནང་དུ་ལྷུངས་པ་དང་པན་ཀྲང་ཉི་མ་སྲི་ཆོས་དང་སློབ་མ་ཚེ་རིང་སྲི་དར་གྱིས་གནས་ཚུལ་དེ་ཐོས་འཕྲལ་ཁོང་མི་སྐྱོབ་པར་ཕྱིན་པ་དང་གཟབ་གཟབ་མ་བྱས་པར་ཆུ་ནང་དུ་ལྷུངས། སྲོག་སྐྱོབ་དང་ཞེས་པའི་སྒྲ་ཐོས་འཕྲལ་ངག་དབང་ལྷུན་གྲུབ་ཀྱིས་ལག་ནང་གི་ལྟོ་ཆས་བཞག་སྟེ་མགྱོགས་མྱུར་གཙང་འགྲམ་དུ་རྒྱུག་ནས་ཐེ་ཚོམ་སྤུ་ཙམ་མེད་པར་ཆུ་ནང་དུ་མཆོངས། ངག་དབང་ལྷུན་གྲུབ་ཀྱིས་ནུས་ཤུགས་གང་ཡོད་ཀྱིས་ཆུ་ནང་དུ་ལྷུངས་པའི་ཆོས་སྐྱིད་ཆུང་བ་དང་། ཉི་མ་སྲི་ཆོས། ཚེ་རིང་སྲི་དར་བཅས་སྐྱོབ་རོགས་སུ་ཡོང་མཁན་དགེ་རྒན་གཞན་གྱི་སར་འབུད་པ་དང་སློབ་མ་མཇུག་ཤོས་དེ་གསོན་རེའི་ཕྱོགས་སུ་འབུད་སྐབས་རང་ཉིད་ཀྱི་ལུས་ཟུངས་ཡོངས་སུ་ཟད་ནས་དྲག་ཏུ་རྒྱུགས་པའི་གཙང་པོའི་ནང་དིམ། གནས་ཚུལ་དེ་ཐོན་རྗེས་འབྲོང་པ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་འཕྲལ་དུ་ལས་བྱེད་ལས་བཟོ་དང་བཅའ་སྡོད་དཔུང་སྡེ་སྒྲིག་འཛུགས་བྱས་ཏེ་ངག་དབང་ལྷུན་གྲུབ་བཙལ་བ་དང་། ཆུ་ཚོད་གཉིས་དང་ཕྱེད་ཀ་བཙལ་མཐར་གཞི་ནས་ངག་དབང་ལྷུན་གྲུབ་ཀྱི་ཕུང་པོ་རྙེད་པ་རེད།
2012ལོའི་ཟླ་9པར། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བློ་མཐུན་ངག་དབང་ལྷུན་གྲུབ་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ལ་རྗེས་སྤྲོད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། མི་དམངས་ཀྱི་དགེ་རྒན་དཀྱུས་མ་ངག་དབང་ལྷུན་གྲུབ་ཀྱིས་སློབ་གསོའི་བྱ་གཞག་ལ་བཅངས་པའི་དགའ་ཞེན་ནམ་ཡང་སྲོག་གནས་དཀའ་ཁུལ་དེར་གནས་སྲིད་ལ། མི་དམངས་ཀྱི་དགེ་རྒན་ཞེས་པའི་མཚན་སྙན་ལའང་ངོ་གནོང་མི་སྲིད་པར་ནམ་ཡང་ང་ཚོའི་སྙིང་དབུས་སུ་གནས་ངེས་རེད།