དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་ཆུང་སློབ་ཁྲིད་བྱེད་ཐབས་སྐོར་གྱི་ཉམས་མྱོང་མདོར་བསྡུས་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-28

    སློབ་གསོའི་ལས་ལ་འཇུག་པའི་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་། དང་ཐོག་སློབ་གསོར་ངོས་འཛིན་ཡང་དག་བྱེད་དགོས། གལ་སྲིད་དེ་ལྟར་མ་བྱུང་ཚེ། སློབ་གསོས་ཕན་ནུས་ཅི་འདྲ་ཐོན་མིན་དང་། སློབ་གསོའི་གལ་ཆེའི་རང་བཞིན་ཤེས་དཀའ་བ་ཞིག་ཏུ་སྣང་། སློབ་གསོ་ཞེས་པའི་ཚིག་འདིའི་གོ་དོན་མདོར་ཙམ་བརྗོད་ན། སློབ་ཅེས་པ་ནི་དོགས་གནད་རྣམས་བསལ་ཏེ་ཤེས་བྱ་བརྒྱུད་སྤྲོད་དམ་སློབ་པར་ཟེར། གསོ་ཞེས་པ་ནི་སློབ་གསོ་གཏོང་ཡུལ་གྱི་མི་དེའི་རང་གཤིས་དང་། ཀུན་སྤྱོད། བསམ་བློ་ཡང་དག་པ་ཞིག་གསོ་བར་ཟེར། ཚིག་འདི་གཉིས་ནི་ཐ་དད་མ་ཡིན་པར་གཞི་གཅིག་གི་སྟེང་དུ་གནས་ཡོད་ཅེས་བརྗོད་ཆོག་སྟེ།“སློབ”ནི་ས་བོན་འདེབས་པ་ལྟ་བུ་ཡིན་པ་དང་། “གསོ”ནི་མྱུ་གུར་གཡོག་བྱེད་པ་ལྟ་བུ་རེད། ཡང་སྒོས་སྤྱི་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་དུས་རབས་ཉེར་གཅིག་པའི་དུས་འདིར། ལས་རིགས་འདྲ་མིན་གྱི་སྐྱེ་བོ་ཚང་མས་སློབ་གསོར་མཐོང་ཆེན་དང་སློབ་གསོའི་སྤུད་ཚད་དང་བྱ་ཐབས་སོགས་ལ་ཐབས་ལམ་གསར་འཚོལ་གྱི་ཚ་རླབས་འཕྱུར་བཞིན་ཡོད། ལྷག་པར་དུ་སློབ་གསོ་ཆེན་པོ་གསུམ་གྱི་ནང་ནས་སློབ་གྲྭའི་སློབ་གསོར་གསོན་ཤུགས་གསར་པ་འཕེལ་བ་མིག་མཐོང་ལག་ཟིན་རེད། སློབ་ཆུང་སློབ་གསོ་ནི་སློབ་གསོའི་གར་སྟེགས་ཐོག་མ་དེ་རེད་ལ། མིའི་རིགས་ཀྱི་ཤེས་རིག་གང་འདྲ་ཞིག་ཡིན་རུང་སློབ་གསོར་བརྟེན་ནས་རྒྱུད་འཛིན་དང་དར་སྤེལ་གཏོང་དགོས་ཀྱི་ཡོད་པས། རང་ཉིད་ལོ་མང་རིང་སློབ་གསོའི་འཐབ་ཕྱོགས་དང་པོར་ཞུགས་པའི་ཉམས་མྱོང་ལས་སློབ་ཆུང་སློབ་གསོའི་སྐོར་ཕྲན་ཙམ་བརྗོད་པར་འདོད།

    གཅིག སློབ་མའི་སེམས་ཁམས་ལ་བསྟུན་ནས་སློབ་ཁྲིད་བྱེད་དགོས།

    ཚན་རིག་དང་མཐུན་པའི་སྒོ་ནས་བསླབས་ཏེ་སློབ་མའི་རྒྱུད་ལ་ལྡོག་ནུས་མི་ཐོན་པ་བྱེད་དགོས། སློབ་ཆུང་སློབ་གསོ་ནི་སློབ་པ་དང་འཁྲིད་པ་ཟུང་འབྲེལ་བྱས་ཏེ། སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་གཏོང་དགོས་པའི་དམིགས་ཚད་གཙོ་བོར་འཛིན་དགོས་པ་དང་། སློབ་ཁྲིད་ཀྱི་ནང་དོན་ལ་གཞིགས་ནས་བསམ་བློ་དང་ཀུན་སྤྱོད་ལ་ཁྲིད་སྟོན་བྱེད་པ། འཇིག་རྟེན་ལྟ་བ་དང་། རིན་ཐང་ལྟ་བ། མི་ཚེའི་ལྟ་བ་སོགས་ཡང་དག་འཛུགས་རོགས་བྱེད་པ། སྣོད་བཅུད་ཁོར་ཡུག་སོགས་ལ་འཛིན་པའི་འདུ་ཤེས་སྐྱེད་སྲིང་། སྤྱི་ཚོགས་ཀྱི་འགྲན་སློང་ཆེ་མོར་སྤྱོད་གོ་ངེས་ཅན་ཡོད་པའི་ཤེས་བྱ་སློབ་པ་བཅས་དམིགས་ཡུལ་དུ་འཛིན་དགོས་པ་ལས། སྐར་གྲངས་ཁོ་ན་དམིགས་ཡུལ་དུ་བྱེད་པའི་སློབ་ཁྲིད་དུ་འགྱུར་མི་རུང་། སློབ་ཆུང་སློབ་གསོ་ནི་དགེ་རྒན་གྱིས་ཤེས་ཡོན་སློབ་པ་དང་མི་སྣ་གསོ་སྐྱོང་བྱེད་པ་ཕྱོགས་གཉིས་ཀྱི་ཐད་ནས་སྒྲུབ་པའམ་སློབ་གསོ་གཏོང་དགོས་ཀྱི་ཡོད། སློབ་མ་ནི་བསླབ་པའི་ཡུལ་ལམ་གསོ་བའི་གཞི་གཙོ་བོ་རེད། སློབ་པའི་བརྒྱུད་རིམ་ནང་སློབ་མའི་སེམས་ཁམས་ཀྱི་ཁྱད་ཆོས་དང་། མཚར་སྣང་གི་བསམ་པ། ཤེས་འདོད་ཀྱི་འདུན་པ། རང་འགུལ་གྱི་འདུ་ཤེས་བཅས་ལ་བརྟེན་ནས་སློབ་དགོས། གལ་སྲིད་ང་ཚོས་རང་སྣང་གང་དྲན་དང་ཁ་ནས་ཅི་ཐོན། འབྲེལ་མེད་འཆལ་གཏམ་སྨྲས་ཚེ་དགེ་རྒན་རང་ཉིད་ཀྱི་དཔའ་རྩལ་འདོན་ཐུབ་པ་ཙམ་ལས། དོན་དངོས་ཀྱི་སློབ་ཁྲིད་ནང་དོན་ལས་འགལ་ཏེ་ལོ་མས་འབྲས་བུ་བསྒྲིབས་པའི་སྦྱར་སྡོང་ཇི་བཞིན་རྫིག་རྫིག་འདྲ་ཡང་འབྲས་བུས་དབེན་པར་འགྱུར་ངེས་རེད། དེར་བརྟེན་སློབ་མའི་ཁམས་དང་མོས་པར་བསྟུན་ནས་སློབ་ཁྲིད་བྱེད་དགོས་ངེས་རེད། དེ་ཡང་ཐོག་མར་སློབ་མའི་ཁྱད་ཆོས་འཚོལ་བ་ནི་ཤིན་ཏུ་གལ་ཆེན་པོ་རེད། ངག་རྒྱུན་དུ་ཡང་མི་ལ་སྐྱོན་མེད་པ་དང་ཤིང་ལ་འཛེར་པ་མེད་པ་མེད་ཅེས་གསུངས་པ་ལྟར། མི་ལ་སྐྱོན་ཆ་ཡོད་ལ་དགེ་མཚན་ཡང་ཡོད་པའི་གནས་ལུགས་འདི་རྟོགས་དགོས། དགེ་རྒན་ཞིག་གིས་སློབ་མའི་དགེ་མཚན་བཟུང་ནས་དེ་ལ་ཆེ་བསྟོད་དང་སྐྱོན་བཟུང་ནས་དེ་ལ་བྱམས་ཀྱིས་ཡོ་བསྲང་བྱེད་པའི་སློབ་གསོ་གཏོང་ཐུབ་ཚེ། སློབ་མའི་སེམས་ཤུགས་འཕེལ་བ་དང་ཆབས་ཅིག་དེའི་སྐྱོན་ཆ་གཞན་ཡང་རིམ་བཞིན་དག་སེལ་ཐུབ་སྲིད། ཁ་རྒྱུན་དུ་མི་འཇམ་གྱིས་འདུལ་ཞེས་པ་ལྟར། འདི་ནི་བྱིས་པའི་སེམས་ཁམས་དང་བསྟུན་པའི་སློབ་ཁྲིད་ཀྱི་ཐབས་ལམ་གལ་ཆེན་ཞིག་རེད།

    གཉིས། འདྲ་མཉམ་གྱི་བསམ་པ་ཁྱེར་ནས་སློབ་ཁྲིད་བྱེད་དགོས།

    སློབ་ཆུང་གི་སློབ་མ་ནི་མེས་རྒྱལ་ཀྱི་མེ་ཏོག་དང་མ་འོངས་པའི་བདག་པོ་ཤ་སྟག་རེད། མ་གཞི་སློབ་ཕྲུག་སོ་སོའི་ཐོག་མའི་བློ་གྲོས་དང་། རིག་སྟོབས། རྣམ་དཔྱོད། ཀུན་སྤྱོད་སོགས་འཚར་ལོངས་ཀྱི་ཁོར་ཡུག་མི་འདྲ་བའི་དབང་གིས་བཟང་ཞན་མི་འདྲ་བ་ཡོང་སྲིད་མོད། འོན་ཀྱང་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན། སློབ་མ་སྦྱངས་འབྲས་ལེགས་པ་འགའ་གསོ་ཐུབ་ཚེ། དེ་རང་ཉིད་ཀྱི་འཇོན་ཐང་དང་། ཞན་པ་འགའ་ཐོན་ཚེ། དེ་ནི་སློབ་མ་དང་ཁྱིམ་བདག་གི་གནད་དོན་ཡིན་པར་འདོད་ཚེ། དེ་ལྟ་བུའི་དགེ་རྒན་ལ་འདྲ་མཉམ་གྱི་སློབ་ཁྲིད་བྱེད་པའི་སེམས་པ་ཞིག་ཧ་ལམ་མེད། དེས་ན་དགེ་རྒན་གྱིས་ཁང་ཆུང་གྲུ་བཞིའི་དབུས་སུ་གློག་སྒྲོན་མཐོན་པོར་སྤར་བ་ལྟར་ཕྱོགས་ལྷུང་གི་ལྟ་བ་མི་འཛིན་པར། འདྲ་མཉམ་གཅིག་མཚུངས་ཀྱི་ལྟ་སྟངས་བཟུང་ནས། བཟང་ངན་མཁས་བླུན་དབྱེ་བ་མེད་པར་དེ་ལ་དེ་བསྟུན་གྱིས་ཤེས་བྱ་སློབ་པ་དང་སློབ་གསོའི་བྱེད་སྒོར་ཞུགས་པའི་གོ་སྐབས་འདྲ་མཉམ་སྤྲད་ཚེ། སློབ་ཕྲུག་གི་སློབ་སྦྱོང་དང་བྱེད་སྒོ་ཁག་ལ་འཛིན་པའི་འདུ་ཤེས་སྐྱེད་སྲིང་ཐུབ་པ་མ་ཟད། སློབ་མ་ཕན་ཚུན་བར་གྱི་མཐུན་སྒྲིལ་ཇེ་ལེགས་སུ་འགྲོ་བ་དང་། སློབ་མས་དགེ་རྒན་དང་ཤེས་བྱར་དགའ་ཞེན་བཅངས་ཏེ། ཤེས་ཚད་ཀྱང་གོང་མཐོར་འཕེལ་བ་སོགས་ཀྱི་ནུས་པ་ཐོན་ཐུབ།

    གསུམ། བསྟོད་བསྔགས་བཏང་ནས་ཡར་རྒྱས་ཡོང་རེ་བྱེད་དགོས།

    དབྱུག་པར་དགའ་བའི་ཁྱི་མེད། བསྟོད་པར་མི་དགའི་མི་མེད་ཅེས་པ་ལྟར། ས་སྟེང་འདི་ཡི་སྐྱེ་བོ་ཕལ་ཆེ་བ་བསྟོད་བསྔགས་ལ་མི་དགའ་བ་ཧ་ལམ་མེད་ན། སློབ་ཆུང་གི་སློབ་མ་ནི་དེ་བས་ལྟ་ཅི། “བསྟོད་བསྔགས”ནི་དགེ་སློབ་དབར་བསམ་བློ་བརྗེ་རེས་དང་བརྩེ་དུང་ཇེ་ཟབ་ཏུ་གཏོང་ཐུབ་པའི་སློབ་གསོའི་སྒྱུ་རྩལ་ཞིག་རེད། གྲགས་ཅན་གྱི་དགེ་རྒན་ཆེན་མོ་བ་ཝང་ཡུད་ཀྱིས་གསུངས་པ་ལྟར། སྤྱང་གྲུང་ལྡན་པའི་བྱིས་པར་རྟག་ཏུ་བསྟོད་བསྔགས་གཏང་མི་སྲིད་ཀྱང་། བསྟོད་བསྔགས་བཏང་བའི་བྱིས་པ་སྤྱང་གྲུང་ལྡན་པར་འགྱུར་སྲིད་ཅེས་པ་འདི་ནི་ཅི་ལ་མི་བདེན་ནམ། ང་ཚོས་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་བསྟོད་བསྔགས་གཏོང་བའི་སྒྱུ་རྩལ་ཡང་དག་སྤྱད་ནས། སློབ་མའི་སེམས་ལ་ངར་ཤུགས་སློང་དགོས། དེ་ལྟར་བྱུང་ཚེ། སློབ་ཕྲུག་ཕན་ཚུན་དབར་ཡང་དག་གི་འགྲན་རྩོད་བྱེད་པའི་བསམ་བློ་སྐྱེད་སྲིང་ཐུབ་པ་དང་སློབ་སྦྱོང་ལ་ངོས་འཛིན་ཡང་དག་བྱུང་ནས། བརྒྱུད་སྤྲོད་བྱས་པའི་ཤེས་བྱ་བདེ་བླག་ངང་དང་ལེན་བྱེད་ཐུབ།

    བཞི། དགེ་སློབ་འདྲ་མཉམ་གྱི་སྒོ་ནས་སློབ་ཁྲིད་བྱེད་དགོས།

    སྤྱི་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་བའི་ལམ་ཆེན་དུ་དགེ་སློབ་འདྲ་མཉམ་ནི་དེང་རབས་སློབ་གསོའི་མཚོན་རྟགས་ཤིག་ཏུ་གྱུར་ཡོད། མ་ཟད་དོན་དངོས་ཀྱི་སློབ་གསོར་རྩ་དོན་འདི་དང་ལེན་དང་བེད་སྤྱོད་བཞིན་ཡོད། དེང་གི་དུས་འདིར་སློབ་ཆུང་སློབ་གསོར་སློབ་ཁྲིད་ཀྱི་ཐབས་ལམ་གསར་པ་མང་དག་ཅིག་གླེང་བཞིན་ཡོད། དེ་ཡང་སྲོལ་རྒྱུན་གྱི་དགེ་རྒན་གཙོ་བོར་བྱེད་པའི་སློབ་ཁྲིད་བྱེད་ཐབས་དེ་སློབ་མ་གཙོ་བོར་བྱེད་པའི་སློབ་ཁྲིད་ཀྱི་ཐབས་ལམ་ལ་འགྱུར་བཞིན་པ་དེ་ཡང་དོན་དམ་པར་དགེ་སློབ་འདྲ་མཉམ་གྱི་རྣམ་པ་ཞིག་སྐྲུན་དགོས་པ་འདི་རེད། དེས་ན་ང་ཚོས་ཐོག་མར་སྒྲིག་འཛུགས་དང་སྐུལ་འདེད་ནུས་ལྡན་འོག་དགེ་སློབ་འདྲ་མཉམ་གྱི་སློབ་ཁང་སློབ་ཁྲིད་ཀྱི་རྣམ་པ་ཞིག་སྐྲུན་དགོས། སློབ་མ་སྐྱོང་བར་སྐྱོ་ངལ་མེད་པ་ཞིག་དགོས་པ་རེད། སློབ་མའི་རྒྱུད་འདུལ་བར་སྔོན་ལ་རང་རྒྱུད་དུལ་དགོས། དེར་བརྟེན་ང་ཚོ་དགེ་རྒན་གྱིས་འདྲ་མཉམ་གྱི་སློབ་ཁང་རྣམ་པ་ཞིག་སྐྲུན་པར་སྔོན་ལ་རང་རྒྱུད་ལ་དཔྱད་པ་ནན་པོ་གནང་ནས། དགེ་རྒན་གྱི་མཚན་ཉིད་ཚང་བར་བྱས་ཏེ། སློབ་མས་དགེ་རྒན་ལས་ཤེས་བྱ་ལེན་ཕོད་པ་དང་དགེ་རྒན་གྱིས་སུན་སྣང་མེད་པར་སློབ་མར་དུས་དང་རྣམ་ཀུན་ཏུ་རྒྱུད་སྤྲོད་བྱེད་འདོད་པའི་ཁོར་ཡུག་ཅིག་སྐྲུན་ཐུབ་ན། སློབ་མའི་མཐོང་ཐོས་མྱོང་གསུམ་འཕེལ་རྒྱས་དང་ཤེས་ཚད་རྒྱུན་མཐུད་འཕེལ་ཐུབ་ངེས་རེད།

    མདོར་ན། འཇིག་རྟེན་འདི་ཡི་སྐྱེ་བོ་ཚང་མ་ཡུམ་གྱི་མངལ་ནས་ལྟེ་ཁྲག་འཕོས་སྐབས་ཐོག་མར་ཧ་གོ་དོན་རྟོགས་མི་ཐུབ་པ་ཤ་སྟག་རེད། འདུ་འཛོམས་ཆེ་ཞིང་རང་མཉམ་གྱི་ལོ་ཆུང་བྱིས་པ་རྣམས་དང་ལྷན་དུ་སློབ་གྲྭའི་སློབ་གསོའི་གར་སྟེགས་སུ་ཆས་སྐབས། གར་སྟེགས་འདིར་ཁོ་ཚོ་ནི་འཁྲབ་སྟོན་པ་དང་དགེ་རྒན་ནི་མཛུབ་ཁྲིད་པ་དང་སྐུལ་འདེད་པ། ལེགས་ཕྱོགས་ལ་ཁ་ལོ་སྒྱུར་མཁན་གྱི་འཁྲབ་ཁྲིད་པ་ལྟ་བུར་གྱུར་ཡོད། འཁྲབ་ཁྲིད་པ་རྣམས་ཀྱིས་འཁྲབ་སྟོན་པ་ཆུང་ཆུང་ཚོའི་ཕྱོགས་གང་སར་གསོ་སྐྱོང་དང་ཡོ་བསྲང་བྱེད་དགོས་ཀྱི་ཡོད། ལོ་ཆུང་བྱིས་པའི་ངོས་ནས་བརྗོད་ན། གཞན་ལ་ཕོག་ཐུག་མི་གཏོང་བའི་བསམ་བློ་གཏོང་ཐུབ་པ་ནི་ཧ་ཅང་གི་དཀའ་བ་ཞིག་རེད། ཁོ་ཚོས་དུས་རྒྱུན་རྨོངས་ཚོད་ཀྱིས་བྱ་བར་འཇུག་པ་ལས། ལེགས་ཉེས་བླང་དོར་གྱི་གནས་ལུགས་སོགས་རྟོགས་དཀའ་བས། རྒྱུན་པར་སློབ་ཕྲུག་ཕན་ཚུན་གནོད་པའི་བྱ་བ་མང་པོ་ཐོན་གྱི་ཡོད། དེར་བརྟེན་ང་ཚོས་ངེས་པར་དུ་དེ་དག་གནད་དོན་ཆེན་པོ་ཞིག་ལ་ངོས་བཟུང་ནས་སློབ་གསོ་དང་ཡོ་བསྲང་བྱེད་དགོས་པ་ལས། སྣང་ཆུང་རྩ་བ་ནས་བྱ་མི་རུང་། གཏམ་དཔེར། མི་ཞིག་བྱུང་ན་ཆུང་ནས་བྱུང་ཞེས་དང་། མེ་ཆུང་དུས་གསོད་ཅེས་པ་ཧ་ཅང་བདེན་པས། ང་ཚོས་ཆུང་དུས་ནས་བྱིས་པ་ཚོར་ཡང་དག་པའི་བསམ་བློའི་སྣེ་ཁྲིད་དང་སྐྱོན་བརྗོད་བྱས་ནས། མ་འོངས་སྤྱི་ཚོགས་སུ་རང་གཞན་ཀུན་ཕན་གྱི་བསམ་བློ་དང་ལྡན་པའི་མི་ཞིག་ཆགས་རྒྱུར་སློབ་གསོ་གཏོང་དགོས།

    ཆ་འཕྲིན་འཕེལ་རྒྱས་འགྲོ་བའི་དེང་གི་དུས་འདིར། ང་ཚོ་སློབ་གསོའི་ལས་ལ་ཞུགས་པའི་སྐྱེ་བོར་སྔར་མེད་འགྲན་རྩོད་དང་སྙིང་སྟོབས་ཤིག་སླེབས་ཡོད། སློབ་གྲྭའི་སློབ་གསོར་སློབ་མའི་ཕྱོགས་གང་ཅིར་སློབ་གསོ་བྱེད་པ་དང་། སློབ་ཆུང་སློབ་ཁྲིད་ལ་དགེ་རྒན་གྱིས་སློབ་མ་གཙོ་བོར་འཛིན་པའི་རྩ་དོན་བཟུང་བ་དང་སློབ་མའི་སེམས་ཁམས་དང་མཐུན་པའི་ཐབས་ལམ་གང་མང་སྤྱད་ནས། སློབ་ཕྲུག་གི་བསམ་པར་སྤྲོ་སྣང་དང་ཀུན་སློང་བཟང་པོ་ལྡན་པ་བྱས་ཐོག་ཁོ་ཚོའི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།

    (ལྷ་ས་ཀོང་ཤིའི་མཛའ་གྲོགས་སློབ་ཆུང་གི་ལྷག་ཕན་ནས)

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།