དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བདེ་ཐང་ཇ་ཁྱབ་གདལ་གྱི་གཙོ་གནད་མི་ལ་ཐུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-12

    2018ལོའི་ཚུན་དུ་རང་ལྗོངས་ཀྱི་བདེ་ཐང་ཇ་ཐོན་སྐྱེད་དང་། ཕྱིར་ཚོང་། མཁོ་སྤྲོད་བཅས་ཀྱི་ལས་དོན་ལ་དམིགས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་མི་སྣ་གཙོ་བོས་སྔ་རྗེས་སུ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་འབྲེལ། ཆེད་དོན་ཚོགས་འདུ་འཚོགས་ཏེ་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་དང་བླང་བྱའང་གསལ་པོ་བཏོན་ཡོད།

    བཅར་འདྲི་བྱེད་སྐབས་གསར་འགོད་པར་ཤེས་རྟོགས་བྱུང་བ་ནི། མིག་སྔར་རང་ལྗོངས་ཀྱི་བདེ་ཐང་ཇ་ཁྱབ་གདལ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པའི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ཞིང་དཀའ་ངལ་ཀྱང་མང་པོ་འཕྲད་ལ། ཧྥུལ་དམའ་བའི་བདེ་ཐང་ཇའི་རིན་གོང་ཅུང་མཐོ་བ་དང་། འཛད་སྤྱོད་པས་ཧྥུལ་ཚད་བརྒལ་གྱི་ཉེན་ཁར་ངོས་འཛིན་བྱེད་ཤུགས་མི་འདང་བ་ནི་གནད་དོན་གཙོ་བོ་རེད། བདེ་ཐང་ཇའི་ཧྥུལ་ཉུང་གཏོང་གི་འགག་སྒྲོལ་དམག་འཐབ་ལ་ངོ་བོའི་རང་བཞིན་གྱི་ཚད་བརྒལ་བྱུང་མེད་པ་སྟེ། གཅིག་ནི་དངོས་ལུགས་ཀྱི་ཐབས་ལ་བརྟེན་ནས་མ་བཅོས་རྒྱུ་ཆའི་ནང་གི་ལོ་མ་གསར་པའི་བསྡུར་གྲངས་མང་དུ་བཏང་ནས་བདེ་ཐང་ཇ་ཐོན་སྐྱེད་བྱེད་པའི་མ་གནས་ཚོད་འཛིན་བྱེད་དཀའ་བ་དང་། གཉིས་ནི་ཧྥུལ་དམའ་བའི་བདེ་ཐང་ཇའི་རིན་གོང་མཐོ་བས་མང་ཚོགས་ཀྱིས་ཉོ་མི་ནུས་པ་རེད། ཞིང་འབྲོག་འཛད་སྤྱོད་པ་མང་ཆེ་བས་ཇ་བག་ཆུང་ཉོ་སྐབས་རིན་གོང་དང་བྲོ་བར་སྣང་ཆེན་བྱེད་པ་ལས། བདེ་ཐང་ཇ་ཡིན་མིན་བརྟག་པའི་འདུ་ཤེས་དེ་ཙམ་མེད། མིག་སྔར་ཁྱབ་གདལ་གཏོང་བཞིན་པའི་ཧྥུལ་ཉུང་བའི་བདེ་ཐང་ཇའི་རིན་གོང་མཐོ་བ་དང་ཇ་སྦངས་ཤེད་མེད་པ། ཐ་ན་འཛད་སྤྱོད་པ་ཁ་ཤས་ཀྱིས་རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་ལ་བརྩི་གི་ཡོད་པ་རེད།

    ལྷ་སར་ཇ་བག་ཆུང་བཙོངས་ནས་ལོ་20ལྷག་ཙམ་སོང་བའི་སྦྱིན་བདག་ཁྲེན་ཏེང་ཆོན་གྱིས། “ཉེ་བའི་ལོ་ཤས་རིང་། ཧྥུལ་ཉུང་བའི་ཇ་བག་ཆུང་མང་པོ་ནང་འདྲེན་བྱས་པ་ཡིན། འོན་ཀྱང་མང་ཆེ་བ་འཚོང་ཐུབ་ཀྱི་མིན་འདུག”ཅེས་བརྗོད་བྱུང་།

    རང་ལྗོངས་ཀྱི་འཛད་སྤྱོད་པས་ཧྥུལ་ཚད་བརྒལ་གྱི་ཉེན་ཁར་ངོས་འཛིན་དེ་ཙམ་མེད་པ་ནི། མིག་སྔར་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་རེད། གནད་དོན་དེ་ཐག་གཅོད་བྱེད་པར་བདེ་ཐང་ཇ་འཐུང་བའི་གོམས་གཤིས་འཇགས་རྒྱུའི་དྲིལ་བསྒྲགས་དང་ཁྲིད་སྟོན་ཧུར་ཐག་བྱས་ནས། མི་སེར་ཚོར་ཧྥུལ་ཉུང་བའི་ཇ་ཡི་ལེགས་ཆ་དང་དུས་ཡུན་རིང་པོ་ཧྥུལ་མང་བའི་ཇ་བཏུང་ན་ལུས་ལ་གནོད་སྐྱོན་གང་ཡོད་པ་གསལ་པོར་ཤེས་སུ་འཇུག་དགོས།

    ང་ཚོས་གསལ་པོར་ཤེས་དགོས་པ་ཞིག་ལ། བདེ་ཐང་ཇ་ཁྱབ་གདལ་གཏོང་བའི་ལས་དོན་ནི་ཡུན་རིང་གི་ལས་དོན་ཞིག་ཡིན་པས་དུས་ཐུང་ནང་ཕན་འབྲས་ཆེན་པོ་ཐོན་དཀའ། ཡིན་ཡང་ལས་དོན་དེ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་ལ། མི་སེར་གྱི་བདེ་རྩར་ཐུག་པའི་བདེ་ཐང་དང་ཐད་ཀར་འབྲེལ་བ་ཡོད། བདེ་ཐང་ཇ་ཁྱབ་གདལ་གཏོང་བར་མཐར་ཐུག་ན་མི་ལ་རག་ལུས་ཤིང་། རིམ་ཁག་སྡེ་ཚན་ཁག་གིས་བློ་བརྟན་འགྱུར་མེད་ངང་ལས་དོན་དེར་དམ་འཛིན་ཏན་ཏིག་དང་། དམ་འཛིན་ཞིབ་ཚཌ། དམ་འཛིན་ཡག་པོ་བཅས་བྱེད་དགོས་ལ། མི་ཚང་མས་ཀྱང་ཡུན་རིང་བོར་བདེ་ཐང་ཇ་འཐུང་བའི་གོམས་གཤིས་རྒྱུན་འཁྱོངས་བྱས་ཏེ། རང་ཉིད་དང་ནང་མིའི་བདེ་ཐང་སྲུང་སྐྱོང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།