བདེ་ཐང་དང་འབྲེལ་བ་དམ་ཟབ་ཡོད་པའི་ཇ་ལོ།
བོད་དུ་ཇ་བཏུང་སྲོལ་ག་དུས་ནས་དར་བ་ཡིན་ནམ། 《སུང་རྒྱལ་རབས་ཀྱི་ལོ་རྒྱུས》ཞེས་པའི་དེབ་ཐེར་དུ་སྤྱི་ལོ་983ལོར་རྒྱ་བོད་མཐའ་མཚམས་སུ་གྲངས་འབོར་ཆུང་བའི་ཇ་ལོ་ཉོ་ཚོང་ཡོད་པ་འཁོད་ལ། སྤྱི་ལོའི་དུས་རབས་11གཡས་གཡོན་དུ་ནང་སའི་ཇ་ལོ་ཚོང་ལམ་མང་པོ་བརྒྱུད་བོད་དུ་འཚོང་གི་ཡོད། བོད་དུ་གཞི་ཁྱོན་ཆེན་པོས་ཇ་ལོ་ནང་འདྲེན་བྱེད་པ་ནི་རྒྱ་བོད་མཐའ་མཚམས་ཀྱི་ཇ་རྟའི་ཚོང་ལམ་ལས་བྱུང་བ་དང་། སྐབས་དེར། དམག་འཁྲུག་ཐེངས་མང་དབང་གིས་ནང་སར་དམག་རྟ་དཀོན་པོ་བྱུང་ལ། ལྷོ་ནུབ་མཐའ་མཚམས་ཀྱི་རྟ་མང་བའི་བོད་མིར་ཇ་ཤིན་ཏུ་དཀོན་པོ་ཡོད། དེར་བརྟེན་ཇ་རྟའི་ཉོ་ཚོང་ཆེས་ཆེར་དར་ཞིང་། སི་ཁྲོན་གཡག་ཀྲོའུ(ད་ལྟའི་གཡག་རྔ)རིམ་བཞིན་ཇ་རྟའི་ཉོ་ཚོང་ཁྲོད་ཀྱི་ཆེས་དར་ཁྱབ་ཆེ་བའི་ཇ་ལོ་འདེབས་འཛུགས་རྟེན་གཞིར་གྱུར་པ་དང་། དེ་ནས་ཆེད་མངགས་བོད་མིས་དགའ་པོ་བྱེད་པའི་མཐའ་མཚམས་ལ་ཕྱིར་ཚོང་བྱེད་པའི་ཇ་བག་ཆུང་ཐོན་སྐྱེད་བྱེད་ཀྱི་ཡོད།
ཧྥུལ་མང་བའི་ཇ་ལོའི་ཉེན་ཁ་རིམ་བཞིན་མངོན་པ།
ཇ་སྡོང་ལ་ས་རྒྱུ་དང་མཁའ་རླུང་ཁྲོད་ཀྱི་གཞི་རྒྱུ་ཧྥུལ་འཇིབ་པའི་ཁྱད་གཤིས་ཡོད། ཇ་བག་ཆུང་ཁྲོད་ཀྱི་ཇ་བུལ་དང་། ཏན་ཉིང་སྐྱུར། འཚོ་བཅུད་བཅས་ལས་བོད་ཀྱི་མི་སེར་ཚོའི་བཟའ་བཏུང་ཁྲོད་དཀོན་པའི་གཞི་རྒྱུ་མང་པོ་གསབ་ཐུབ་ལ། ཡུན་རིང་ཤ་ཟས་བཟས་པ་དང་འོ་མ་བཏུང་ནས་བསགས་པའི་ཞག་ཚི་འཐེན་ཐུབ་པས་ལུས་ཁམས་བདེ་ཐང་གི་ནུས་པ་ཆེན་པོ་ལྡན། འོན་ཀྱང་དུས་ཡུན་རིང་པོར། བོད་ཀྱི་མི་སེར་ཚོས་འཐུང་བའི་ཇ་བག་ཆུང་མང་ཆེ་བའི་ཧྥུལ་འདུས་ཚད་ཚད་ལས་བརྒལ་ཞིང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ལྟ་ཞིབ་ཚད་ལེན་བྱས་པ་ལས། རང་ལྗོངས་ཀྱི་ཞིང་འབྲོག་པས་ཉིན་རེར་ཆ་སྙོམས་ཇ་བག་ཆུང་ཁྲོད་ནས་ཧྥུལ་24.98mgབསྡུ་ལེན་བྱེད་ཀྱི་ཡོད་པ་དང་། དེ་ནི་མི་དར་མ་ཞིག་གིས་ཐེག་ཐུབ་པའི་ཚད་གཞིའི(3.5mg)ལྡབ་བདུན་ཡན་ཡིན་པས། མི་སེར་ཚོར་ཇ་འཐུང་རྣམ་པའི་ས་གནས་རང་བཞིན་གྱི་ཧྥུལ་ནད་ཐོན་པའི་ཉེན་ཁ་ཆེན་པོ་ལྡན།
གསར་འགོད་པས་ཤེས་རྟོཌ་བྱས་པ་ལྟར་ན། རང་ལྗོངས་ཀྱི་ཇ་འཐུང་རྣམ་པའི་ས་གནས་ཧྥུལ་ནད་ལ་2006ལོ་ནས་བཟུང་ཞིབ་འཇུག་བྱེད་འགོ་བཙུཌ་པ་དང་། ཞིབ་འཇུག་མི་སྣས་ལྗོངས་ཡོངས་ཀྱི་རྫོང(ཆུས)74ཚང་མ་ཇ་འཐུང་རྣམ་པའི་ས་གནས་ཧྥུལ་ནད་ཀྱི་ས་ཁུལ་དུ་གཏན་འཁེལ་བྱས་ཡོད། 2012ལོ་ནས་2015ལོའི་བར་ཀྲུང་གོའི་ས་གནས་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་རང་ལྗོངས་ཀྱི་ནད་ཡམས་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་གྲོང་ཁྱེར(ས་ཁུལ)7དང་རྫོང(ཆུས)12སུ་ཇ་འཐུང་རྣམ་པའི་ས་གནས་ཧྥུལ་ནད་ལ་བརྟག་དཔྱད་བྱས་ཡོད། “བརྟག་དཔྱད་འབྲས་བུ་ལས་མངོན་པ་ལྟར་ན། རང་ལྗོངས་ཀྱི་ཇ་བག་ཆུང་གི་མ་དཔེའི་ནང་ཧྥུལ་འདུས་ཚད་731.88mg/kgཟིན་པ་ནི་རྒྱལ་ཁབ་ཀྱི་ཚད་གཞི་མཐོ་ཤོས་300mg/kgཡི་ལྡབ་2.4ཡིན་ལ། རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་ཇ་བག་ཆུང་སྣ་ཁ་1ཙམ་ལས་མེད་པས། ཚད་ལོན་ཚད་1%ཡང་ཟིན་མེད”ཅེས་ཡུན་རིང་ས་གནས་རང་བཞིན་གྱི་ནད་གཞིར་ཞིབ་འཇུག་བྱེད་་མཁན་རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ས་གནས་ནད་འགོག་བཅོས་སུའོ་ཡི་སུའོ་ཀྲང་གཞོན་པ་ཀྲའོ་ཧྲེང་ཁྲེང་གིས་ངོ་སྤྲོད་བྱས།
རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གྲངས་གཞི་ཞིག་ལས་མངོན་པ་ལྟར་ན། 2019ལོར་ལྗོངས་ཡོངས་ཀྱི་རྫོང(ཆུས)74ཡི་ནང་ནས་མཐའ་མཚམས་ཕྱིར་ཚོང་ཇ་འཐུང་བའི་གོམས་སྲོལ་ཡོད་པའི་གྲོང་གསེབ་འཐེན་བཤེར་བྱས་ཏེ་ནད་གཞིར་ཡུལ་དངོས་སུ་བརྟག་དཔྱད་བྱས་ཤིང་། གྲོང་ཚོ་རེ་ནས་དུད་ཚང་10རེ་བདམས་ནས་དུས་མཉམ་དུ་ནད་ཐོག་སྨན་བཅོས་ཀྱི་གྲལ་བཤེར་དང་མཐའ་མཚམས་ཕྱིར་ཚོང་ཇའི་སྣ་ཁ་བསྡུས་ཏེ་ཧྥུལ་འདུས་ཚད་ཞིབ་བཤེར་བྱས་ཡོད། ཁྱོན་ཇའི་སྣ་ཁ་1873བསྡུས་པའི་ཁྲོད་ཇ་བག་ཆུང་གི་ཧྥུལ་འདུས་ཚད་ཀྱི་ཚད་གཞི་ལོན་ཚད་ནི་6.35%ཙམ་ཡིན། 2019ལོར་རིམ་རྩིས་བྱས་ན་ལོ་25ཡན་གྱི་མི་ཁྲི་48.7ལ་ནད་ཐོག་སྨན་བཅོས་ཀྱི་བརྟག་དཔྱད་བྱས་ནས་གྲལ་བཤེར་བྱེད་ཚད་28.32%ཟིན་ལ། དེའི་ཁྲོད་དུ་ཧྥུལ་རུས་ན་ཚ་ཆ་འདྲ་བ་བརྟག་དཔྱད་ཐུབ་ཚད་6.86%ཡིན། ཀྲའོ་ཧྲེང་ཁྲེང་གིས་གོང་དུ་གསལ་བའི་གྲངས་གཞི་ལས་རང་ལྗོངས་ཀྱི་ཇ་འཐུང་རྣམ་པའི་ས་གནས་ཧྥུལ་ནད་ཀྱིས་རྒྱ་ཆེའི་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བཞིན་པ་གསལ་བཤད་ཐུབ་ཡོད་ཅེས་བཤད།
འཚོ་བའི་ཁྲོད་དུ་གང་མགྱོགས་བདེ་ཐང་ཇ་ཁྱབ་གདལ་གཏོང་དགོས།
དོན་དངོས་ཐོག་ཇ་གང་ཞིག་བདེ་ཐང་ཇ་ཡིན་ནམ་ཞེ་ན། ཀྲའོ་ཧྲེང་ཁྲེང་གིས“མཐའ་མཚམས་སུ་འཚོང་བའི་ཧྥུལ་དམའ་བའི་བདེ་ཐང་ཇ་ནི་ངེས་པར་དུ་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་དགོས་ཁར་ཧྥུལ་འདུས་ཚད་300mg/kgལས་དམའ་བའི་ཇ་བག་ཆུང་ཡིན་དགོས”ཞེས་བཤད།
ཚད་ལེན་ཞིབ་རྩིས་ལྟར་ན། ལྗོངས་ཡོངས་ཀྱི་མཐའ་མཚམས་ཕྱིར་ཚོང་ཇ་ཡི་ལོ་རེའི་མཁོ་ཚད་ཏུན་ཁྲི་2.8ཟིན་ནའང་། 2019ལོར་ལྗོངས་ཡོངས་ཀྱི་ཇ་ལོ་ཐོན་ཚད་ཏུན་84.3ལས་མེད་པ་དང་། རང་ངོས་ནས་ཐོན་སྐྱེད་བྱས་པའི་ཇའི་བསྡུར་ཚད་ཧ་ཅང་དམའ། ལྗོངས་ཡོངས་ཀྱི་ཇ་བག་ཆུང་ཐོན་སྐྱེད་ཁེ་ལས་འབའ་ཞིག་སྟེ་ཉིང་ཁྲི་ཡིད་འོང་ཇ་རའི་ལོ་རེའི་ཇ་བག་ཆུང་ཐོན་ཚད་ཀྱང་ཏུན་45ལས་མེད།
དེར་དམིགས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས“རང་ལྗོངས་ཀྱི་ཇ་ལོ་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་བཏང་ནས་ཧྥུལ་དམའ་བའི་ཇ་མཁོ་སྤྲོད་ཐད་བསྡུར་གྲངས་ངེས་ཅན་བཟུང་བའི་བརྩོན་ལེན་བྱེད་དགོས”ཞེས་མཆན་འགོད་མཛུབ་སྟོན་གནང་ཡོད།
2019ལོའི་ཟླ་7པ་ནས་བཟུང་། རྒྱལ་ཁབ་ཀྱི་མཐའ་མཚམས་ཕྱིར་ཚོང་ཇ་སྤྱི་འདོམས་དོ་དམ་ལས་དོན་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་མཛུབ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་། ལྗོངས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་ཁག་དབར་མཐུན་སྦྱོར་དམ་ཟབ་བྱས་ནས་ལྗོངས་ཡོངས་སུ་གཙོ་གནད། གོ་རིམ། སྒྲིག་སྲོལ་བཅས་ལྡན་པའི་སྒོ་ནས་བདེ་ཐང་ཇ་ཁྱབ་གདལ་གཏོང་བའི་ལས་དོན་ལ་སྐུལ་འདེད་བཏང་ཡོད།
ཕྱོགས་གཅིག་ནས་ཕྱི་རོལ་གྱི་མཁོ་སྤྲོད་ལ་དམ་འཛིན་དང་ཕྱོགས་ཅིག་ཤོས་ནས་རང་ངོས་ནས་ཐོན་སྐྱེད་བྱེད་འབོར་ཆེར་གཏོང་ལ་དམ་འཛིན་བྱས་ཤིང་། 2019ལོའི་ཟླ་12པར་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་དབུལ་སྐྱོར་གཞུང་དོན་ཁང་སོགས་སྡེ་ཚན་མང་པོའི་སྣེ་ཁྲིད་དེ“ཉིང་ཁྲི་གྲོང་ཁྱེར་གྱི་ཇའི་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་བརྟག་ཞིབ་ཚོགས་ཆུང”མཉམ་འབྲེལ་ཐོག་བཙུགས་པ་དང་། ལམ་ཐག་སྤྱི་ལེ་2200ལ་བསྐྱོད་ནས་རྫ་ཡུལ་དང་སྤོ་བོ་སོགས་རྫོང་དུ་ཡོད་པའི་ཇ་རར་བརྒྱུད་རིམ་ལྡན་པའི་བརྟག་ཞིབ་བྱས་ལ། ཇའི་ཐོན་ལས་3གྱི་འཕེལ་རྒྱས་འཆར་འགོད་སྔ་རྗེས་སུ་བཟོས་ཏེ་2030ལོར་ཉིང་ཁྲི་གྲོང་ཁྱེར་ཡོངས་ཀྱི་ཇ་ལོ་འདེབས་ཁྱོན་མུའུ་ཁྲི་10ལ་སླེབས་རྒྱུའི་འཆར་གཞི་བཏིང་བ་རེད།
2020ལོའི་ཟླ་10ཚེས་22ཉིན་ཧྥུལ་དམའ་བའི་བདེ་ཐང་ཇ་ཁག་གཅིག་ལྷ་ས་ནས་གྲོང་ཁྱེར(ས་ཁུལ)གཞན་དག་6ཏུ་དབོར་ཡོད། རང་སྐྱོང་ལྗོངས་ཚོང་དོན་ཐིང་ཁྲོམ་ར་གཉེར་སྐྱོང་དང་འཛད་སྤྱོད་སྐུལ་འདེད་ཁྲུའི་འགན་འཁུར་བ་དབྱང་ཀྲན་ཧུའེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ད་རེས་ཀྱི་ཚོད་ལྟའི་ནང་བོད་ཀྱི་གྲོང་ཁྱེར(ས་ཁུལ)7ཚུད་པ་དང་། ཞིང་འབྲོག་པ་དང་ཞིང་འབྲོག་ཁུལ་གྱི་སློབ་གྲྭའི་ཞག་སྡོད་སློབ་མ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་མང་ཚོགས། གཅིག་སྡུད་བསྙེན་བཀུར་གྱི་དྭ་ཕྲུག དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་སོགས་ཚོགས་སྤྱི་ལ་ཁ་ཕྱོགས་ཤིང་། ཉུང་མཐར་ཡང་ཤང(གྲོང་རྡལ)120དང་སློབ་གྲྭ་འབྲིང་ཆུང་13ལ་ཁྱོན་ཧྥུལ་དམའ་བའི་ཇ་ལོ་སྤྱི་རྒྱ་ཁྲི་18.5སྤྲད་པའི་ཁྲོད། སྤྱི་རྒྱ་ཁྲི་5ནི་སྲིད་གཞུང་གིས་ཁ་གསབ་སྤྲད་ནས་ཞིང་འབྲོག་པར་རིན་གོང་དམའ་པོས་བཙོངས་པ་རེད།
བདེ་ཐང་ཇ་ཁྱབ་གདལ་གཏོང་བར་ད་དུང་འབད་དགོས།
གསར་འགོད་པས་བཅར་འདྲི་བྱེད་རིང་བདེ་ཐང་ཇ་ཁྱབ་གདལ་གཏོང་བར་ངེས་པར་དུ་ཕྱོཌ་དགོས་པའི་གནད་དོན་ཞིག་རྟོགས་པ་ནི་འཛད་སྤྱོད་པས་ཧྥུལ་དམའ་བའི་ཇ་ལ་དགའ་པོ་བྱེད་མིན་དེ་ཡིན་ལ། བྱས་རྗེས་དེང་འདིར་བཞག ཕན་འབྲས་བསྐལ་བརྒྱར་ཐོན་པའི་འདུ་འགོད་དེ་ཁྱབ་གདལ་གཏོང་བའི་གོ་རིམ་ཁྲོད་ད་དུང་དཀའ་ངལ་གང་དག་འཕྲད་ཡོད་དམ།
ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པར་ཡོད་པའི་འཁོར་གཉིས་ཞེས་པའི་ཇ་བག་ཆུང་ཚོང་ཁང་དུ་བགྲེས་སོང་ཞིག་གིས་ཅིན་ཅན་ཇ་བག་ཆུང་སྒམ་གང་ཉོས་པ་དང་། “རླུང་འཕྲིན་དང་བརྙན་འཕྲིན་སོགས་བརྒྱུད་དེ་སྲིད་གཞུང་གིས་བདེ་ཐང་ཇ་ཁྱབ་གདལ་གཏོང་བ་ཤེས་བྱུང་། དེ་གོང་ཉོས་མྱོང་ནའང་གོང་ཚད་མཐོ་པོ་རེད། འོན་ཀྱང་གཙོ་ཆེ་བ་ནི་བྲོ་བ་ཡག་པོ་དེ་ཙམ་མི་འདུག”ཅེས་བགྲེས་སོང་རིན་ཆེན་དར་བཟང་གིས་ཉོས་མ་ཐག་པའི་ཇ་བག་སྒམ་དེ་སྟོན་ཞོར་དུ་བཤད།
ཇ་བག་ཆུང་ཚོང་ཁང་དེའི་སྦྱིན་བདག་ཁྲེན་ཏེང་ཆོན་གྱིས་ཀྱང་གསར་འགོད་པར“ངས་ལྷ་སར་ཇ་ཚོང་བརྒྱབ་ནས་ལོ་20ལྷག་སོང་བ་དང་གཏན་འཇགས་ཀྱི་ཉོ་མཁན་ཡང་ཡོད། ཧྥུལ་དམའ་བའི་ཇའི་སྐོར་ལ་རང་ཉིད་ལ་ལྟ་ཚུལ་འདི་འདྲ་ཞིག་ཡོད་དེ། ཧྥུལ་དམའ་བའི་ཇའི་གོང་ཚད་ཆེ་ཙམ་ཡོད་ཁར་མི་རྣམས་ཧ་ཡང་ནང་དུ་ཇ་སྐོལ་བར་གོམས་ལ། ཧྥུལ་དམའ་བའི་ཇ་ལོ་སྙི་དྲགས་པས་གདུ་ཡུན་རིང་ན་བྲོ་བ་ཞིམ་པོ་མེད་པས། མང་ཚོགས་ཀྱི་དགའ་བསུ་ཐོབ་ཀྱི་མི་འདུག”ཅེས་ཧྥུལ་དམའ་བའི་ཇ་འཚོང་རྒྱུར་འཕྲད་པའི་དཀའ་ངལ་སྐོར་བཤད།
ཕྱིན་ཆད་རང་ལྗོངས་ཀྱིས“བདེ་ཐང་ཇའི་ཐོན་སྐྱེད་ཕྱིར་ཚོང”དང“བདེ་ཐང་ཇ་ཁྱབ་གདལ་གྱི་སློབ་གསོ”ཞེས་པའི་ལྷུ་ཚིགས་གཉིས་ལ་དམ་པོར་གམིཌ་ནས་བདེ་ཐང་ཇ་ཁྱབ་གདལ་ཤུགས་ཆེན་གཏོང་རྒྱུ་རེད། རང་སྐྱོང་ལྗོངས་ཀྱི་ངོས་ནས་རང་ལྗོངས་ཀྱི་བདེ་ཐང་ཇ་ཁྱབ་གདལ་ལས་དོན་ཡག་པོ་སྒྲུབ་པར་དམིགས་ནས། མིག་སྔར“མཁོ་སྤྲོད། ལྟ་འདོམས། དྲིལ་བསྒྲགས”བཅས་འགག་རྩའི་ལྷུ་ཚིགས་ཆེན་པོ་གསུམ་ལ་དམ་འཛིན་བྱེད་པ་དང་། འགག་རྩའི་གནད་དོན་ལ་དམ་འཛིན་གྱིས་བདེ་ཐང་ཇའི་ཐོན་སྐྱེད་ལ་རྒྱབ་སྐྱོར་དང་། ཁྲོམ་རའི་སྣེ་ཁྲིད། ཐོན་ཁུངས་བསྡུ་སྒྲིལ་བཅས་ལ་ཤུགས་སྣོན་རྒྱག་པ། འབྱུང་རྩའི་བཅོས་སྐྱོང་མངོན་གསལ་དོད་པོ་ཡོང་བར་བྱས་ནས་བདེ་ཐང་ཇའི་འཁོར་རྒྱུག་ཁྲོམ་ར་ཚད་ལྡན་ཤུགས་ཆེན་གཏོང་བ། གླེང་ཕྱོགས་ཀྱི་དྲིལ་བསྒྲཌ་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་སྣེ་ཁྲིད་ནས་བདེ་ཐང་ཇའི་འདུ་ཤེས་ཆགས་པར་བྱེད་དགོས་པ་བཅས་ཀྱི་གཙོ་གནད་ལས་དོན་བཏོན་པ་རེད། (ལྷ་དབང་དང་། ཚེ་ཁོ། གནམ་ཕྱུག བདེ་དབང་བཅས་ཀྱིས་སྒྱུར་ཞུས་བྱས)
པར་འདི་ནི་ཡིད་འོང་ཇ་རས་ཐོན་སྐྱེད་བྱས་པའི་ཧྥུལ་ཉུང་བདེ་ཐང་ཇ།
པར་འདི་ནི་བཏོགས་མ་ཐག་པའི་མེ་ཏོག་གི་ཇ་ལོ།
པར་འདི་ནི་ཡིད་འོང་ཇ་རའི་ཐོན་སྐྱེད་འཁོར་ཁང་དུ་ཧྥུལ་ཉུང་ཇ་བག་ཆུང་ཐོན་སྐྱེད་བྱེད་པ།
པར་འདི་ནི་ཡིད་འོང་ཇ་རའི་བཟོ་པས་མཐའ་མཚམས་ཕྱིར་ཚོང་ཇ་བསྡུ་བ།
པར་འདི་ནིབོད་ཀྱི་ཇ་བག་ཆུང་ཐོན་སྐྱེད་བྱ་ཡུལ་ཡིད་འོང་ཇ་རའི་མཛེས་ལྗོངས།
འགན་འཁུར་རྩོམ་སྒྲིག་པ། 德吉普尺
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣