བསྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་རང་རྒྱལ་གྱི་རྨང་གཞིའི་སློབ་གསོའི་བྱ་གཞག་ཐད་ལ་འཕེལ་རྒྱས་ངེས་ཅན་ཞིག་ཕྱིན་ཡོད་པ་དང་དུས་མཚུངས་རྨང་གཞིའི་སློབ་གསོའི་སློབ་ཁྲིད་ཐད་ལའང་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད། འོན་ཀྱང་རང་རྒྱལ་གྱི་སྔར་ཡོད་ཀྱི་རྨང་གཞིའི་སློབ་གསོའི་སློབ་ཁྲིད་བྱ་ཐབས་དེ་དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཡོངས་སུ་བསྟུན་མི་ཐུབ། དཔེར་ན། སློབ་ཐུན་གཅིག་ནང་དགེ་རྒན་གྱིས་བསམ་གཞིགས་བྱས་ནས་སློབ་ཚན་དབྱེ་ཞིབ་བྱས་པ་དང་སྡོམ་ཚིག་བཀོད་དེ་ཚོགས་ཡུན་གཅིག་རིང་ཁྲིད་རྐྱང་གནང་བ་དང་། སློབ་མས་ཉན་རྐྱང་བྱས་རྗེས་ཡིག་རྒྱུགས་སྐར་གྲངས་མཐོན་པོ་ལོན་ཕྱིར་འཁྲིད་པ་དེ་དག་བློ་འཛིན་གང་ཐུབ་བྱེད་ཀྱི་ཡོད། རྒྱུགས་སྤྲད་ཟིན་རྗེས་བློ་ལ་བཟུང་བ་དག་ཀྱང་བརྗེད་ངད་རྐུན་པོས་འཁྱེར་ཏེ་མཐར་རང་རྐྱ་ཐུབ་པའི་སྒོ་ནས་སློབ་སྦྱོང་བྱེད་ཤེས་པ་དང་བསམ་གཞིགས་བྱེད་ཐུབ་པའི་གོམས་གཤིས་སྐྱེད་སྲིང་བྱེད་ཐུབ་ཀྱི་མེད་པ་དང་། དེ་བཞིན་བློ་སྒོ་ཕྱེ་བའི་སློབ་ཁྲིད་བྱ་ཐབས་བེད་སྤྱད་ཀྱང་ང་ཚོས་མངོན་སུམ་དུ་རྟོགས་ཐུབ་པ་ནི་ཕྱོགས་རེ་བའི་ཡིག་རྒྱུགས་སྐར་ཚད་ཁོ་ནར་བརྩོན་ལེན་བྱེད་པའི་བསམ་བློའི་ཤུགས་རྐྱེན་དང་གཅིག ཁེར་རྐྱང་གི་སློབ་གསོ་གཉེར་བའི་སྲོལ་རྒྱུན་གྱི་སློབ་གསོའི་ཤུགས་རྐྱེན་དང་གཉིས་སོ། དེར་བརྟེན་ང་ཚོས་ངེས་པར་དུ་སློབ་གསོའི་བསམ་བློ་རྙིང་པར་བསྒྱུར་བཅོས་བྱ་རྒྱུ་དང་སློབ་ཁྲིད་ཐབས་ཤེས་རྙིང་པར་བསྒྱུར་བཅོས་བྱ་རྒྱུ་དེ་བཞིན་སློབ་མའི་སློབ་སྦྱོང་བྱ་ཐབས་རྙིང་པར་བསྒྱུར་བཅོས་བྱ་རྒྱུ་སོགས་ནི་སློབ་གསོའི་ལས་འགན་ལྗིད་པོ་ཞིག་ཡིན་པ་མ་ཟད། དེ་ནི་དེང་རབས་ཀྱི་དགོས་མཁོ་དང་འཚམ་པའི་མི་རབས་གསར་པ་གསོ་སྐྱོང་བྱ་དགོས་པར་བཏོན་པའི་རེ་བའང་ཡིན། རྒྱུ་མཚན་དེས་ན་སློབ་ཁྲིད་བྱེད་སྟངས་དང་སློབ་མའི་ཕྱོགས་ཡོངས་ཀྱི་ཡོན་ཚད་གོང་མཐོར་གཏོང་བར་སྔོན་ལ་ལྟ་བ་འགའ་རེར་བསྒྱུར་བཅོས་དགོས་པ་སྟེ།
དང་པོ། སློབ་གསོའི་བསམ་བློ་རྙིང་པར་བསྒྱུར་བཅོས་བྱེད་དགོས།
ཡིག་རྒྱུགས་སློབ་གསོ་རྨང་གཞིར་འཛིན་ནས་སྤུས་ཚད་ལྡན་པའི་སློབ་གསོའི་ལམ་བུའི་ཐོག་ཏུ་ཁ་ལོ་བསྒྱུར་ཏེ་ཕྱོགས་ཡོངས་ནས་སློབ་གསོ་དེ་དེང་རབས་ཅན་ལ་ཁ་ཕྱོགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་པར་ཁ་ཕྱོགས་དགོས་པའི་མཛུབ་སྟོན་བཞིན་སློབ་མ་རྣམས་ཀྱི་ཀུན་སྤྱོད་དང་ཤེས་རིག གཟུགས་པོ། མཛེས་སྤྱོད་ཀྱི་ལྟ་བ་བཅས་མཐུན་སྦྱོར་ལྡན་པའི་སྒོ་ནས་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ནི་ནན་ཏན་གྱི་སྒོ་ནས་སློབ་མའི་ཁུར་པོ་ལྗིད་དྲགས་པ་དེ་ཡང་དུ་གཏོང་ཐུབ་པ་དང་། སློབ་ཁྲིད་བྱ་ཐབས་ལེགས་སུ་བཏང་ནས་སློབ་མའི་དགོས་མཁོ་དང་འཚམ་པའི་སློབ་གསོའི་ནུས་རྩལ་སྐྱེད་སྲིང་ཐུབ་པ། དུས་ཚོད་ཉུང་ཙམ་སྤྱད་དེ་ཕན་འབྲས་ཆེ་ཙམ་ཡོང་ཐབས་ལ་བརྟེན་ནས་སློབ་ཁྲིད་བྱེད་དགོས་སོ།
གཉིས་པ། སློབ་ཁྲིད་ཀྱི་བསམ་བློ་གསར་དུ་བརྗེ་དགོས།
དེ་སྔའི་སྐད་ཡིག་གི་སློབ་ཁྲིད་བྱ་ཐབས་ཕལ་ཆེ་བ་ནི་དགེ་རྒན་གྱིས་སློབ་ཁྲིད་བྱེད་རྐྱང་དང་སློབ་མས་ཉན་རྐྱང་། དགེ་རྒན་གྱིས་འབྲི་རྐྱང་དང་སློབ་མས་བཤུ་རྐྱང་བྱེད་པའི་ཁྲིད་སྟངས་སོགས་ཀྱི་རྐྱེན་པས་ཚོགས་ཐེངས་གཅིག་གི་དུས་ཚོད་དེ་དགེ་རྒན་གྱིས་བདག་བཟུང་བྱས་ནས་སློབ་ཕྲུག་རྣམས་ལ་བསམ་གཞིགས་བྱེད་པའི་ཁོམ་པ་མེད་པར་གྱུར་བ་མ་ཟད་སློབ་རིམ་གང་དུ་སོང་ཡང་སྔར་ཡོད་སློབ་ཁྲིད་ཉན་སྟངས་ཀྱི་དབང་དུ་སོང་སྟེ་དགེ་རྒན་ཁོ་ནར་སྐྱབས་བརྟེན་པ་མ་གཏོགས་རང་སོ་སོས་རང་རྐྱ་ཐུབ་པའི་སྒོ་ནས་སློབ་སྦྱོང་བྱེད་ཤེས་པ་དང་བསམ་གཞིགས་བྱེད་ཐུབ་པའི་གོམས་གཤིས་སྐྱེད་སྲིང་བྱ་རྒྱུར་བརྩོན་ལེན་བྱེད་ཀྱི་མེད། དེར་བརྟེན་སློབ་མ་མི་ཉུང་བ་ཞིག་དེང་སྐབས་སྤྱི་ཚོགས་འཚོ་བའི་ནང་དུ་འཚོ་གནས་བྱེད་དཀའ་བའི་གནས་སུ་འགྱུར་འགྲོ་ཡི་ཡོད། མདོར་ན། སློབ་ཁྲིད་ཐད་སློབ་མས་དེ་སྔའི་གཞན་དབང་དུ་གྱུར་པའི་སློབ་སྦྱོང་བྱེད་སྟངས་ནས་ད་ལྟ་རང་འགུལ་དང་འཚོལ་དཔྱད་ཀྱི་སློབ་སྦྱོང་བྱེད་སྟངས་ལ་ཁ་ཕྱོགས་པ་མ་ཟད་སྐད་ཡིག་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་དུ་སློབ་མ་ཚང་མས་རང་འགུལ་གྱིས་བསམ་གཞིགས་བྱེད་པ། དགེ་རྒན་གྱིས་ཀྱང་ནུས་ལྡན་གྱི་སྒོ་ནས་སློབ་མར་མཉམ་ལས་ཀྱིས་སློབ་སྦྱོང་བྱེད་དུ་བཅུག་སྟེ། གཅིག་ནས་ཕན་ཚུན་འགུལ་བའི་ཁྲོད་དུ་སློབ་སྦྱོང་གཏིང་ཟབ་ཏུ་གཏོང་བ། གཉིས་ནས་སྣོད་སྟུན་གྱིས་སློབ་ཁྲིད་བྱེད་པ། ལ་ལར་ཟུར་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འཛིན་གྲྭ་ཡོངས་ཀྱི་སློབ་མས་རང་གི་ལྟ་ཚུལ་སྤེལ་རེས་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་ཁྲོད་དུ་ཁྲིད་སྟོན་དང་ཚོད་འཛིན་བཅས་བྱས་ཏེ་ཁྱོན་ཡོངས་ནས་སློབ་ཁྲིད་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས།
གསུམ་པ། འཁྲིད་བྱའི་ནང་དོན་དང་ཁྲིད་བྱེད་ཀྱི་བརྗོད་པར་ལེགས་བཅོས་བྱེད་དགོས།
འཁྲིད་བྱའི་ནང་དོན་རྣམས་དུས་རབས་ཀྱི་ཁྱད་ཆོས་དང་དེང་རབས་ཀྱི་འདུ་ཤེས་མཚོན་པ་དང་། སློབ་མར་ཡང་དག་པའི་འཇིག་རྟེན་གྱི་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། རིན་ཐང་གྱི་ལྟ་ཚུལ། མི་རིགས་ཀྱི་འདུ་ཤེས། རྒྱལ་གཅེས་རིང་ལུགས་ཀྱི་འདུ་ཤེས། སློབ་མའི་སེམས་ཁམས་དང་འཚམ་པ། གསར་གཏོད་ཀྱི་སྙིང་སྟོབས་སོགས་ལ་སྐུལ་སྤེལ་བཏང་སྟེ་ཁྱོན་ཡོངས་ནས་སློབ་མའི་སྐད་ཡིག་གི་ཡོན་ཚད་གོང་མཐོར་གཏོང་དགོས། བརྗོད་དོན་ཐད་སྔོན་དང་མི་འདྲ་བར་སློབ་ཁྲིད་ནང་དུ་དགེ་སློབ་འདྲ་མཉམ་གྱིས་གཙོ་ཆེ་བ་ཕན་ཚུན་གླེང་མོལ་བྱེད་པའི་རྣམ་པ་ཞིག་ཡིན་ཏེ། སློབ་མར་དོགས་གནད་ཡོང་ཚེ་ག་དུས་ཡིན་ཡང་འདོན་ཆོག་པ། ཤོད་ཆོག་པ། སློབ་གྲོགས་དབར་ལའང་འཚེར་སྣང་ཅི་ཡང་མེད་པར་བསམ་བློ་སྤེལ་རེས་བྱེད་པ། སློབ་མས་དགེ་རྒན་ལ་དྲི་བ་འདོན་ཆོག་པ་དང་ཡང་ན་དགེ་སློབ་མཉམ་དུ་གྲོས་གཞི་གཅོད་ཆོག་པ་སོགས་བརྒྱུད་ནས་སློབ་མ་རེ་རེ་བཞིན་སློབ་སྦྱོང་གི་བདག་པོར་གྱུར་ནས་དགེ་རྒན་གྱིས་སློབ་མའི་ཡར་ཐོན་ལ་གདེང་འཇོག་བཅས་བྱས་ཏེ་སློབ་མས་སྐད་ཡིག་སློབ་སྦྱོང་ལ་སྤྲོ་བ་འཕེལ་ཐབས་དང་བརྩོན་པ་དང་ལེན་ཡོང་བ་བྱེད་དགོས།
བཞི་པ། སློབ་ཁྲིད་ཀྱི་རྣམ་པ་གསར་པ་ཡོང་བ་བྱེད་དགོས།
སྲོལ་རྒྱུན་སློབ་ཁྲིད་བྱ་ཐབས་ཀྱི་ལེགས་ཆ་རྣམས་རྒྱུན་འཛིན་བྱས་པའི་རྨང་གཞིའི་སྟེང་། ང་ཚོས་གོམ་གང་མདུན་སྤོས་ཀྱིས་སློབ་ཁྲིད་ཀྱི་བྱ་ཐབས་སྣ་ཚོགས་འཚོལ་ཞིབ་བྱས་ཏེ་སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་གཏོང་དགོས། དཔེར་ན། རང་ཚུགས་ཀྱི་སློབ་སྦྱོང་བྱེད་ཐབས་དང་མཉམ་ལས་དང་འཚོལ་དཔྱད་ཀྱི་སློབ་སྦྱོང་བྱེད་ཐབས། ལག་ལེན་གྱི་སློབ་སྦྱོང་བྱེད་ཐབས། ཕན་ཚུན་གླེང་མོལ་བྱེད་པའི་སློབ་སྦྱོང་བྱེད་ཐབས། དྲ་རྒྱའི་སློབ་སྦྱོང་བྱེད་ཐབས་སོགས་སྤྱད་ན་ལེགས།
ལྔ་པ། སློབ་ཁྲིད་ཀྱི་ཁོར་ཡུག་གུ་ཡངས་ཤིང་གསོན་ཤུགས་ལྡན་པ་དགོས།
དགེ་རྒན་གྱིས་སློབ་མར་རྫོགས་མཐའ་མེད་པའི་སྐད་ཡིག་སློབ་གསོའི་ཐོན་ཁུངས་འདོན་སྤེལ་དང་བེད་སྤྱོད་བྱ་རྒྱུ་མཐོང་ཆེན་དང་སློབ་ཁྲིད་ཀྱི་རྣམ་པ་དེའང་ཁེར་རྐྱང་མིན་པའི་ཐོག་ནས་སློབ་ཁྲིད་དེ་རང་བྱུང་དང་སྤྱི་ཚོགས་སུ་བསྐྱོད་དེ་རྣམ་པ་སྣ་ཚོགས་ཤིང་རང་བྱུང་དང་སྤྱི་ཚོགས་ཀྱི་དངོས་ཡོད་འཚོ་བ་དང་ཟུང་འབྲེལ་དམ་ཟབ་ལྡན་པའི་སློབ་ཁྲིད་ཀྱི་རྣམ་པ་ཞིག་ཆགས་པར་བརྩོན་རྒྱུ་དང་ཆབས་ཅིག་སློབ་ཁང་ཕྱི་ནང་ཟུང་འབྲེལ་བྱ་རྒྱུ། སློབ་གྲྭའི་ཕྱི་ནང་དབར་འབྲེལ་ལམ་འཛུགས་པ། རིག་ཚན་ཕན་ཚུན་དབར་མཉམ་འདྲེས་བྱེད་པ་དང་དེང་རབས་ཚན་རྩལ་གྱི་ཐབས་ཤེས་བེད་སྤྱད་དེ་ཕན་ཚུན་ལེགས་ཆ་རྣམས་བླངས་ནས་སློབ་མས་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པའི་ཁྱབ་ཁོངས་ཇེ་ཡངས་སུ་གཏོང་དགོས།
མདོར་ན། ང་ཚོ་སྐད་ཡིག་སློབ་གསོ་བ་ཚོས་རྙིང་ཞེན་བག་འཁུམ་གྱི་ལྟ་བར་ནན་ཏན་གྱི་སྒོ་ནས་བསྒྱུར་བཅོས་བཏང་སྟེ་རང་གི་སློབ་གསོའི་མཛད་ཕྱོགས་ལག་བསྟར་བྱས་ནས་རང་གི་ཕྲག་སྟེང་དུ་བབས་པའི་སློབ་གསོའི་འགན་འཁྲི་དེར་དུས་དང་རྣམ་པ་ཀུན་ཏུ་གཙིགས་ཆེར་འཛིན་ཏེ་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བྱ་རྒྱུར་འབུངས་དགོས།
(རྩོམ་པ་པོ་མིག་དམར་སྒྲོལ་མ་སྟག་རྩེ་རྫོང་སློབ་འབྲིང་དུ་དགེ་རྒན་གནང་མུས)