དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དཔེ་ཁྲིད་སློབ་མའི་སེམས་ཁམས་དང་བསྟུན་ཐབས་ཇི་ལྟར་བྱེད་པའི་སྐོར་ལ་མདོ་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-04

    དཔེ་ཁྲིད་ནི་དགེ་རྒན་གྱིས་ངེས་པར་སྒྲུབ་དགོས་པའི་འགན་འཁྲི་ཞིག་ཡིན་ལ། སློབ་མའི་སེམས་ཁམས་དང་བསྟུན་ནས་དཔེ་ཁྲིད་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ། འདིར་རང་གིས་ལོ་མང་སློབ་ཚན་ཁྲིད་པའི་མྱོང་བ་ལས་འཕྲོས་ནས་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད་སློབ་མའི་སེམས་ཁམས་དང་བསྟུན་ནས་དཔེ་ཁྲིད་བྱ་རྒྱུའི་ཐད་ལ་རོབ་ཙམ་གླེང་བར་བྱ།

    གཅིག སློབ་ཁྲིད་ལ་དང་བ་འདྲེན་པར་དང་ཐོག་སློབ་མས་དགེ་རྒན་ལ་དྭངས་གཙང་ལྷད་མེད་ཀྱི་དད་སེམས་ཤིག་སྐྱེས་སུ་འཇུག་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བ་ཞིག་རེད། འོ་ན། སློབ་མས་དགེ་རྒན་ལ་སེམས་གཏིང་ནས་དད་སེམས་ཇི་ལྟར་སྐྱེད་ཐུབ་པ་བྱེད་དགོས་སམ་ཞེ་ན། སློབ་ཕྲུག་རྣམས་ལ་སློབ་གསོ་གཏོང་བ་དང་སློབ་ཁྲིད་བྱེད་པའི་སྐབས་སུ་སློབ་མའི་ཚོགས་ལ་དགེ་རྒན་གྱིས་སེམས་གཏམ་གསུང་རྒྱུ་དེ་གལ་ཆེན་པོ་ཞིག་ཏུ་མཐོང་། གལ་ཏེ་སློབ་ཕྲུག་གིས་ནོར་འཁྲུལ་ཤོར་བའམ་དགེ་རྒན་ལ་མ་འདོད་པའི་རྣམ་འགྱུར་ཕྲན་བུ་ཙམ་བསྟན་འཕྲལ་དགེ་རྒན་གྱིས་ལམ་སེང་སློབ་མར་རྡུང་རྡེག་གཏོང་བའམ་དམའ་འབེབས་ཀྱི་ཚིག་དཔེར་ན། ཀས་དང་རྨས་དང་། བོང་བུ་སོགས་བརྗོད་ན། སློབ་མའི་སེམས་སུ་རང་བཞིན་གྱིས་དགེ་རྒན་དེ་ལ་མི་དགའ་བའི་ས་བོན་བཏབ་ནས་སློབ་གསོ་ཐེབས་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ། དགེ་རྒན་ལ་དད་ལོག་སྐྱེས་ཏེ་མིང་ངན་པ་འདོགས་པའམ་ཡང་ན་ཕ་མའི་མདུན་དགེ་རྒན་དེའི་བྱེད་སྟངས་ལད་མོ་བྱས་ནས་འཁྲབ་མི་སྲིད་པའང་མིན། དེ་འདྲ་བྱས་ན་སློབ་ཕྲུག་དང་ཁྱིམ་བདག་གིས་དགེ་རྒན་ལ་བག་ཆགས་ཡག་པོ་ཞིག་འཇོག་མི་སྲིད་པས། དགེ་རྒན་ཚོས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་ཕྱིའི་རྣམ་པ་དང། ཀུན་སྤྱོད། སེམས་ཁམས་འཁྱེར་སོ། སྐད་ཆ་ཤོད་སྟངས་སོགས་ལ་དོ་སྣང་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེའོ།

    གཉིས། གཏམ་དཔེར་མི་ལ་སྐྱོན་མེད་པ་དང་། ཤིང་ལ་འཛེར་པ་མེད་པ་ཞེས་པ་ལྟར་ཕྲུ་གུར་སྐྱོན་གཏན་ནས་མེད་པ་ཞིག་མི་སྲིད་པའི་ཆོས་ཉིད་དེར་བསམས་ནས་ཕྲུ་གུར་ནོར་འཁྲུལ་ཤོར་སྐབས་ཐབས་མཁས་ཀྱི་སྒོ་ནས་སློབ་གསོ་གཏོང་རྒྱུ་གལ་ཆེ། སློབ་མ་གང་རུང་ལ་ཆེ་ཆུང་ལ་མ་ལྟོས་པའི་་སྐྱོན་ཆ་ཡོད་སྲིད་པས། དགེ་རྒན་གྱིས་སྐྱོན་དེ་དག་མཐོང་དུས་བྱམས་བརྩེའི་ངང་ཕྲུ་གུའི་མིང་ནས་འབོད་པ་དང་སྦྲགས་སེམས་རྩ་འཁོལ་པོས་སློབ་གསོ་བརྒྱབ་ཚེ། སློབ་མའི་སེམས་ཁམས་སུ་ཟུག་པོ་ཡོང་བ་མ་ཟད། སློབ་གསོའི་ནུས་པའང་གཏན་གཏན་ཐོན་སྲིད་ལ་སློབ་ཁྲིད་ཀྱི་སྦྱངས་འབྲས་ཀྱང་ཇེ་ལེགས་སུ་འགྲོ་ངེས་པ་སྨོས་མེད་ཐོག སློབ་མ་དེ་དག་གིས་དགེ་རྒན་ལ་རང་བཞིན་གྱིས་དད་པ་སྐྱེས་ནས་སློབ་ཚན་སྐབས་ནན་ཏན་གྱིས་ཉན་པ་ལས་ཁ་གཡེང་མིག་གཡེང་བྱེད་མི་སྲིད།

    གསུམ། སློབ་ཕྲུག་གི་སེམས་ཁམས་དང་བསྟུན་ནས་སྐོམ་སེལ་གྱི་ཆུ་དང་། ནད་སེལ་གྱི་སྨན་ལྟ་བུའི་ཐབས་ཤེས་བཟང་བའི་སྒོ་ནས་སློབ་གསོ་གཏོང་རྒྱུ་གལ་ཆེ། དེ་ལྟར་མིན་པར་ཚིག་རྩུབ་དང་། གཤེ་གཤེ་ཁོ་ན་ལ་བརྟེན་ནས་སློབ་མར་སློབ་གསོ་བརྒྱབ་ན། སློབ་མ་དག་ཚོགས་ཐེངས་གཅིག་གི་རིང་ལ་མ་འདོད་བཞིན་དུ་དགེ་རྒན་གྱི་ཁ་ལ་ཉན་སྲིད་ཀྱང་། སློབ་མ་དེ་དག་གི་སྤྱོད་ལམ་ཕུགས་ལ་སྡུག་ཏུ་ལས་ཡག་ཏུ་འགྲོ་བ་ནི་ཉིན་མོའི་སྐར་མ་དང་རི་བོང་གི་རྭའི་དཔེ་རུ་འགྱུར་རྒྱུ་རེད།

    བཞི། སློབ་མ་སོ་སོའི་གོ་སྟོབས་དང་རིག་པ་སྤྱང་ལོས་མི་འདྲ་བར་གཞིགས་ནས་སློབ་ཁྲིད་ཀྱི་ནང་དོན་དང་ཐབས་ཤེས་ཀྱང་མི་འདྲ་བ་སྤྱོད་རྒྱུ་གནད་ཀྱི་དམ་པ་ཡིན། སློབ་གྲྭའི་སྤྱི་ཡོངས་ཀྱི་སློབ་ཁྲིད་འཆར་གཞི་དང་མི་འགལ་བའི་རྨང་གཞིའི་ཐོག་རང་རང་སོ་སོའི་འཛིན་གྲྭའི་གནས་ཚུལ་དང་ལྷག་པར་དུ་སློབ་མའི་ཤེས་ཚད་དང་གོ་སྟོབས་ལ་གཞིགས་ནས་ལ་ལར་རྒྱས་ཙམ་འཁྲིད་པ་དང་། ལ་ལར་བསྡུས་ཙམ་སློབ་པ། ལ་ལར་ཚིག་ངོའི་དོན་སྟོན་པ། ལ་ལར་གཏིང་རིང་ཙམ་འཁྲིད་པ་སོགས་ཐབས་ཚུལ་སྣ་ཚོགས་ལ་བརྟེན་ནས་སློབ་ཕྲུག་གི་སྤོབས་པ་དང་བརྩོན་སེམས་འཕེལ་བར་བྱེད་དགོས། དགེ་རྒན་ལ་ལས་ཕྲུ་གུ་ཆེ་གེ་མོར་སྤྱི་ཡོངས་ལ་བསླབས་པ་མི་ཤེས་པའི་སྐབས་སུ་ཨུ་ཚུགས་མཐའ་སྐྱེལ་གྱིས་དེ་རང་སྦྱོང་དུ་བཅུག་པ་ལས། རྒྱུ་རྐྱེན་གང་གིས་མི་ཤེས་པ་དང་རྨང་གཞི་གང་ཞིག་སྔོན་ལ་སྦྱང་དུ་བཅུག་ན་ལེགས་པ་ཡོད་མེད་གཏན་ནས་མི་ལྟ་བར་སློབ་ཁྲིད་ཀྱི་འཆར་གཞིར་བབ་བསྟུན་མེད་པར་ཁྲིད་རྐྱང་བྱེད་པའི་སྐྱོན་ཞིག་མཆིས། དེ་ལྟར་བྱས་པས་མ་གཞི་འཆར་གཞི་བཞིན་འགྲོ་ཐུབ་ཀྱང་སློབ་མ་སོ་སོའི་ངོས་ལ་སྨིན་པ་ཞིག་འོང་རྒྱུ་དཀའ་བ་ཡིན་པས། དོན་དམ་པར་དགེ་རྒན་གྱི་འཇོན་ཐང་ངོམ་པ་ཞིག་ཡིན་ཚེ། རྨང་གཞི་ཡག་པོ་དང་རིག་པ་བཟང་བའི་སློབ་མ་ཡར་རྒྱས་གཏོང་བ་ནི་བཟང་མོད་ཀྱང་། དང་ཐོག་ནས་རྨང་གཞི་མེད་པ་དང་རིག་པ་མེད་པའི་སློབ་ཕྲུག་དེ་མཐར་སྦྱངས་འབྲས་རྩེར་སོན་ཞིང་སྤྱོད་ཡོན་གཉིས་ལྡན་གྱི་ཚད་དུ་སླེབས་པ་ཞིག་ཏུ་སྐྱེད་བསྲིང་ཐུབ་ཚེ་དགེ་རྒན་གྱི་སློབ་ཁྲིད་ལ་ནུས་པ་ཐོན་པ་ཞིག་ཡིན་ལ་ཕྲུ་གུ་དེས་དུས་ནམ་ཡང་དགེ་རྒན་དེ་བརྗེད་མི་སྲིད་དོ།

    མདོར་ན། དགེ་བའི་བཤེས་གཉེན་ལྷན་རྒྱས་ནས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་སློབ་མ་དེ་དག་ལ་རང་གི་ཤ་ཁྲག་ལས་བཅད་པའི་བུ་ཕྲུག་བཞིན་ལྷད་མེད་ཀྱི་བརྩེ་བ་བཅངས་ནས། ཁོ་ཚོའི་སེམས་པ་སློབ་སྦྱོང་ལ་བཀུག་ནས་ཤེས་བྱ་ཡོན་ཏན་དང་དང་མི་གཤིས་ཀུན་སྤྱོད་བསླབས་ཏེ་མ་འོངས་པར་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་བཟང་པོ་ཞིག་བྱུང་ན་ཀུན་སྨོན་རང་སྐྱིད་ཅིག་ཡིན་པ་དང་། དེ་འདྲ་མ་བྱུང་ནའང་ཕྱིན་འབྱུང་གི་འཚོ་བའི་ནང་སྤྱི་ཚོགས་ཁྲོད་ཡིན་ལུགས་ཚུལ་ལྡན་གྱི་འཚོ་བ་སྐྱེལ་ཐུབ་མཁན་གྱི་མི་ཞིག་ཏུ་འགྱུར་བ་བྱ་རྒྱུའི་ཐུགས་འགན་བཞེས་རྒྱུ་དེ་ནི། འདོར་ཐབས་མེད་པའི་འོས་འགན་ཞིག་ཡིན་པས་དགེ་རྒན་ཡོངས་ནས་དགོངས་བཞེད་གནང་རྒྱུ་གལ་ཆེ་བར་སྙམ་མོ།

    (ཁྲེང་ཀོན་ཆུས་རྔ་ཆེན་ཤང་སློབ་ཆུང་གི་པ་སངས)

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།