གླེང་གཞི།
མིའི་རིགས་ཀྱི་ཤེས་རིག་ནི་དུས་ཡུན་རིང་པོའི་འཚོལ་ཞིབ་དང་དཔྱད་ཞིབ་བྱས་པ་ལས་བྱུང་ཞིང་། མི་རབས་ནས་མི་རབས་བར་ལ་བརྒྱུད་སྤྲོད་དང་རྒྱུད་འཛིན་བྱས་ནས་མུ་མཐུད་འཐུས་ཚང་དང་སྤུས་ལྡན་དུ་གཏོང་དགོས་པ་དེ་ཡིན། མི་རིགས་ཀྱི་རིག་གནས་སློབ་གསོ་དར་སྤེལ་གྱི་འགག་རྩ་དེ་དགེ་རྒན་དང་སློབ་མའི་མཉམ་ལས་དང་སྦྱོང་སྤྱོད་ལ་རག་ལས་ཡོད། མི་རབས་ནས་མི་རབས་ལ་རྒྱུད་སྤེལ་བཏང་བའི་མི་རིགས་ཀྱི་ཤེས་རིག་དེ་དག་དགེ་རྒན་གྱིས་སློབ་མར་བརྒྱུད་སྤྲོད་དང་དོགས་སེལ་བྱས་པ་བརྒྱུད་གཞི་ནས་མ་ཉམས་གོང་འཕེལ་ཡོང་གི་ཡོད། སློབ་མ་ཞིག་ལ་མཚོན་ན། ཚད་ལྡན་གྱི་དགེ་བའི་བཤེས་གཉེན་བསྟེན་པ་དང་སྒོ་གསུམ་གུས་པ་ཆེན་པོས་དགེ་བའི་བཤེས་གཉེན་ལ་ཁ་ལེན་ཚིག་བརྩི་བྱ་རྒྱུ་དེ་ཡང་ཤེས་རིག་ཕུན་སུམ་ཚོགས་པོ་ཞིག་གསོག་པའི་ཐབས་ལམ་གཙོ་བོ་ཡིན། དེས་ན། སློབ་གསོ་འཕེལ་རྒྱས་ཡོང་དགོས་ན་དགེ་སློབ་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་དགོས། གང་ལགས་ཤེ་ན། དགེ་སློབ་དབར་གྱི་འབྲེལ་བ་ལེགས་ཉེས་ཀྱིས་རིག་གནས་སློབ་གསོའི་འཕེལ་འགྲིབ་ལ་ཐད་ཀར་ཤུགས་རྐྱེན་བཟོ་གིན་ཡོད། འོ་ན་དགེ་རྒན་དང་སློབ་མའི་དབར་ལ་ཡང་དག་པའི་འབྲེལ་བ་ཅི་འདྲ་ཞིག་དགོས་སམ།
དང་པོ། མི་དང་མིའི་དབར་གྱི་འབྲེལ་བ་ཞིག་ཡིན་དགོས།
དགེ་རྒན་དང་སློབ་མ་སུ་འདྲ་ཞིག་ཡིན་རུང་ཚང་མ་ནི་ཤ་ཁྲག་གདོས་བཅས་ཀྱི་མི་ཡིན་ཞིང་མི་ཡི་དགེ་མཚན་དང་ཉེས་སྐྱོན་ལ་སོགས་པ་རང་ཆས་སུ་ཡོད་པ་རེད། དཔེར་ན་མི་ཡིན་པའི་ཆ་ནས་མི་ཡི་དགའ་སྐྱོ་ཆགས་སྡང་དང་མི་ཡི་བདེ་སྡུག་གི་ཚོར་བ་ལ་སོགས་པ་དུས་དང་རྣམ་པ་ཐམས་ཅད་དུ་ཕྱི་ནང་གི་འགྲོ་འདུག་བར་ནས་མངོན་གྱིན་ཡོད། དེས་ན་དགེ་རྒན་དང་སློབ་མ་ཕན་ཚུན་དབར་ལ་རང་རང་གི་མི་གཤིས་ལ་བརྩི་འཇོག་དང་བསམ་ཤེས་བྱེད་རྒྱུ་གལ་འགངས་ཆེ་ཞིང་། སུ་ལ་ཡང་རང་རང་གི་རང་གཤིས་སྲུང་འཛིན་དང་འདོན་སྤེལ་བྱེད་པའི་དབང་ཆ་ཡོད་པའོ། དགེ་རྒན་ལ་མཚོན་ན་རང་ཉིད་ལ་བྱིས་པ་རྣམས་ལས་ཁྱད་དུ་འཕགས་པའི་རིག་གནས་ཀྱི་མཐོ་ཚད་དང་ལུས་ངག་གི་འཇོན་ཐང་ཡོད་པར་བརློམས་ནས་སློབ་མར་གང་བྱུང་དུ་མཐོང་ཆུང་དང་དམའ་ཕབ་མི་རུང་། སློབ་མ་རྣམས་ལོ་ཚད་ཀྱིས་ཆུང་ངུར་སྣང་ན་ཡང་དགའ་སྐྱོ་དང་བདེ་སྡུག་གི་ཚོར་བ་ཀུན་ལས་རྣོ་ཞིང་ཡ་ཆུང་སེམས་པར་ཕོག་ཐུག་ཕྲ་མོ་ཙམ་ཡང་འགྲོ་བའི་གུ་ཡངས་མེད། རྒྱུ་མཚན་ནི“བྱིས་པ་ལ་བྱིས་པ་རང་གི་བསམ་བློ་དང་ལྟ་བ་དང་བརྩེ་དུང་ཡོད་པས་སོ”
གཉིས་པ། དགེ་རྒན་དང་སློབ་མ་ཕན་ཚུན་དབར་འདྲ་མཉམ་ཡིན་དགོས།
འཛམ་གླིང་གི་སྐྱེ་འགྲོ་ཐམས་ཅད་ནི་སྐྱེ་དུས་ནས་བཟུང་སྟེ་འདྲ་མཉམ་ཡིན་ཏེ། ཧྥ་རན་སིའི་སློབ་གསོ་བ་མཁས་ཅན་རུའོ་སོ་ཡིས“མི་བུ་ཡོད་ཚད་ནི་གདོད་མ་ནས་འདྲ་མཉམ་ཡིན་ནོ། ཐུན་མོང་ལ་ཡོད་པའི་གནམ་བསྐོས་ཀྱི་ལས་དབང་དེས་མི་གཤིས་བཟང་པོ་བསྐྱེད་པར་བྱེད་ཅིང་དེའི་ཐད་ཀྱི་གསོ་སྦྱོང་ཡག་པོ་བྱུང་ཚེ། མི་ཆོས་ཀྱི་སྤྱོད་ལམ་ལ་མི་རྨོངས་སོ”ཞེས་གསུངས་སོ། རང་གཤིས་དང་བྱ་བྱེད་ཀྱི་རྣམ་འགྱུར་སྣ་ཚོགས་སུ་སྣང་ཡང་། དོན་དུ་བདེ་སྡུག་གི་ཚོར་བ་ནི་འདྲ་མཉམ་དུ་སྣང་ནས་ཡོད་དེ། བདེ་བ་འདོད་པ་དང་བདེ་བའི་ཆེད་དུ་ཡོད་ཚད་བློས་གཏོང་གིན་ཡོད་ལ་སྡུག་བསྔལ་མི་འདོད་ཅིང་སྡུག་བསྔལ་ལས་ཐར་ཆེད་ཁྲག་དང་མིག་ཆུའི་རྒྱ་མཚོ་བཞེངས་ནུས་པའོ། ཕྱི་སྣོད་ཀྱི་འཇིག་རྟེན་འདི་རུ་འདྲ་མཉམ་དུ་གསོན་འདོད་ཅིང་རང་རང་གི་འཚོ་བའི་ཁ་ཕྱོགས་དང་འཚོ་བའི་དོན་སྙིང་འཚོལ་གྱིན་ཡོད། སྤྱི་མཐུན་གྱི་ས་གཞི་རིལ་མོ་འདི་ཞི་མཐུན་དང་མཛེས་སྡུག་ལྡན་པ་ཞིག་ཡོང་སླད་འདྲ་མཉམ་ངང་རང་རང་གི་ནུས་པ་འདོན་སྤེལ་བྱེད་ཀྱིན་ཡོད། དེ་བས་དགེ་རྒན་དང་སློབ་མ་ཡང་དེ་ལས་མ་འདས་ཤིང་མིའི་རིགས་ཀྱི་ཆ་ཤས་ཤིག་ཡིན་པའི་ཆ་ནས་ཕན་ཚུན་འདྲ་མཉམ་ཡིན་ཞིང་འདྲ་མཉམ་གྱི་ཐོབ་ཐང་ཡོད་འོས་སོ།
སློབ་གསོ་སློབ་ཁྲིད་གང་དུ་ཡིན་རུང་མི་གཙོ་བོར་འཛིན་དགོས་ལ་མི་ཡི་འདྲ་མཉམ་ཐོབ་ཐང་ལ་བརྩི་འཇོག་དང་གོང་བཀུར་ཞུ་དགོས། ལྷག་པར་དུ“བསླབ་ཚན་གསར་པའི་ནང་དུ་སློབ་མ་ནི་སློབ་སྦྱོང་དང་འཕེལ་རྒྱས་ཀྱི་གཞི་རྐང་ཡིན་ཅིང་། ཁོ་ཚོའི་རང་ཚུགས་དང་མཉམ་ལས། འཚོལ་དཔྱད། དོན་སྙིང་ལྡན་པ་བཅས་ཀྱི་སློབ་སྦྱོང་བྱེད་ཚུལ་ལ་སྐུལ་སྤེལ་གཏོང་དགོས་པའི་རེ་བ་བཏོན་ཡོད། དགེ་སློབ་དབར་ཕན་ཚུན་འདྲིས་ཐབས་མེད་པའི་འབྲེལ་བ་དོག་པོ་དེར་ལེགས་བཅོས་བྱུང་ནས་ཕན་ཚུན་བརྩི་འཇོག་བྱེད་པ་དང་། འདྲ་མཉམ་ཡིན་པ། ཕན་ཚུན་མཐུན་སྦྱོར་གྱི་འབྲེལ་བ་ལེགས་པོ་ཞིག་ཡོང་དགོས”ཞེས་གསུངས་པ་ནི་གནས་ལུགས་དང་ཤིན་ཏུ་མཐུན་པའོ།
ཡིན་ཡང་དགེ་རྒན་འགའ་ཤས་ལ་དེའི་ཐད་ཀྱི་ཤེས་བྱས་དམན་པས་སམ་ཡང་ན་རང་གི་ལས་གནས་འདི་ལ་ཡང་དག་པའི་གོ་བ་མ་ལོན་པའི་དབང་གིས་སློབ་མ་རྣམས་ལ་འདྲ་མཉམ་དུ་བལྟ་ཐུབ་ཀྱིན་མེད། དཔེར་ན། རྒྱུ་ཡོད་དབང་ཡོད་ཅན་ལ་དགའ་བ་དང་དབུལ་ཕོངས་ཉམ་ཐག་ཅན་ལ་མཐོང་ཆུང་དང་དམའ་འབེབས་བྱེད་པ། ཡང་ཕྱི་ལུས་ཀྱི་ཡག་བཙོག་ལ་བལྟས་ནས་སློབ་མ་ཅུང་ཟད་གཙང་སྦྲ་དང་ལྡན་པ་རྣམས་ལ་ཉེ་བར་ཕྱོགས་པ་དང་སློབ་མ་ཅུང་ཟད་ཁ་སྒོ་སྐྱེ་འབྲས་མཚར་པོ་མེད་པ་རྣམས་ལ་རྡུང་རྡེག་དང་ཚིག་རྩུབ་གིས་བསྡིགས་པ་ལ་སོགས་བྱེད་ཀྱི་ཡོད། མི་ཡི་འདྲ་མཉམ་རིན་ཐང་ལ་གོ་བ་ཡོངས་སུ་མ་ལོན་པའི་བྱ་སྤྱོད་དེ་དག་གིས་ནི་དགེ་སློབ་དབར་ལ་འབྲེལ་བ་ཡང་དག་འཛུགས་རྒྱུར་ཤིན་ཏུ་གནོད་ངེས་པས་གཟབ་དགོས་སོ།།
གསུམ་པ། དགེ་རྒན་དང་སློབ་མ་ཕན་ཚུན་དབར་རང་མོས་ཡོད་དགོས།
ཇི་སྐད་དུ་བོད་ཀྱི་མཁས་པའི་དབང་པོ་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས“རང་དབང་ཐམས་ཅད་བདེ་བ་ཡིན། གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན”ཞེས་གསུངས་པ་བཞིན་སྐྱེ་འགྲོ་སུ་འདྲ་ཞིག་ཡིན་རུང་རང་མོས་ཀྱི་འཚོ་བ་ཞིག་ལ་རྩོད་ལེན་དང་རེ་སྨོན་བྱེད་ཅིང་དེའི་ཆེད་དུ་སྟོབས་ནུས་ཡོད་རྒུ་འདོན་སྤེལ་བྱས་དང་བྱེད་མུས་སུ་ཡིན། རང་མོས་ཀྱི་བསམ་གཞིག་བྱེད་པ་དང་རང་གི་ལྟ་བ་གླེང་བ། རང་མོས་ཀྱི་འཚོ་བ་སྐྱེལ་བ་སོགས་ནི་སྐྱེ་འགྲོ་ཀུན་གྱིས་མོས་པ་གཅིག་ཏུ་མཐུན་པའི་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ཐོབ་ཐང་ཡིན་པའོ། དེས་ན། དགེ་སློབ་གྱི་འབྲེལ་བ་འཛུགས་པའི་སྐབས་སུ་ཡང་ངེས་པར་དུ་སློབ་མའི་རང་མོས་ལ་གོང་བཀུར་དང་མི་གཤིས་ལ་བརྩི་མཐོང་བྱ་དགོས་སྙམ། དེ་འདྲ་བྱས་ཚེ་གཞི་ནས་དགེ་སློབ་དབར་གྱི་འབྲེལ་བ་དེ་སྔར་བས་བདེ་ཐང་དང་འཆམ་མཐུན་ཡོང་ཐུབ་བོ། དེ་ཡང་སློབ་མ་རྣམས་ལ་བསམ་གཞིག་གཏོང་བའི་དུས་ཚོད་དང་ཁོར་ཡུག་སྤྲོད་དགོས་ཤིང་། རང་རང་སོ་སོའི་ལྟ་ཚུལ་ཅི་རིགས་ཅི་དགར་གླེང་བར་ཁྲིད་སྟོན་བྱ་དགོས།
མིག་སྔར་དགེ་རྒན་མང་པོ་ཞིག་ལ་བསམ་འཆར་དང་ལེན་གྱི་འདུ་ཤེས་ཞན་པས་རང་ཉིད་ལ་བསམ་འཆར་དང་ལེན་དང་འདོན་རྒྱུ་ལྟ་ཅི། ལྡོག་སྟེ་སློབ་མའི་བསམ་ཚུལ་དང་སྨྲ་བརྗོད་ལ་རྣམ་པ་ཀུན་ཏུ་སྡིགས་དམོད་བྱེད་ཀྱིན་ཡོད། དེ་འདྲའི་སློབ་གསོ་སློབ་ཁྲིད་ནི་སློབ་གསོ་དེང་རབས་ཅན་ལ་ཁ་ཕྱོགས་དགོས་པའི་རྩ་དོན་དང་འགལ་ནས་ཡོད་ཅིང་མི་རབས་གསར་པའི་རང་དབང་གི་འཚོ་བའི་ལམ་བུ་གཏོར་བ་དང་གཉིས་སུ་མ་མཆིས། ཕན་ཚུན་གྱི་བསམ་ཚུལ་ལ་བརྩི་འཇོག་མ་བྱས་ན་ཕན་ཚུན་ལ་འབྲེལ་ལམ་བཟང་པོ་ཞིག་འཛུགས་མི་ཐུབ་ཁོ་ཐག་ཡིན་ཅིང་ཕན་ཚུན་ཡར་རྒྱས་གོང་འཕེལ་འགྲོ་བའི་གོ་སྐབས་ཆུང་དུ་འགྲོ་ངེས་སོ།
བཞི་པ། དགེ་རྒན་དང་སློབ་མ་ཕན་ཚུན་དབར་དད་མོས་ཡོད་དགོས།
སྤྱི་ཚོགས་ཀྱི་འབྲེལ་བ་འདྲ་མིན་ཁྲོད་དུ་དགེ་རྒན་དང་སློབ་མའི་འབྲེལ་བ་ནི་དམིགས་གསལ་ཅན་ཞིག་ཡིན། གང་ལགས་ཤེ་ན། དེ་ལ་གསེར་དངུལ་ལ་སོགས་པའི་རྒྱུ་ནོར་གྱི་བསླུ་བྲིད་བཀོལ་མི་དགོས་ལ་དབང་ཤུགས་ལ་བརྟེན་པ་ཞིག་ཀྱང་མ་ཡིན་པས་འབྲེལ་བ་དེ་ནི་ཧ་ཅང་སྟབས་བདེ་ལ་ལྷད་མེད་ཅིག་ཡིན་པའོ། དེ་ནི་ཕན་ཚུན་གྱི་དད་མོས་ལ་བརྟེན་པ་ཁོ་ནའོ། དགེ་རྒན་ནི་སློབ་མ་ལས་གང་གིས་རྒན་པ་ཡིན་ནམ་ཞེ་ན། དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས“རང་ཉིད་སྒོ་གསུམ་ཉེས་སྤྱོད་ལས་ལྡོག་ཅིང་ཡ་རབས་དགེ་བའི་ཕྱོགས་ལ་སྦྱོར་མཁས་པ་དང་། རང་ཉིད་ལས་ཡོན་ཏན་གྱི་སྒོ་ནས་རྒན་པ་ཡིན་པའི་དབང་གིས་དགེ་རྒན་ཞེས་ཐོགས”པར་གསུངས། དེ་བཞིན་དགེ་རྒན་གྱི་ལས་རིགས་འདི་ནི་གཡོ་རྫུན་གྱི་བྱ་བ་ཞིག་མ་ཡིན་པར་མིའི་རིགས་ཀྱི་བདེན་དགེ་མཛེས་གསུམ་སློབ་མའི་རྒྱུད་ལ་སློབ་པའི་བྱ་གཞག་ཅིག་ཡིན་པས་དགེ་རྒན་གྱི་སྡེ་ཁག་ལའང་ཀུན་སྤྱོད་ཀྱི་ཐད་རེ་བ་མཐོན་པོ་བཏོན་ཡོད། དགེ་རྒན་གྱི་ཤུགས་རྐྱེན་ནི་དངོས་དང་བརྒྱུད་པའི་སྒོ་ནས་སློབ་མའི་ཡིད་ལ་འཇགས་འགྲོ་བ་སྟེ། དགེ་རྒན་ནི་སློབ་མའི་མིག་དཔེ་བལྟ་ཡུལ་ཡག་ཤོས་དེ་ཡིན་པས་སོ། དགེ་རྒན་གྱི་སློབ་མར་བཅངས་པའི་བྱམས་སེམས་དང་རེ་བ་ལ་བརྟེན་ནས་ལྷག་བསམ་རྣམ་དག་གིས་སློབ་གསོ་སློབ་ཁྲིད་ཀྱི་བྱ་བའི་རྒྱུན་སྐྱོང་གིན་ཡོད་པ་དང་སློབ་མས་ནི་དགེ་བའི་བཤེས་གཉེན་ལ་སེམས་གཏིང་ནས་དད་མོས་དང་གོང་བཀུར་ཞུས་ནས་རང་ལ་ཤེས་རིག་གི་ནོར་བུ་ལོན་གྱིན་ཡོད། འབྲེལ་བ་དེ་དང་དེ་འདྲ་བས་ནི་ཕན་ཚུན་དབར་ལ་ཡིད་ཆེས་སླེབས་འོང་ལ་ཕན་ཚུན་དབར་འཆམ་མཐུན་མཉམ་གནས་བྱུང་ནས་ཡིད་དུ་འོང་ལ་ལྷིང་འཇགས་ལྡན་པའི་སློབ་གྲྭའི་ཁོར་ཡུག་འདི་བྱུང་བ་ཡིན་སྙམ། དེར་བརྟེན། དགེ་སློབ་དབར་ལ་ངེས་པར་དུ་དད་མོས་དང་བརྩེ་བ་ཡོད་དགོས་སོ།།
མདོར་ན། དགེ་རྒན་དང་སློབ་མ་ནི་སློབ་གྲྭའི་སློབ་གསོ་འཕེལ་རྒྱས་གཏོང་མཁན་གྱི་བྱེད་པོ་གཙོ་བོ་དེ་ཡིན་ལ་རྒྱལ་ཁབ་དང་མི་རིགས་ཤིག་གི་མ་འོངས་པའི་རེ་བ་བཅོལ་ཡུལ་དེ་ཡང་ཡིན། དགེ་སློབ་དབར་ལ་ཡང་དག་པའི་འབྲེལ་བ་འཛུགས་སྐྱོང་བྱ་རྒྱུ་ནི་སློབ་གསོ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་ལྟ་བུ་ཡིན་ལ། རྒྱལ་ཁབ་དང་མི་རིགས་ཤིག་གི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་མ་འོངས་བོད་གསར་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཀྱི་འགན་ལེན་ཡང་ཡིན་ནོ།
(ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་སློབ་འབྲིང་གི་དབྱངས་སྐྱིད)