དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་ཆུང་སྐད་ཡིག་གི་སློབ་ཁང་སློབ་ཁྲིད་སྐབས་སློབ་མའི་རང་སྟོབས་ཀྱི་སློབ་སྦྱོང་ནུས་པ་ཇི་ལྟར་གསོ་སྐྱོང་བྱེད་དགོས་མིན་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-02

    དེང་རབས་སློབ་གསོའི་གཞུང་ལུགས་ལས་སློབ་མའི་སློབ་སྦྱོང་ཆུ་ཚད་ཀྱི་མཐོ་དམན་ཟེར་བ་འདི་མཐར་ཐུག་ནས་བརྗོད་ན། སློབ་མའི་སློབ་སྦྱོང་གི་སེམས་ཤུགས་དང་རང་འགུལ་ལ་བརྗོད་ཀྱི་ཡོད། སྐད་ཡིག་གི་སློབ་ཁང་སློབ་ཁྲིད་སྐབས་སློབ་མའི་རང་འགུལ་འདོན་སྤེལ་གང་ལེགས་བྱེད་རྒྱུ་ནི་སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་གཏོང་བའི་འགག་རྩ་ཞིག་རེད། དེས་དགེ་རྒན་གྱི་རེ་བ་བཏོན་པའི་ཕྱིའི་མཛུབ་སྟོན་དེ་སློབ་མའི་ནང་བསམ་པའི་རང་སྟོབས་སུ་བསྒྱུར་ནས་སྐད་ཡིག་སློབ་ཚན་དེ་ཉིད་དངོས་སུ་སློབ་མ་གཙོ་བོར་བྱས་པའི་སློབ་ཚན་གྱི་རྣམ་པ་ཞིག་ཏུ་འགྱུར་སྲིད།

    སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དགེ་རྒན་རང་ཉིད་ནས་སློབ་མར་རང་འགུལ་གྱིས་ལྟ་བ་དང་། ཀློག་པ། བསམ་བློ་གཏོང་བ་བཅས་བྱེད་དུ་བཅུག་ནས་སྐད་ཡིག་སློབ་ཁྲིད་ཀྱི་གཙོ་གནད་སློབ་མའི་རང་རྟོཌ་ཀྱི་ནུས་པ་གསོ་སྐྱོང་བྱེད་པའི་ཐད་བཞག་ཚེ། ཕན་འབྲས་ཅུང་ལེགས་ཙམ་ཐོན་ངེས་རེད། དེས་ན་སྐད་ཡིག་སློབ་ཁྲིད་སྐབས་སློབ་མའི་སློབ་སྦྱོང་གི་རང་སྟོབས་ནུས་པ་སྐྱེད་སྲིང་ཇི་ལྟར་བྱེད་དགོས་མིན་ཐད་རང་ཉིད་ཀྱི་སློབ་ཁྲིད་ཉམས་མྱོང་དང་འབྲེལ་བ་བྱས་ནས་མདོར་བསྡུས་ཤིག་གླེང་བར་བྱ།

    གཅིག སློབ་མས་རང་འགུལ་ངང་སློབ་སྦྱོང་བྱེད་པར་སྐུལ་སློང་བྱེད་དགོས་པ།

    “དཔེ་དེབ་ཁྲི་སྟོང་བཀླགས་གྱུར་ན། སྨྱུག་རྩེ་ལྷ་ཡིས་སྒྱུར་བ་འདྲ”ཞེས་པ་ལྟར། སློབ་མར་སློབ་ཚན་ཀློག་ཏུ་བཅུག་ནས་རང་ངོས་ནས་གོ་བ་གང་ཐུབ་ལེན་དུ་འཇུག་པ་ནི་གལ་འགངས་ཆེ་བར་སེམས། དེར་བརྟེན། སློབ་ཚན་གསར་པ་རེ་འཁྲིད་སྐབས་རང་ཉིད་ནས་སློབ་མ་རྣམས་ལ་སྔོན་ལ་རང་མོས་ངང་ཀློག་ཏུ་འཇུག་པ་དང་། དེ་ནས་བརྩེ་དུང་ལྡན་པའི་སྒོ་ནས་ཀློག་ཏུ་བཅུག་སྟེ་རིམ་གྱིས་སློབ་ཚན་ལ་གོ་བ་ལོན་དུ་འཇུག་གི་ཡོད། དཔེར་ན། 《དཔྱིད་ཀ་སླེབས་བྱུང》ཞེས་པའི་སློབ་ཚན་འདི་སློབ་ཁྲིད་བྱེད་སྐབས་རང་ཉིད་ནས་སློབ་མ་རང་ངོས་ནས་སློབ་ཚན་འདི་ལེགས་གྲུབ་བྱེད་དུ་འཇུག་གི་ཡོད། དེ་ཡང་། སྔོན་ལ་དགེ་རྒན་གྱིས་སློབ་མར་སློབ་ཚན་ཀློག་པའི་བརྒྱུད་རིམ་ནང་ངེས་པར་དུ་སྒྲུབ་དགོས་པའི་རེ་བའམ་བླང་བྱ་འདོན་དགོས་ཏེ། གཅིག་ནས་སློབ་ཚན་ངག་ཀློག་བྱས་ཏེ་ཚིག་གསར་ལ་རྟགས་བཀོད་དེ་ཚིག་མཛོད་ལ་བརྟེན་ནས་ཚིག་དོན་ལ་གོ་བ་ལེན་དགོས་པ། གཉིས་ནས་སློབ་ཚན་ཀློག་སྐབས་རང་བྱུང་དུམ་བུ་རེའི་ནང་དོན་ཤེས་རྟོགས་བྱས་ནས་སློབ་ཚན་གྱི་ནང་དོན་རགས་ཙམ་ཤེས་རྟོགས་ཐུབ་པར་བྱེད་དགོས་པ། གསུམ་ནས་བརྩེ་དུང་ལྡན་པའི་སྒོ་ནས་སློབ་ཚན་ཀློག་པ་དང་། སློབ་ཚན་ཧྲིལ་པར་གོ་བ་ལོན་པ། དུམ་མཚམས་རེ་རེ་བཞིན་གྱི་བསྟན་དོན་འབྲི་བ་བཅས་ཀྱི་བླང་བྱ་འདོན་དགོས་པ་དང། སློབ་མས་རང་འགུལ་ངང་སློབ་ཚན་བཀླགས་རྗེས་ཡང་བསྐྱར་རང་སྦྱོང་གི་གནས་ཚུལ་ཡར་ཞུ་བྱེད་པ་མ་ཟད། རང་སྦྱོང་བྱེད་རིང་ཕྲད་པའི་གནད་དོན་བཏོན་ཏེ་སློབ་མ་ཕན་ཚུན་གྲོས་བསྡུར་དང་བསམ་གཞིག་བྱེད་དུ་འཇུག་པ་ལྟ་བུའོ།

    སློབ་མས་གོང་གི་བླང་བྱ་དེ་དག་ལེགས་གྲུབ་བྱས་ཟིན་ཚེ། དགེ་རྒན་གྱིས་དཀའ་གནད་དང་དོགས་གནད་ཆེ་སར་ཆེད་མངགས་འགྲེལ་བཤད་བྱས་ན། སློབ་མས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་སྲིད་པ་མ་ཟད། གོ་བ་གསལ་པོ་མ་ལོན་པའི་ཐད་ལ་སླར་ཡང་སྐད་ཆ་དྲིས་ནས་སློབ་མའི་སློབ་སྦྱོང་གི་རང་འགུལ་ཤུགས་ཆེར་འཕེལ་བ་དང་སྦྲགས། དགེ་རྒན་གྱི་སློབ་ཁྲིད་ལ་མཛུབ་མོ་རི་སྟོན་གྱི་ནུས་པ་ཐོན་ནས་སློབ་སྦྱོང་གི་སྦྱངས་འབྲས་གོང་དུ་འཕེལ་སྲིད།

    གཉིས། དཀའ་གནད་འདྲི་རྩད་བྱེད་པར་ཁྲིད་སྟོན་བྱས་ཏེ་འཚོལ་ཞིབ་ཧུར་ཐག་བྱེད་པར་སྐུལ་ལྕག་བྱེད་དགོས།

    “བསམ་གཞིག་ནི་ནམ་ཡང་གནད་དོན་ནས་འགོ་རྩོམ་དགོས”ཞེས་པ་ལྟར་སློབ་སྦྱོང་ཡང་དེ་འདྲ་ཡིན་ཏེ“སློབ་སྦྱོང་གི་འབྲས་བུ་ནི་བསམ་གཞིག་བྱས་པ་ལས་བྱུང་བ་དང་། བསམ་གཞིག་བྱེད་ལུགས་ནི་དོགས་པ་ལས་བྱུང་བ་ཡིན”ནོ། དེར་བརྟེན། སློབ་མར་དོགས་འདྲི་དང་འདྲི་རྩད་བྱེད་པར་ཁྲིད་སྟོན་བྱེད་པ་ནི་བསམ་གཞིག་གི་ནུས་པར་སྦྱོང་བརྡར་བྱེད་པའི་གཞི་རྩའི་བྱེད་ཐབས་ཤིག་ཡིན་ལ། སློབ་མས་འཚོལ་ཞིབ་ཧུར་ཐག་བྱེད་པའི་ཐབས་ལམ་ཞིག་ཀྱང་རེད། དེ་དང་ཆབས་ཅིག་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་དུ་རྒྱུན་མི་ཆད་པར་གནད་དོན་འཚོལ་རྙེད་ཐུབ་པ་དེ་ནི་སློབ་མས་རང་འགུལ་གྱིས་སློབ་སྦྱོང་བྱས་པའི་རྟགས་མཚན་དུ་མངོན་ལ། སློབ་སྦྱོང་བྱེད་རིང་སློབ་མར་དོགས་གཞི་ག་ཚོད་ཀྱིས་མང་ན་དེ་ཚོད་ཀྱིས་སློབ་མའི་སློབ་སྦྱོང་གི་འདུན་པ་དྲག་པོ་ཡོད་པར་མཚོན་ནུས་ཤིང་། སློབ་མ་རང་ངོས་ནས་བསམ་གཞིག་བྱེད་པའི་སྣང་ཚུལ་འདི་ལྟ་བུའི་འོག དགེ་རྒན་གྱིས་སློབ་མའི་ད་ཡོད་ཀྱི་གོམས་གཤིས་བཟང་པོ་དང་དགའ་ཞེན་སྤྱོད་མཁས་པོ་བྱས་ཏེ། ཁོ་ཚོར་གང་ལ་དེ་བསྟུན་གྱི་བསྔགས་བརྗོད་དང་སྐུལ་ལྕག་གང་མང་བྱེད་དགོས་པ་མ་ཟད། སློབ་མའི་དཀའ་གནད་དག་དེ་མ་ཉིད་དུ་བསལ་ནས་སློབ་སྦྱོང་གི་ངར་ཤུགས་འཕེལ་བར་བྱེད་དགོས་ལ། ངར་ཤུགས་དེ་སྤྱད་ནས་སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་ལེགས་སུ་གཏོང་ཐུབ་པར་བྱེད་དགོས།

    1 དགེ་རྒན་གྱིས་སློབ་མར་སྤོབས་པ་ཆེན་པོས་དོགས་འདྲི་བྱེད་པར་སྐུལ་མ་གཏོང་དགོས།

    སུ་དང་གང་ཡང་ཐམས་ཅད་མཁྱེན་པ་ཞིག་མ་ཡིན་པས། གནད་དོན་གང་ཞིག་ཡིན་རུང་། ཤེས་རྟོགས་བྱེད་པའི་ཐོག་མའི་གནས་སྐབས་སུ་ཚང་མའི་བློ་ལ་དོགས་པ་འཆར་སྲིད། དོན་དུ་སློབ་གསོ་སློབ་ཁྲིད་ཀྱི་སྐབས་སུ་ཡང་དེ་ལྟར་ཡིན་ཏེ། སློབ་མ་གང་ཞིག་ལ་དོགས་པ་མང་ན་དེས་དེ་བས་གཟབ་ནན་གྱིས་སློབ་ཚན་ཉན་པ་ལས། དེ་ནི་དགེ་རྒན་ལ་མ་གུས་པ་དང་བརྩི་འཇོག་མ་བྱས་པ་གང་ཡང་མིན། ཡང་སྒོས་དགེ་རྒན་ཡང་མི་ཕལ་པ་ཞིག་གི་ངོས་ནས། སློབ་ཚན་འཁྲིད་སྐབས་བརྒྱ་ཆ་བརྒྱ་ཡང་དག་པའི་ངེས་པ་ཅི་ཡང་མ་མཆིས། དེར་བརྟེན། དགེ་རྒན་གྱིས་སློབ་མར་དོཌ་འདྲི་བྱེད་པའི་སྤོབས་པ་སྐྱེས་སུ་འཇུག་དགོས་ལ། དོགས་འདྲི་བྱེད་མཁན་གྱི་སློབ་མའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པ་མ་ཟད། མུ་མཐུད་དོགས་འདྲི་བྱེད་པའི་སེམས་ཤུགས་སྐྱེ་ཕྱིར། སློབ་མ་ཀུན་འཛོམ་སར་དོགས་འདྲི་བྱེད་མཁན་གྱི་སློབ་མ་གང་དེར་བསྟོད་པ་བྱེད་དགོས་པ་ལས། དམའ་འབེབས་དང་སུན་འབྱིན་བྱ་མི་ཉན་ལ། དེ་བས་སློབ་མའི་རང་བརྩིའི་བསམ་པར་ཕོག་ཐུག་གཏོང་མི་ཉན། དགེ་རྒན་གྱིས་སློབ་མར་ཁྲིད་སྟོན་བྱས་ཏེ་དོགས་འདྲི་ཇི་ལྟར་བྱེད་དགོས་མིན་དང་། རང་ངོས་ནས་གོ་བ་ཇི་ལྟར་ལེན་དགོས་མིན་སོགས་ལེགས་པར་བརྗོད་དེ། དོགས་འདྲི་ནི་སློབ་མའི་སེམས་ཤུགས་གོང་ནས་གོང་དུ་འཕེལ་བ་དང་། མི་མངོན་པའི་རིག་སྟོབས་སྔོག་འདོན་གྱིས་ཤེས་བྱ་རིག་གནས་ཀྱི་ཆུ་ཚད་ཡར་ངོའི་ཟླ་བཞིན་འཕེལ་བའི་ཐབས་མཆོག་ཅིག་ཏུ་བརྩི་དགོས།

    2 དགེ་རྒན་རང་ངོས་ནས་དོགས་འདྲི་དང་སློབ་མར་མཉམ་དུ་དོགས་འདྲི་བྱེད་དུ་འཇུག་པའི་ཐབས་ཀྱང་སྤྱོད་དགོས།

    སློབ་མ་རྣམས་ཀྱིས་ཐོག་མར་དོགས་འདྲི་བྱེད་སྐབས། རྟག་པར་བསམ་གཞིག་མི་འདང་བའི་རྐྱེན་གྱིས་དོགས་འདྲི་གནད་ལ་མ་འཕིགས་པ་དང་། འདྲེ་ཤར་ལ་བཞག་ནས་གླུད་ནུབ་ལ་རྫོང་བའི་གནད་དོན་ཐོན་གྱི་ཡོད། དགེ་རྒན་གྱིས་རང་གི་བློ་ལ་མ་བབས་པའི་གནད་དོན་བཏོན་པ་རྒྱུ་མཚན་དུ་བྱས་ནས་སྐྱོན་བརྗོད་དང་། ཐ་ན་གཤེ་གཤེ་གཏོང་བ་སོགས་གཏན་ནས་བྱ་མི་རུང་། དེ་ལས་ལྡོག་སྟེ་བསྔགས་སྐུལ་བྱས་ནས་སློབ་མའི་བློ་སྟོབས་ཁས་ལེན་བྱེད་དགོས་པ་མ་ཟད། ཁྲིད་སྟོན་གྱི་ཐད་ལའང་དགེ་མཚན་སྔར་ལས་ཆེ་བའི་བྱ་ཐབས་སྤྱོད་དགོས།

    གསུམ། དོན་སྙིང་ལྡན་པའི་རྣམ་པ་རྒྱ་སྐྱེད་གཏོང་དགོས།

    སློབ་མ་རྣམས་སྤྱི་ཚོགས་ཀྱི་མི་སྒེར་གྱི་ཆ་ནས། ཁོ་ཚོའི་འཚོ་བའི་ཁོར་ཡུག་ནི་ཁོ་ཚོའི་འཚར་ལོངས་ཀྱི་ཁོར་ཡུག་ཅིག་ཡིན་པས་ཁོར་ཡུག་འདི་སློབ་གྲྭའི་ནང་གི་སློབ་ཁང་དང་བསྡུར་ན་ཡངས་ཤིང་རྒྱ་ཆེ་བ་ཞིག་རེད། འོན་ཀྱང་། དུས་ཡུན་རིང་པོའི་ནང་རྒྱུགས་སྤྲོད་སློབ་གསོའི་ཤུགས་རྐྱེན་དང་། དེ་བཞིན་སློབ་ཁང་ནང་དུ་གནས་ཚུལ་སྣ་ཚོགས་ཐོན་སྐབས་བཀག་རྒྱའི་རང་བཞིན་ངེས་ཅན་ལྡན་ཡོད་པས། སློབ་ཁྲིད་དེ“དབྱེ་ཞིབ”རྐྱང་པ་ཞིག་ཏུ་གྱུར་ཏེ། “མཛུབ་ཁྲིད”བྱས་པ་ལས་སློབ་མའི་བློ་རིག་དང་རྩལ་ནུས་སྣ་ཚོགས་འདོན་དུ་འཇུག་ཐུབ་ཀྱི་མེད། དེར་བརྟེན། དགེ་རྒན་གྱིས་སློབ་ཁྲིད་ལག་ལེན་ཁྲོད་བློ་སྒོ་འབྱེད་པའི་རྣམ་པ་སྤྱད་དེ་སློབ་མའི་སློབ་སྦྱོང་གི་བྱེད་པོའི་ནུས་པ་འདོན་སྤེལ་དང་། བསམ་གཞིག་གི་ནུས་པ་འཕེལ་བ། ཧུར་བརྩོན་རང་བཞིན་ཤུགས་ཆེར་འགྲོ་བ་བཅས་བྱས་ན། གཞི་ནས་སྐད་ཡིག་སློབ་ཁང་སློབ་ཁྲིད་ཁྲོད་སློབ་མ་རང་སྟོབས་ཀྱི་སློབ་སྦྱོང་ནུས་པ་འདོན་ཐུབ་པར་སྙམ།

    (ཁྲེང་ཀོན་ཆུས་ཞོལ་སློབ་ཆུང་གི་བཀྲ་ཤིས་ལྷ་མོ)

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།