དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བུ་བཅོལ་ཁང་གི་དགེ་རྒན་གྱི་འགན་འཁྲིའི་འདུ་ཤེས་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-02

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་ནུ་དར་ན་རྒྱལ་ཁབ་དར། གཞོན་ནུ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན། གཞོན་ནུའི་མི་རབས་ལ་ཕུགས་བསམ་དང་། འཇོན་ཐང་། འགན་སེམས་བཅས་ཡོད་ན། རྒྱལ་ཁབ་ལ་མདུན་ལམ་དང་མི་རིགས་ལ་རེ་བ་ཡོད། རྒྱ་ཆེའི་གཞོན་ནུས་ཕུགས་བསམ་དང་དད་སེམས་བརྟན་པོར་འཆང་བ་དང་། ཕུགས་བསམ་ཆེ་ལ་ལས་ཀ་ཏན་ཏིག་བྱས་ནས་ངོ་གནོང་མི་དགོས་པའི་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་མཁན་ཕོ་རྒོད་ཅིག་བྱས་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་བསྟར་རིང་ལང་ཚོའི་ཕུགས་བསམ་སྒྲུབ་དགོས་པ་དང་། མི་དམངས་ལ་ཁེ་ཕན་གཉེར་བའི་འབད་འཐབ་ལྷོད་མེད་བྱེད་རིང་མི་ཚེའི་རིན་ཐང་མངོན་པར་བྱེད་དགོས་ཞེས་བསྟན་གནང་ཡོད།

    དེ་ནི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོར་བཅངས་པའི་ཐུགས་རེ་ཡིན་ལ། དགེ་བའི་བཤེས་གཉེན་ཚོར་གནང་བའི་གདམས་ངག་ཀྱང་ལོས་ཡིན། གང་ལགས་ཤེ་ན། གཞོན་ནུ་ལོ་ཆུང་གི་འཚར་ལོངས་ནི་སློབ་གསོ་དང་ཁ་འབྲལ་ཐབས་མེད་ཅིང་། སློབ་གསོ་ནི་ཁྱིམ་ཚང་དང་། སློབ་གྲྭ། སྤྱི་ཚོགས་ཕྱོགས་ཚང་མའི་མཐུན་སྦྱོར་ལ་རྟེན་དགོས་པ་ཞིག་ཡིན་ཁར། དེ་བས་སློབ་གསོའི་འཐབ་ས་དང་པོར་ཕྱག་ལས་གནང་བཞིན་པའི་དགེ་བའི་བཤེས་གཉེན་ཚོའི་དཀའ་སྤྱད་འབད་འཐབ་དང་འབྲལ་ཐབས་མེད་པ་ཞིག་རེད། ང་ཚོས་ནམ་རྒྱུན་བྱིས་པ་ནི་མ་འོངས་པའི་རེ་བ་དང་མེས་རྒྱལ་གྱི་མ་འོངས་པའི་བདག་པོ་རེད་ཟེར་བ་ལྟར། བྱིས་པའི་སློབ་གསོར་སྤྱི་སྒེར་ཚང་མས་མཐོང་ཆེན་བྱས་དང་བྱེད་མུས་ལགས། དེ་ཡང་ནམ་རྒྱུན་ཁ་དཔེར་རྟ་ཞིག་བྱུང་ན་རྟེའུ་ནས་བྱུང་། མི་ཞིག་བྱུང་ན་ཆུང་ནས་བྱུང་ཟེར་བ་ལྟར། སློབ་མའི་འཚར་ལོངས་ཀྱི་འགོ་ཁུངས་དང་སློབ་གསོའི་བྱ་གཞག་གི་རྨང་གཞིར་གྱུར་པའི་བུ་བཅོལ་ཁང་གི་སློབ་གསོ་ནི་རྨང་གཞིའི་ནང་གི་རྨང་གཞི་ཡིན་པས། ཐོག་བརྩེགས་ཁང་ཆེན་ཞིག་སྐྲུན་པར་རྩིག་རྨང་ཡག་པོ་མེད་ཐབས་མེད་རྐྱེན། གུས་མོས་ལོ་མང་བུ་བཅོལ་ཁང་གི་དགེ་རྒན་བྱས་པའི་མྱོང་བ་དང་སྦྲགས་ནས་བུ་བཅོལ་ཁང་གི་དགེ་རྒན་གྱི་འགན་འཁྲིའི་འདུ་ཤེས་སྐོར་ལ་རང་གི་བསམ་ཚུལ་ཙམ་གླེང་བར་བྱ་སྟེ།

    བུ་བཅོལ་ཁང་གི་སློབ་གསོ་ནི་སློབ་གྲྭའི་སློབ་གསོའི་ཆེས་ཐོག་མའི་དུས་རིམ་དེ་རེད། ནར་མ་སོན་པའི་སློབ་མ་རྣམས་བདེ་ཐང་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་འགོ་ཡག་པོ་འཛུགས་དགོས་ན། བུ་བཅོལ་ཁང་གི་སློབ་གསོ་ནས་འགོ་འཛུགས་དགོས། བུ་བཅོལ་ཁང་གི་སློབ་གསོ་ནི་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོའི་སྦྲེལ་མཚམས་ཐོག་མ་དེ་ཡིན་ཞིང་། ཁྱིམ་ཚང་གི་འཚོ་བའི་གོམས་གཤིས་མི་འདྲ་བ་དང་། མི་སྣའི་གྲུབ་ཆ་མི་འདྲ་བ། རྒྱབ་ལྗོངས་མི་འདྲ་བ་སོགས་ལས་ཕྲུ་གུ་མི་རེ་ངོ་རེར་གོམས་གཤིས་དང་སྤྱོད་ལམ་མི་འདྲ་བ་རེ་གྲུབ་ཡོད། ཕྲུ་གུ་རྣམས་སློབ་གྲྭའི་རྒྱལ་སྒོ་འཛུལ་བ་ནས་བཟུང་། གཅིག་གྱུར་དང་མ་ལག་ཅན་གྱི་སློབ་གསོ་མྱོང་འགོ་ཚུགས་པ་དང་། བུ་བཅོལ་ཁང་གི་དགེ་རྒན་ཚོས་དགེ་རྒན་གཞན་དང་མི་འདྲ་བར་གཅིག་ནས་སློབ་མའི་དགེ་རྒན་གྱི་འགན་འཁྲི་འཁུར་དགོས་ལ། གཉིས་ནས་ཕྲུ་གུའི་ཕ་མ་ལྟ་བུའི་བརྩེ་སེམས་ཡོད་དགོས། བུ་བཅོལ་ཁང་གི་འཛིན་གྲྭ་ཆུང་བའི་སློབ་མ་འགའ་རེའི་འགྲོ་འདུག་སྤྱོད་གསུམ་ཚང་མ་ད་དུང་རང་རྐྱ་འཕེར་མེད་པ་དང་། མཉམ་སྡེབ་ཆུང་ཆུང་ཞིག་གི་ནང་འཛོམས་ནས་དེའི་སྒྲིག་འཛུགས་གཏན་འབེབས་ལྟར་བརྩི་སྲུང་ཞུ་ཐབས་བྲལ་གཤིས། དགེ་རྒན་གྱིས་ཤེས་བྱ་རིག་གནས་གང་ཡང་མ་བསླབས་གོང་ངང་རྒྱུད་རིང་པོས་ཁ་ལག་ཟ་སྟངས་དང་ཁ་ལུད་འཕྱིད་སྟངས་ནས་འགོ་བཙུགས་ཏེ་སློབ་དགོས་ཀྱི་ཡོད། དེ་བས་བུ་བཅོལ་ཁང་གི་སློབ་གསོ་སློབ་ཁྲིད་ཀྱི་ལག་ལེན་ངོ་མའི་ནང་། དགེ་རྒན་གྱི་སློབ་པའི་ཆ་དེ་ལས་སློབ་མའི་སྦྱོང་བའི་ཆ་དེར་དེ་བས་མཐོང་ཆེན་བྱེད་དགོས་ཏེ། སློབ་པའི་བརྒྱུད་རིམ་ནང་དགེ་རྒན་རང་ངོས་ནས་ངས་ཤེས་པའི་ཤེས་བྱ་དག་ཇི་ལྟར་སློབ་མའི་རྒྱུད་ལ་འཇགས་པར་བྱེད་དགོས་མིན་ལ་བསམ་གཞིག་མ་བྱས་གོང་དུ་ཐབས་དང་རྩལ་ཇི་ལྟ་བུ་ཞིག་བཏོན་ནས་བསླབས་ན་སློབ་མས་ཤེས་བདེ་བ་ཡོང་མིན་ལ་བསམ་གཞིག་བྱེད་རྒྱུ་གལ་འགངས་ཆེ། དགེ་རྒན་གྱིས་བསླབས་པ་སློབ་མས་ཤེས་པ་དང་། སློབ་མ་རང་ཉིད་སོ་སོས་སྦྱོང་ཤེས་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། སློབ་མ་སོ་སོས་སྦྱོང་ཤེས་པ་ཟེར་བ་ནི་སློབ་ཁྲིད་གོང་གི་སྔོན་སྦྱོང་ལ་ཟེར་བ་མིན་ཞིང་། བུ་བཅོལ་ཁང་གི་སློབ་མ་ལ་མཚོན་ན། གཙོ་བོ་ནི་ཡང་དག་པའི་གོམས་གཤིས་འཇགས་ཐབས་ལ་ཟེར་བ་ཡིན། སྨྱུ་གུ་འཇུ་ཐབས་དང་། ཡི་གེ་འབྲི་སྐབས་ལུས་འདྲོང་པོར་སྡོད་ཐབས། སློབ་ཚན་འཚོག་སྐབས་གང་བྱུང་འགྲོ་སྐྱོད་མི་བྱེད་པ། དོན་དག་ཡོད་ཚེ་སྔོན་ལ་ལག་པ་བརྐྱངས་ནས་སྙན་སེང་ཞུ་བ། སློབ་གྲྭར་ཡོང་མ་ཐུབ་ཚེ་དགོངས་ཞུའི་འགྲོ་ལུགས་གཉེར་དགོས་པ། སློབ་ཚན་འཚོག་སྐབས་འཁྲིས་ཀྱི་སློབ་མར་གང་བྱུང་གནོད་པ་བསྐྱལ་མི་རུང་བ་སོགས་ཆུང་ཙག་ནས་འགོ་བཙུགས་ཏེ་གོམས་གཤིས་བཟང་པོ་འཇགས་པར་བྱེད་དགོས། དེ་ཡང་གོམས་ན་སླ་བར་མི་འགྱུར་བའི། ཆོས་ནི་གང་ཡང་ཡོད་མ་ཡིན་ཟེར་བའི་དཔེ་ལྟར། རྒྱུད་ལ་སློབ་སྦྱོང་གི་གོམས་གཤིས་བཟང་པོ་དང་། འཚོ་བའི་གོམས་གཤིས་བཟང་པོ། མཐུན་སྒྲིལ་གྱི་གོམས་གཤིས་བཟང་པོ་འཇགས་ཐུབ་ན། འཚར་ལོངས་ཀྱི་བརྒྱུད་རིམ་ནང་ཡར་རྒྱས་མི་ཡོང་བ་ག་ལ་སྲིད།

    དེ་ཡང་མཁས་འཇུག་ལས། གཙང་མཁས་གཞན་ལ་ཕན་པར་འདོད། །ཚུལ་ཁྲིམས་དག་པས་ལུས་ངག་གཙང་། །ཤེས་རབ་དག་པས་ལུང་རིགས་མཁས། །ལྷག་བསམ་དག་པས་གཞན་ལ་ཕན། །ཞེས་གསུངས་པ་ལྟར་སློབ་མའི་རྒྱུད་ལ་གོམས་གཤིས་བཟང་པོ་འཇགས་པར། དགེ་རྒན་རང་ཉིད་ལ་ཡང་ཀུན་སྤྱོད་གཞན་ལས་ཁྱད་དུ་འཕགས་པ་ཞིག་དགོས་པའི་བླང་བྱ་ཡོད་ཅིང་། ན་ཆུང་སློབ་མ་ཚོས་རང་གི་དགེ་རྒན་གྱི་བྱ་བྱེད་ཡོད་ཚད་ཚད་མ་དང་ཚད་གཞིར་འཛིན་པ་ནི་སློབ་མའི་རང་གཤིས་ཡིན་པ་དང་། དགེ་རྒན་གྱི་བྱ་བྱེད་ཡོད་ཚད་སློབ་མས་མིག་དཔེར་འཛིན་པའམ་ཡིན་མིན་དང་འགྲིག་མིན་གྱི་ཚད་གཞིར་འཛིན་སྐབས། དགེ་རྒན་རང་ངོས་ནས་རང་སྣང་གང་ཤར་བྱེད་ག་ལ་རུང་སྟེ། ལུས་ཀྱི་གྱོན་པ་ཡན་ཆད་ལ་སྣང་འཇོག་ཟབ་མོ་བྱེད་དགོས། དེ་བས་བུ་བཅོལ་ཁང་གི་དགེ་རྒན་ནི་སློབ་མའི་མི་ཚེའི་བརྒྱུད་རིམ་ནང་གི་དགེ་རྒན་ཐོག་མ་དེ་ཡིན། སློབ་མའི་དྲན་ཤེས་ཀྱི་གཏིང་རུམ་ན་བག་ཆགས་ཟབ་ཤོས་ཀྱང་དགེ་རྒན་གྱི་གཏམ་སྤྱོད་ལས་མ་འདས་ཤིང་། རང་དཔེ་གཞན་སྟོན་དང་དཔེ་ཁྲིད་མི་སྐྱོང་གི་བྱེད་པོ་དགེ་བའི་བཤེས་གཉེན་གྱིས་ཡིན་གཅིག་སློབ་མར་ཆུང་དུས་ནས་བག་ཆགས་བཟང་པོ་དང་མིག་ལྟོས་བཟང་པོ་འཇོག་རྒྱུ་ནི་སློབ་མའི་མི་ཚེ་ཧྲིལ་པོའི་འཚར་ལོངས་ཀྱི་བརྒྱུད་རིམ་ནང་གལ་འགངས་ཤིན་ཏུ་ཆེ།

    སློབ་གསོ་ཟེར་བའི་ཐ་སྙད་དེར་བསམ་གཞིག་བྱེད་སྐབས་ཐ་སྙད་དེ་ནི་སློབ་དང་གསོ་གཉིས་ལས་གྲུབ་ཅིང་། སློབ་པའི་དམིགས་ཡུལ་ནི་གསོ་བའི་ཆེད་དུ་ཡིན་པ་དང་། སློབ་མཁན་དགེ་རྒན་དང་གསོ་བྱ་སློབ་ཕྲུག་གཉིས་ལ་ལྟོས་ན། ལག་པ་གཅིག་གི་ཟློག་པ་མི་ཡོང་བའི་དཔེ་ལྟར། སློབ་གསོའི་གྲུབ་འབྲས་ཡག་པོ་ཞིག་ཐོན་པར། དགེ་སློབ་གཉིས་ཀའི་འབད་བརྩོན་དང་ཁ་བྲལ་ཐབས་མེད། མི་ཚོས་དགེ་རྒན་བཟང་པོའི་དགེ་ཕྲུག་ཟེར་བ་ཡང་དེའི་དོན་ཡིན། ལྷག་པར་དུ་བུ་བཅོལ་ཁང་གི་དགེ་རྒན་ལ་མཚོན་ན། ན་ཚོད་ཕྲ་བའི་སློབ་མའི་ཁྱུ་ཚོགས་དེའི་ལམ་སྣེ་འདྲེན་མཁན་ཨང་དང་པོ་དེ་ཡིན་པས། འགན་འཁྲིའི་འདུ་ཤེས་ཆེས་ཟབ་མོ་ཞིག་ངེས་པར་དགོས་པ་དང་། ཕྲུ་གུ་ཚང་མར་ཉེ་རིང་ཆགས་སྡང་མེད་པའི་གཅེས་སྐྱོང་གི་བསམ་པས་ཀུན་ནས་དྲངས་ཏེ། སློབ་མའི་ལུས་སེམས་ཀྱི་བདེ་འཇགས་གཙོར་བཟུང་ཐོག སློབ་མའི་སློབ་སྦྱོང་དང་འཚོ་བར་གོམས་གཤིས་བཟང་པོ་ཞིག་འཇགས་ཐབས་ལ་ནུས་ཤུགས་གང་ཡོད་འདོན་དགོས་པར་སྙམ། སློབ་ཁྲིད་དངོས་གཞིའི་ཞིབ་ཕྲའི་བྱེད་ཐབས་དང་རིག་ཚན་སོ་སོའི་ཁྱད་ཆོས་གཞིར་བཟུང་སློབ་ཁྲིད་ཀྱི་ཐབས་ལམ་སྣ་ཚོགས་སྤྱོད་དགོས་པ་བརྗོད་མེད་ཡིན་ཡང་། དགེ་རྒན་རང་ངོས་ལ་དེ་ལྟའི་འགན་འཁྲིའི་འདུ་ཤེས་ཤིག་དགོས་པ་ནི་ཡོད་ཚད་ཀྱི་སྔོན་འགྲོ་ཡིན་པར་འདོད།

    (ཉིང་ཁྲི་གྲོང་ཁྱེར་བུ་བཅོལ་ཁང་གི་དབྱངས་ཅན)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།