སློབ་འབྲིང་སློབ་མར་སྒྲུང་གཏམ་སློབ་ཁྲིད་བྱེད་སྟངས་སྐོར་གླེང་བ།
སྒྲུང་གཏམ་ནི་དམའ་རིམ་སློབ་འབྲིང་གི་བསླབ་གཞིའི་ནང་རྩོམ་ལུས་མང་ཤོས་ཤིག་ཡིན་ལ། སློབ་མའི་ལྟ་ཀློག་ནུས་པ་ལེགས་སུ་གཏོང་ཐུབ་ཅིང་ཤེས་རྒྱ་ཐོས་རྒྱ་སྐྱེད་དུ་འཇུག་པའི་རྩོམ་ལུས་ཤིག་རེད། སྤྱིར་ཉམས་ཞིབ་བྱས་པར་གཞིགས་ན། སློབ་གྲྭས་སློབ་གཞི་གསར་པ་སྤྲད་མ་ཐག་སློབ་མ་མང་པོས་ཐོག་མར་སྒྲུང་གཏམ་རྩོམ་ཡིག་ཁག་ལྟ་ཀློག་བྱེད་ཀྱི་ཡོད་པས་དགེ་རྒན་རྣམས་ཀྱིས་སྒྲུང་གཏམ་རྩོམ་ཡིག་སློབ་ཁྲིད་སྐབས་གྲ་སྒྲིག་ཨང་བསར་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། མ་གཞི་དགེ་རྒན་གྱི་གཞུང་ལུགས་ཀྱི་ཆུ་ཚད་མི་འདྲ་བ་དང་། དབྱེ་ཞིབ་ཀྱི་ཐབས་ལམ་མི་འདྲ་བ། བསམ་པའི་སྐུལ་སློང་མི་འདྲ་བ་སོགས་སྣ་ཚོགས་མཆིས་ཀྱང་སྒྲུང་གཏམ་སློབ་ཚན་སློབ་ཁྲིད་བྱེད་སྐབས་དགེ་རྒན་ཕལ་མོ་ཆེས་འདྲ་མཚུངས་སུ་གྱུར་པའི་ཁྲིད་ཐབས་ནི་མགོ་ནས་མཇུག་བར་ངོ་སྤྲོད་ཙམ་དང་སྒྲུང་གཏམ་ནང་གི་མི་སྣ་ཞིབ་འབྲི་བྱེད་སྟངས་དབྱེ་ཞིབ་མདོར་བསྡུས་ཙམ་ལས་མི་སྣའི་གཤིས་ཀ་དང་ཁོར་ཡུག་ཞིབ་འབྲི། བྱུང་རིམ་འགོད་སྟངས་སོགས་དབྱེ་ཞིབ་ལ་དོ་སྣང་དེ་ཙམ་གནང་གི་མེད་པས་སྒྲུང་གཏམ་ནང་གི་འཚོ་བའི་ཤེས་བྱ་སོགས་འབྲེལ་ཡོད་ཀྱི་ནང་དོན་མང་པོ་ཞིག་སློབ་མས་རྟོགས་ཀྱི་མེད་པས་སྒྲུང་གཏམ་སློབ་ཁྲིད་ཀྱི་དམིགས་ཡུལ་ཡོངས་སུ་བསྒྲུབ་ཐུབ་ཀྱི་མེད། དེས་ན། འདིར་ཁོ་བོས་ཀྱང་རང་ཉིད་ཀྱི་སློབ་ཁྲིད་ཉམས་མྱོང་དང་འབྲེལ་ཏེ་སྒྲུང་གཏམ་རྩོམ་ཡིག་སློབ་ཁྲིད་བྱེད་སྟངས་སྐོར་གླེང་ན།
དང་པོ། བརྩམས་ཆོས་ཀྱི་རྩོམ་པ་པོ་དང་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངོ་སྤྲོད་ཁ་གསལ་དགོས་པ།
སློབ་ཁྲིད་དངོས་ལ་འཇུག་སྐབས་ཐོག་མར་བརྩམས་ཆོས་དེའི་རྩོམ་པ་པོ་དང་དེའི་ལོ་རྒྱུས་རྒྱབ་ལྗོངས་ངོ་སྤྲོད་བྱེད་པ་དགོས་གལ་ཤིན་ཏུ་ཆེ་བར་སྣང་སྟེ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྒན་རྣམ་སྲས་ལགས་ཀྱིས“སྒྲུང་གཏམ་ཕལ་མོ་ཆེ་སྟེ། ལྷག་པར་དུ་སྒྲུང་འབྲིང་དང་སྒྲུང་རིང་ནི་གནས་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བ་དང་རྩོམ་པ་པོའི་བསམ་བློ་མཚོན་པའི་མེ་ལོང་ལྟ་བུ་ཞིག་ཡིན”ཞེས་གསུངས་པ་པ་ལྟར། ང་ཚོས་སྒྲུང་གཏམ་ལས་སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་དང་མི་དང་མིའི་བར་གྱི་འབྲེལ་བ། སྐབས་དེའི་མི་ཕལ་མོ་ཆེའི་རེ་འདོད་དང་ལྟ་ཚུལ་སོགས་ལེགས་པར་ཤེས་དགོས་པས་ང་ཚོས་རྩོམ་པ་པོའི་ལོ་རྒྱུས་ལ་རྒྱུས་མངའ་ལེགས་པོ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། དེས་ན་དགེ་རྒན་གྱིས་རྩོམ་པ་པོའི་འཚོ་གནས་ཀྱི་ལོ་རྒྱུས་དང་དུས་སྐབས། སྤྱི་ཚོགས་ཀྱི་རྣམ་པ་སོགས་ངོ་སྤྲོད་ཁ་གསལ་བྱ་རྒྱུ་ནི་མཛད་རྣམ་དང་། བརྩམས་ཆོས་གྲགས་ཆེན། ངོ་སྤྲོད་བྱ་རྒྱུ་ལས་གལ་ཆེ། དེ་ལྟར་བྱུང་ན་གཞི་ནས་སྐབས་དེའི་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་མི་རྣམས་ཀྱི་འཚོ་བའི་བདེ་སྡུག བརྩམས་ཆོས་དེ་འབྲི་བའི་སྐུལ་སློང་སོགས་རང་ཤུགས་སུ་ཤེས་ཐུབ་བོ།
དཔེར་ན། སྒྲུང་གཏམ《བདག་གི་ཁུ་བོ་ཡུ་ལེ》ལྟ་བུ་སློབ་ཁྲིད་བྱེད་སྐབས། དགེ་རྒན་གྱིས་ཐོག་མར་རྩོམ་པ་པོ་མུ་པོ་སང་ངོ་སྤྲོད་ཁ་གསལ་བྱ་དགོས་ཏེ། ཁོང་གི་འཁྲུངས་འདས་དང་སློབ་ཞུགས་ཀྱི་གནས་ཚུལ། འཚོ་གནས་ཀྱི་དུས་སྐབས་དང་སྤྱི་ཚོགས་ཀྱི་རྣམ་པ། འཚོ་བའི་ཆ་རྐྱེན་སོགས་ངོ་སྤྲོད་ལེགས་པོ་ཐུབ་ན་སྒྲུང་གཏམ་དེ་ཙམ་མ་ཟད། ཁོང་གིས་སྒྲུང་ཐུང་སུམ་བརྒྱ་ལྷག་བྲིས་པའི་སྐུལ་སློང་ལའང་རྒྱུས་མངའ་ལེགས་པོ་ཐུབ་པས་དུས་རབས་བཅུ་དགུ་པའི་ཧྥ་རན་སིའི་སྤྱི་ཚོཌ་ཀྱི་རྣམ་པ་དང་ལོ་རྒྱུས། སྐབས་དེའི་མི་ཚེའི་ལྟ་ཚུལ་སོགས་ལའང་རྒྱུས་མངའ་གང་འཚམ་ཡོང་ཐུབ་པས་འཛམ་གླིང་ལོ་རྒྱུས་ཀྱི་ཤེས་བྱ་ཅུང་ཟད་ཤེས་ཐུབ།
གཉིས་པ། བརྩམས་ཆོས་ཀྱི་མི་སྣ་གཙོ་བོའི་གཤིས་ཀར་དབྱེ་ཞིབ་བྱེད་དགོས་པ།
སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་རང་གི་འཚོ་གནས་ཀྱི་ཁོར་ཡུག་མི་འདྲ་བ་དང་རིག་གནས་ཀྱི་ཤུགས་རྐྱེན་མི་འདྲ་བའི་རྐྱེན་གྱིས་ཕ་མ་གཅིག་གི་བུ་ཕྲུག་ཡིན་རུང་གཤིས་ཀ་ཡོངས་སུ་མི་འདྲ་བ་ལྟར་སྒྲུང་གཏམ་གྱི་མི་སྣར་མཚོན་ནའང་རྩོམ་པ་པོས་སྒྲུང་གཏམ་གྱི་བརྗོད་བྱ་མི་འདྲ་བར་བརྟེན་ནས་མི་སྣ་གསར་བཞེངས་བྱེད་ཀྱི་ཡོད་པས་དགེ་རྒན་གྱིས་སྒྲུང་གཏམ་ནང་གི་མི་སྣ་གཙོ་བོའི་གཤིས་ཀར་དབྱེ་ཞིབ་གང་ཐུབ་བྱ་རྒྱུའང་ཧ་ཅང་གལ་ཆེ་བར་མཐོང། དཔེར་ན། 《Dསྡེ་པའི་ཀླན་ཀ》ལྟ་བུར་མཚོན་ན། ཐོག་མར་བརྩམས་ཆོས་དེར་གསར་བཞེངས་བྱས་པའི་གཙོ་བོའི་མི་སྣ་ནི་ཆོས་ལ་ཁ་གཡར་ནས་ཆོས་དད་མི་དམངས་ལ་བཤུ་གཞོག་གཏོང་མཁན་སྡེ་དཔོན་བསོད་སྐྱབས་ཡིན། སྤྱིར་ན། དགེ་བའི་ལས་ནི་རང་འདོད་ལྟར་སྒྲུབ་པ་ཡིན་རུང་ཁོས་རང་ལ་ཨ་ལགས་འབྲོང་གི་ངོ་སོ་འཐོབ་ཕྱིར་དམངས་ཀྱི་འཚོ་བའི་ཆ་རྐྱེན་ལ་བསམ་གཞིག་ཅི་ཡང་མི་བྱ་བར་སྡེ་པའི་མི་དམངས་ཀྱི་འགྲམ་ནས་འདུ་ཁང་གི་ཀ་རིང་སློང་བ་དང་མཆོད་རྟེན་བཞེངས་པའི་མ་དངུལ་རང་འཚམ་གྱིས་ཁ་གྲངས་གཏན་འཁེལ་བཟོས་ནས་ཉིན་ལྟར་སྨྱོ་བ་ལྟར་དངུལ་བསྡུ་བ་དང་། དུས་ཐོག་ཏུ་མ་བསྐྱལ་ན་རང་འཚམ་གྱིས“སྡེ་པའི་གྲལ་ལས་ཕྱིར་འབུད་རྒྱུའི”ཆད་པ་གཅོད་མཁན་གྱི་མི་དབང་ཤེད་ཅན་ཞིག་གསར་བཞེངས་བྱས་ཡོད་པས། ཞིབ་འབྲི་བྱེད་ཐབས་གང་ཡིན་མིན་ལ་དབྱེ་ཞིབ་བྱེད་པ་ཙམ་ལ་མཚམས་མི་འཇོག་པར་མུ་མཐུད་ཞིབ་འབྲི་བྱེད་ཐབས་འདི་དག་ལས་མི་སྣ་འདིའི་རང་གཤིས་ཅི་འདྲ་ཡིན་མིན་ལ་དོ་སྣང་བྱེད་དགོས། འདིར་ཁོ་པའི་གཏམ་སྤྱོད་ཞིབ་འབྲི་འདི་དག་ལས་ད་གཟོད་ང་ཚོས་སྡེ་དཔོན་བསོད་སྐྱབས་ཀྱི་གཤིས་ཀ་ནི་རང་ལ་ངོ་སོའམ་བསྟོད་བསྔགས་བྱེད་མཁན་ལ་དགའ་བ་ཞིག་ཡིན་པ་ཤེས་ཐུབ། ཁོས་ངོ་སོ་དང་བསྟོད་བསྔགས་འཐོབ་ཆེད་མང་ཚོགས་ཚོའི་འཁོས་ཀ་དང་གནས་བབ་ལ་མི་ལྟོས་པར་བཤུ་གཞོག་གང་ཐུབ་བྱེད་པ་དང་། མི་དམངས་ཀྱི་འཚོ་བའི་བདེ་སྡུག་ལ་བསམ་གཞིག་གཏན་ནས་མི་བྱེད་པར་རང་གི་བདེ་སྐྱིད་གཞན་གྱི་ལུས་སྟེང་དུ་སྐྲུན་མཁན་གང་ཐུབ་བྱེད། མཐར་ཁོའི་ཐབས་ཤེས་འདིས་ཁྱིམ་ཚང་རེ་རེ་བཞིན་སྡེ་གྲལ་ལས་ཕུད་ཟིན་ནས་རང་གཅིག་པུར་ལུས་ནས་ཁ་གྲགས་མཁན་མེད་པར་གྱུར་པས་སྡུག་བསྔལ་ཆེན་པོས་སྨྱོ་བ་ལྟར་དུ་གྱུར། མཇུག་ཏུ་རྩོམ་པ་པོས“མི་གཅིག་གིས་ཚང་མར་ཁ་མ་གྲགས་ན་སྐྱོན་མེད་མོད། འོན་ཀྱང་མི་གཅིག་ལ་ཚང་མས་ཁ་མི་གྲགས་ན་དེ་ནི་དངོས་གནས་བཟོད་ཐུབ་པ་མ་རེད”ཅེས་མཇུག་སྡོམ་བྱས་ཡོད་པས་དེ་ནི་ཁོའི་གཏམ་འདོད་དང་ངོ་སོ་འཐོབ་འདོད་ཀྱི་གཤིས་ཀས་ཁོ་ལ་བཟོས་པའི་མཐའ་འབྲས་ཡིན་ཕྱིན། དགེ་རྒན་གྱིས་བརྩམས་ཆོས་དེའི་མི་སྣ་གཙོ་བོ་བསོད་སྐྱབས་ཀྱི་གཤིས་ཀར་དབྱེ་ཞིབ་དང་སྦྲགས། འཚོ་བ་དངོས་ལ་ཁ་ཕྱོགས་ཏེ་རང་ལས་ཉམ་ཆུང་བར་དབང་ཡོད་དང་འཇིགས་སྐུལ་བྱེད་པ་དང་། ཡང་རང་ལས་མཐོ་བར་ངོ་ཁ་སྤྲེལ་ལད་བྱས་ན་ར་སྤུའི་འུར་རྡོ་ར་ལ་འཁོར་ངེས་པའི་མི་ཆོས་སློབ་གསོ་ཡང་བཏང་ཆོག
གསུམ་པ། སྒྲུང་གཏམ་གྱི་བྱུང་རིམ་དབྱེ་ཞིབ་ནི་དེ་བས་གལ་ཆེ་བ་ཞིག་རེད།
བོད་ལྗོང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་སྟོབས་རྒྱལ་ལགས་ཀྱིས“བརྩམས་སྒྲུང་ཅི་འདྲ་ཞིག་ཡིན་རུང་ཐོག་མར་འཚོ་བ་དངོས་ཀྱི་དོན་དངོས་རེ་གཉིས་རྨང་གཞིར་བྱས་ཏེ་རང་གི་འཆར་སྣང་དང་བློ་གྲོས་ལས་གསར་རྩོམ་བྱས་པ་ཞིག་ཡིན་པ་ལས། རང་སྣང་གང་དྲན་དུ་རྩོམ་འབྲི་བྱས་པ་མིན”ཞེས་གསུངས་པ་ལྟར་ངེད་ཚོས་སྒྲུང་གཏམ་ལྟ་སྐབས་བྱུང་རིམ་ཇི་ལྟར་གྱ་གྱུ་དང་རྙོག་འཛིང་ཆེ་མིན་ལ་བལྟ་བ་མ་ཟད། འཕེལ་རྒྱས་ནས་མཐོ་རླབས་སུ་ཇི་ལྟར་གྱུར་མིན་ལ་སྣང་འཇོག་བྱས་ནས་སྒྱུ་རྩལ་གྱི་ཐོད་བརྒལ་ཇི་འདྲ་ཡོད་མེད་དབྱེ་ཞིབ་བྱ་རྒྱུ་ནི་དེ་བས་གལ་ཆེ་བ་ཞིག་ཡིན། དཔེར་ན། ཐུབ་བསྟན་གྱི《ཨ་ཆུང་གིས་རྟ་ཉོས་པ》ལྟ་བུའི་སྒྲུང་གི་བྱུང་རིམ་ལ་མཚོན་ན། དེ་ཙམ་གྱི་གྱ་གྱུ་རྙོག་འཛིང་ཅན་མ་ཡིན་ཏེ། དེའི་ནང“རིག་གནས་གསར་བརྗེའི”སྐབས་སུ་རྟག་ཏུ་འཕྱི་བ་གསོད་པ་དང་སློང་མོ་བྱས་ནས་ཉིན་རེའི་འཚོ་བ་འཁྱོལ་ཐབས་བྱེད་པའི་སྤྲང་པོ་ཨ་ཆུང་གིས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་པའི་ལོ་གསུམ་པར་སྲི་ཐར་གྱི་ལག་ནས་གྲོང་ཚོ་ཡོངས་ལ་སྐད་གྲགས་ཡོད་པའི་རྟ་བཟང“པེ་ཅིང་ཅི་ཕུ”ཉོས་པ་མ་ཟད། ད་དུང་བུ་མོ་མཛེས་མ་ཞིག་མནའ་མར་བླངས་པའི་གཏམ་རྒྱུད་བརྗོད་པ་ཙམ་ཡིན། གལ་ཏེ་དགེ་རྒན་གྱིས་སྒྲུང་གཏམ་དེའི་བྱུང་རིམ་ངོ་སྤྲོད་ཙམ་བྱས་ན་གོང་བརྗོད་དེ་ཙམ་ལས་གཞན་མཐོང་རྒྱུ་མེད། འོན་ཏེ་ང་ཚོས་བྱུང་རིམ་གྱི་འཕེལ་རྒྱས་ལ་མུ་མཐུད་དབྱེ་ཞིབ་བྱས་ན་བརྩམས་ཆོས་ཀྱི་བྱུང་རིམ་ལས་གནད་དོན་ཁག་གཉིས་རྟོགས་ཐུབ། ཨ་ཆུང་གིས་འཕྱི་བ་གསོད་པ་དང་སློང་མོ་བྱས་ནས་ཉིན་རེའི་འཚོ་བ་འཁྱོལ་ཐབས་བྱེད་པ་དེ་ལས། “རིག་གནས་གསར་བརྗེ་ཆེན་པོའི”སྐབས་གྲལ་རིམ་འཐབ་རྩོད་གཙོར་བཟུང་ནས། “མ་རྩ་རིང་ལུགས་ཀྱི་ལམ་ལ་འགྲོ་བའི་དབང་འཛིན་པ”དང་། “ལྷ་འདྲེ་གདོན་བགེགས” “གསར་དུ་བྱུང་བའི་འབྱོར་ལྡན་གྲལ་རིམ་པ”སོགས་ལ་འཐབ་རྩོད་ལ་བྲེལ་ནས་མི་རྣམས་ཀྱི་བསམ་བློ་ཟང་ཟིང་དུ་གྱུར་ནས་བློ་བདེའི་ངང་ཐོན་སྐྱེད་བྱེད་པའི་གོ་སྐབས་མ་བྱུང་བས། མི་སེམས་སོ་སོར་གྱེས་པ་དང་ཐོན་འབབ་ཆགས་པ་སོགས་མཐའ་འབྲས་ངན་པ་བྱུང་སྟེ། ཁྱིམ་ཚང་མང་ཆེ་བར་ཟས་གོས་མེད་པར་སྡུག་བསྔལ་གྱིས་མནར་བའི་འཚོ་བ་ཐབས་ཆག་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་དེ་ཤེས་ཐུབ་པས་དེ་ནི་སྒྲུང་གི་བྱུང་རིམ་གྱི་འཕེལ་རྒྱས་ཡིན། གཅིག་ཤོས་ནི་སྒྲུང་གི་བྱུང་རིམ་ལ་ཀྱོག་མཚམས་ཆེན་པོ་ཞིག་བྱུང་ཡོད་དེ། ཨ་ཆུང་གིས་སྲི་ཐར་གྱི་ལག་ནས་གྲོང་ཚོ་ཡོངས་ལ་སྐད་གྲགས་ཡོད་པའི་རྟ་བཟང“པེ་ཅིང་ཅི་ཕུ”ཉོས་པ་མ་ཟད། ད་དུང་བུ་མོ་མཛེས་མ་ཞིག་མནའ་མར་བླངས་ཡོད་པས་དེ་ནི་བྱུང་རིམ་མཐོ་རླབས་ཀྱི་གནས་སུ་སླེབས་ཡོད། དེ་ནི་སྲི་ཐར་སོགས་ཀྱི་བསམ་ཡུལ་ལས་འདས་ཡོད་ལ་ཀློག་པ་པོའི་བསམ་ཡུལ་ལས་ཀྱང་འདས་ཡོད་པས་སྒྲུང་གཏམ་ལེགས་གྲུབ་བྱུང་བའི་གནད་གཅིག་ཀྱང་རེད། གང་ཡིན་བརྗོད་ན་དེ་ལས་ཏང་གི་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ནས་མི་རྣམས་རང་རང་གི་ལག་གཉིས་ལ་བརྟེན་ནས་དཀའ་ངལ་ཁྱད་བསད་བྱས་ན་ཡོང་འབབ་ཐམས་ཅད་རང་ལ་དབང་བའི་སྲིད་ཇུས་ལག་བསྟར་བྱུང་བའི་སྐོར་གསལ་བཤད་ཐུབ་ཡོད་པས་སྒྲུང་གཏམ་འདིའི་བྱུང་རིམ་གཏམ་རྒྱུད་ཙམ་ཡིན་ནམ་ཡང་ན་རྒྱུ་འབྲས་ཀྱི་གནས་ལུགས་ལྡན་པའི་བྱུང་རིམ་ཁ་གསལ་ཡིན་མིན་ལ་འདེང་འཇོག་ཐུབ་ཡོད།
བདུད་ལྷ་རྒྱལ་གྱིས “རྩོམ་རིག་ལ་དངོས་ཡོད་འཚོ་བ་ལས་འདས་པའི་ཐོད་བརྒལ་གྱི་ཆ་ནི་དགོས་ཀྱང་། དེ་ཡང་དངོས་ཡོད་ཀྱི་འཇིག་རྟེན་མིའི་འཚོ་བ་ལས་འདས་པ་ཞིག་ཡིན་མི་རུང”ཞེས་གསུངས་པ་ལྟར་སློབ་གཞིར་འཁོད་པའི་སྒྲུང་གཏམ་ཚང་མར་སྤྱི་ཚོགས་འཚོ་བ་རྨང་གཞིར་བྱས་ཡོད་པས་ང་ཚོས་འཚོ་བ་དངོས་དང་། དེ་དང་འབྲེལ་བའི་ལོ་རྒྱུས་ཟུང་འབྲེལ་བྱས་ནས་སྒྲུང་གཏམ་དབྱེ་ཞིབ་བྱས་ན་སློབ་མ་རྣམས་ལ་དེ་བས་ཕན་ཐོགས་ཆེ་བར་མཐོང་ངོ།
(ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་སློབ་འབྲིང་། བསྟན་འཛིན་ནོར་བུ)
འགན་འཁུར་རྩོམ་སྒྲིག་པ། 德吉普尺
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣