སློབ་མའི་མི་གཤིས་བཟང་པོ་འཛུགས་སྐྱོང་བྱ་རྒྱུ་དེ་ནི་མི་སྒེར་དང་། ཁྱིམ་ཚང་། རྒྱལ་ཁབ་བཅས་ཀྱི་ཡར་ཐོན་གྱི་རྨང་གཞི་ཡིན་པས་དེ་ལྟ་བུའི་འགན་འཁྲི་ལྗིད་པོ་དེ་ཐོག་མར་སློབ་གྲྭ་ཁག་གི་སྐད་ཡིག་དགེ་རྒན་རྣམས་ཀྱི་ཕྲག་སྟེང་དུ་བབས་ཡོད། འོ་ན་སློབ་མའི་མི་གཤིས་བཟང་པོ་ཇི་ལྟར་འཛུགས་སྐྱོང་བྱ་དགོས་སམ་ཞེ་ན།
གཅིག དགེ་རྒན་རང་ཉིད་ཀྱི་ཀུན་སྤྱོད་བྱང་ཚད་ལེགས་སུ་བཏང་ནས་རང་གི་མི་གཤིས་བཟང་པོ་སློབ་མའི་རྒྱུད་ལ་འཇགས་པར་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2014ལོའི་ཟླ་9ཚེས་9ཉིན་པེ་ཅིང་དགེ་འོས་སློབ་ཆེན་ལ་གཟིགས་ཞིབ་གནང་དུས། ཕུགས་བསམ་དང་དད་སེམས་ཡོད་པ་དང་། ཀུན་སྤྱོད་བཟང་པོ་མངའ་བ། ཤེས་ཡོན་ལ་བྱང་བ། བྱམས་སེམས་ལྡན་པ་བཅས་ཀྱི་དགེ་རྒན་གྱི་དཔུང་ཁག་ལེགས་པོ་ཞིག་འཛུགས་སྐྱོང་བྱེད་དགོས་པའི་དགོངས་ཚུལ་གསུངས་ཡོད། དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་ནི་སྤྱི་པའི་ཀུན་སྤྱོད་ཅིག་ཡིན། རང་ཉིད་ལ་སློབ་གསོ་སློབ་ཁྲིད་ཀྱི་བྱེད་སྒོར་ཞུགས་པའི་གནས་བབ་ནི་རྒྱབ་ཁབ་དང་སྤྱི་ཚོགས་ཀྱིས་གནང་བ་ཞིག་ཡིན་ཕྱིར་དགེ་རྒན་གྱིས་སློབ་གསོ་སློབ་ཁྲིད་ཀྱི་བྱེད་སྒོའི་ཁྲོད་ངེས་པར་དུ་ཀུན་སྤྱོད་བཟང་པོ་སྐྱོང་བ་དང་ཆབས་ཅིག དེ་ཉིད་རང་གི་སློབ་མ་རྣམས་ཀྱི་རྒྱུད་ལ་འཇགས་པར་བྱས་ནས་སློབ་མ་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱུན་འཛིན་པ་ལེགས་པོ་ཞིག་ཏུ་གསོ་སྐྱོང་བྱེད་དགོས།
གཉིས། དགེ་རྒན་གྱི་ཤེས་རྒྱས་སློབ་མའི་ཡིད་སེམས་འགུག་ཐུབ་པ་བྱེད་དགོས།
དུས་རབས་གསར་པའི་སློབ་མ་ནི་བསམ་རྒྱ་ཡངས་ཤིང་། ལྟ་རྒྱ་ཐོས་རྒྱ་ཆེ་བས། དགེ་རྒན་ཡང་མཐོང་རྒྱ་ཡངས་ཤིང་ཤེས་རྒྱ་ཟབ་པ། སྨྲ་བརྗོད་ཡ་རབས་ལ་ཚུལ་དང་མཐུན་པ་བྱུང་ཚེ། གནའ་གཏམ་ལས་ཁོག་མའི་ནང་དུ་ཡོད་ན་ཟ་རུའི་ནང་དུ་ལོས་ཡོང་ཟེར་བ་བཞིན་དགེ་རྒན་རང་ཉིད་ཀྱི་ཡོན་ཏན་ཅི་ཡོད་སློབ་མའི་ལུས་སེམས་སུ་འཇགས་ངེས་རེད་ལ་དགེ་རྒན་གྱི་ཐབས་ལམ་བཟང་བའི་སློབ་ཁྲིད་དེས་སློབ་མའི་ཡིད་ཆེས་དང་དད་པ་འཕེལ་ཐུབ།
གསུམ། སློབ་མར་ཕམ་ཁའི་སློབ་གསོ་འོས་འཚམ་སྤེལ་ནས་དཀའ་ཐུབ་བཟོད་བསྲན་ཐུབ་པའི་མི་གཤིས་ཆགས་པར་སྦྱོང་བརྡར་སྤྲོས་དགོས།
དཀའ་ཐུབ་བཟོད་བསྲན་ནི་མི་གཤིས་འཐུས་ཚང་ཅན་དུ་གྲུབ་པའི་ཆ་རྐྱེན་གལ་ཆེན་ཞིག་ཡིན། དེང་སྐབས་ཕ་མས་རང་གི་བུ་ཕྲུག་ལ་བུམ་པའི་མེ་ཏོག་བཞིན་གཅེས་ཐལ་དུ་ཤོར་བའི་རྐྱེན་གྱིས་གློ་བའི་སྨན་ལ་མ་ཕན་མཆིན་པའི་དུག་ཏུ་གྱུར་པའི་སྣང་ཚུལ་དེ་མང་དུ་ཐོན་བཞིན་པས་དེ་ལྟ་བུའི་གཅེས་འཛིན་དེས་བུ་ཕྲུག་རང་གསོ་མི་འཕེར་བ་དང་དཀའ་ངལ་ཅུང་ཟད་ལ་ཡང་ཕྱིར་བཤོལ་བྱེད་པའམ་དེ་ལས་ལྡོག་སྟེ་རང་ཞེན་ཆེ་ཞིང་ཧམ་རྫུན་ཆེ་བ། རང་ལྟ་མཆོག་འཛིན་གྱིས་སྣང་བར་གང་དྲན་བྱེད་པ་ཞིག་ཏུ་འགྱུར་ཉེན་ཆེན་པོ་ཡོད། དེར་བརྟེན་མི་ཇི་ལྟར་བྱེད་དགོས་པ་དང་མཉམ་སྡེབ་དང་མཐུན་སྦྱོར་ཇི་ལྟར་བྱེད་དགོས་པ། འཚོ་གནས་ཇི་ལྟར་བྱེད་དགོས་པ་སོགས་ལ་ཕ་མ་དང་དགེ་རྒན་ཟུང་འབྲེལ་ཐོག་འོས་འཚམ་ངང་ཕམ་ཁའི་སློབ་གསོ་སྤེལ་ཐུབ་ན་སློབ་མས་རྒྱུ་དཀའ་ངལ་ལས་འབྲས་བུ་རྣམ་པར་རྒྱལ་བའི་སྤྲོ་སྣང་དེ་མྱོང་ཐུབ།
༡ སློབ་མས་ཁྱིམ་སྦྱོང་གི་ལས་འགན་གྲུབ་ཟིན་རྗེས་ཕ་མར་རོགས་རམ་བྱ་རྒྱུའི་སྐུལ་ལྕག་གིས་ནང་ལས་ཆུང་ཙག་རེ་འགའ་བྱེད་དུ་འཇུག་དགོས་པ་དཔེར་ན། གད་ཕྱིད་བྱེད་པ་དང་། གྱོན་གོས་དང་ཕོར་པ་བཀྲུ་བ། ཅ་ལག་ཉོ་བ་སོགས་ན་ཚོད་དང་མཐུན་པའི་ལས་ཀ་རེ་བསྐུལ་ན་འཚོ་བའི་ཐད་རང་རྐྱ་འཕེལ་བར་ཕན་པ་ཆེ་ལ་ངལ་རྩོལ་ནི་གཟི་བརྗིད་ཡིན་པ་ཤེས་ཐུབ།
༢ སློབ་གྲྭའི་ནང་དུ་ཐུན་མོང་གི་བྱེད་སྒོ་མང་ཙམ་སྤེལ་ནས་སློབ་མར་དུས་རྒྱུན་ནས་འགྲན་སེམས་ཀྱི་འདུ་ཤེས་ཤིག་སྐྱེ་བར་བྱེད་དགོས། སློབ་གསེང་སྐབས་ཤེས་བྱའི་འགྲན་སྡུར་དང་ལུས་རྩལ་འགྲན་སྡུར། སྒྲོག་བྱང་འགྲན་སྡུར། ནང་ལས་དང་ངལ་རྩོལ་འཇོན་ནུས་འགྲན་སྡུར། རིག་རྩལ་འགྲན་སྡུར། དམག་སྦྱོང་སོགས་ཀྱི་འགྲན་སྡུར་སྤེལ་ནས་སློབ་མར་སེམས་བག་ཡངས་པོས་གྲུབ་འབྲས་དང་གཟི་བརྗིད་ལས་བྱེད་སྒོའི་བརྒྱུད་རིམ་ནང་ཐོབ་པའི་བསླབ་བྱ་ཕྱོགས་སྡོམ་གལ་ཆེ་བར་འཛིན་དགོས་པའི་སློབ་གསོ་བརྒྱབ་ནས་ཕམ་ཁ་ནི་རྒྱལ་ཁའི་རྩ་བ་ཡིན་པ་ངོས་འཛིན་ཐུབ་པར་བྱེད་དགོས།
༣ སློབ་ཁྲིད་དངོས་ཀྱི་ནང་དུ་དཔེ་མང་པོ་དྲངས་ནས་སློབ་མར་དཀའ་སྡུག་ཁྱད་བསད་ཀྱི་སེམས་ཤུགས་ལྡན་དུ་འཇུག་དགོས་པ་ཧ་ཅང་གལ་ཆེ་བར་སེམས་ཏེ་དགེ་འདུན་ཆོས་འཕེལ་མཁས་པའི་ཡང་རྩེར་ཇི་ལྟར་སོན་པ་དང་། སི་ཏེ་ཧྥིན་ཧོ་ཅིན་ལུས་པོ་ཞ་རིལ་དུ་གྱུར་ཡང་ཚོད་ལྟ་མཚམས་མི་བཞག་པར་བརྟེན་དངོས་ཁམས་རིག་པ་མཁས་ཅན་དུ་འགྱུར་བ་སོཌ་དཔེ་མང་ཙམ་དྲངས་ནས་དམ་པ་ཚོའི་བླ་མེད་ཀྱི་སྙིང་སྟོབས་དང་གཟི་བརྗིད་མིག་དཔེར་བཟུང་ནས་དཀའ་བ་དང་དུ་ལེན་ཕོད་པའི་མི་གཤིས་བཟོད་བསྲན་ཅན་ཞིག་ཆཌ་པའི་ཀུན་སྤྱོད་སློབ་གསོ་སྤེལ་དགོས།
བཞི། བདེན་པ་བདེན་ཐུབ་དང་སེམས་བཟང་ཡ་རབས་ཀྱི་མི་གཤིས་སྐྱེད་སྲིང་བྱེད་དགོས།
ཙུང་ལི་ཝུན་ཅ་པའོ་ཡིས“དུག་རྒྱུ་འདྲེས་པའི་འོ་རྩམ་དང་ས་འོག་ཟ་སྣུམ་བཙོག་པ། ཚོས་རྒྱུ་འདྲེས་པའི་མོག་མོག་སོགས་མི་ཆོས་ལས་འགལ་བའི་སྤྱོད་ཚུལ་ངན་པ་དེ་རིགས་ནི་སྤྱི་ཚོགས་ཧྲིལ་པོའི་བདེ་ཐང་དང་ཡ་རབས་སྤྱོད་བཟང་རྡོག་རོལ་གཏོང་བའི་ནད་ཡམས་ངན་པ་ཞིག་ཡིན་པས། བློ་ཐག་རྦད་བཅད་ངང་གཙང་སེལ་བྱེད་དགོས”ཞེས་གསུངས་པ་བཞིན་སྐད་ཡིག་དགེ་རྒན་གྱིས་ཀྱང་སྤྱི་ཚོགས་ཀྱི་འགན་འཁྲི་དེ་དང་དུ་བླངས་ནས་སློབ་མ་དེ་དག་སྤྱི་ཚོགས་ལ་ཕན་བདེ་སྐྲུན་མཁན་གྱི་མི་ཞིག་ལ་གསོ་སྐྱོང་བྱེད་དགོས་པ་སྟེ། དེ་ཡང་སློབ་མའི་དོ་སྣང་བྱ་ཡུལ་དེ་ཁྱིམ་ཚང་དང་འཛིན་གྲྭའི་དོན་ཆུང་ནས་འགོ་བཙུགས་ཏེ་རིམ་བཞིན་སློབ་གྲྭ་དང་སྤྱི་ཚོགས་ཀྱི་ཐོག་ཏུ་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་བཟང་པོ་ཞིག་ཆགས་པར་མཛུབ་ཁྲིད་བྱེད་དགོས།
(ལྷ་ས་གྲོང་ཁྱེར་སློབ་འབྲིང་དྲུག་པ། ཉི་མ་འཕྲིན་ལས)