དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྤྱི་ཚོགས་ལ་ཕན་པའི་སློབ་མ་བཟང་པོ་ཞིག་གསོ་སྐྱོང་བྱ་རྒྱུའི་སྐོར་ལ་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-25

    གླེང་གཞི།    

    ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཕྱོགས་གང་ཅིའི་ཐད་འཕེལ་རྒྱས་འགྲོ་དང་འགྲོ་བཞིན་པའི་དུས་རབས་འདིར། ང་ཚོའི་མི་རིགས་འདི་ཡང་མི་རིགས་གཞན་གྱི་རྗེས་སུ་མ་ལུས་པ་བྱ་རྒྱུ་ནི་ང་ཚོའི་ལས་འགན་ཡིན་ལ། ལས་འགན་དེ་འདྲ་ཞིག་ལེགས་འགྲུབ་ཡོང་མིན་གྱི་རྨང་གཞི་ནི་སློབ་གསོར་ཐུག་ཡོད་པ་ཚང་མས་མཁྱེན་གསལ་ལྟར་མཐར་གཏུགས་ནས་བཤད་ན་བླང་དོར་དབྱེ་འབྱེད་མི་ཐུབ་པའི་བྱིས་པ་དག་ཤེས་སྤྱོད་གཉིས་ལྡན་གྱི་སློབ་མ་བཟང་པོ་ཞིག་ཏུ་གསོ་སྐྱོང་བྱ་རྒྱུ་དེ་ཡིན། དེས་ན་ཁྱིམ་བདག་དང་དགེ་བའི་བཤེས་གཉེན་རྣམ་པས་ལོང་བ་ཐང་དཀྱིལ་དུ་ལུས་འདྲའི་ཕྲུ་གུ་དག་ལ་ཇི་ལྟར་བྱས་ནས་ཡང་དག་པའི་ལམ་མཆོག་བཟང་པོ་་་་ཞིག་སྟོན་རྒྱུའི་སྐོར་ལ་ཕོན་ཆེ་བའི་དཔྱད་གཞི་མེད་ཀྱང་རང་གིས་ལོ་ཤས་རིང་སློབ་གསོ་སྤེལ་བའི་ཉམས་མྱོང་དང་སྦྲགས་རགས་ཙམ་གླེང་བར་བྱའོ།

    དང་པོ། ཁྱིམ་བདག་གིས་བསྒྲུབ་དགོས་པའི་ལས་ཀ

    གཅིག ཕ་མས་ཕྲུ་གུར་མིག་དཔེ་བཟང་པོ་སྟོན་དགོས།

    ཕྲུ་གུ་རྣམས་སློབ་གྲྭར་མ་བཏང་གོང་ཕ་མའི་སར་འཚར་ལོངས་འབྱུང་བཞིན་ཡོད་པས་ཕ་མའི་སློབ་གསོ་ནི་ཧ་ཅང་གི་གལ་ཆེ་སྟེ། ཕ་མའི་འཚོ་བ་སྐྱེལ་སྟངས་འདྲ་མིན་ལས་བུ་ཕྲུག་གི་ཚེ་གང་གི་བསམ་བློ་དང་མི་གཤིས་ལ་ཤུགས་རྐྱེན་སྣ་ཚོགས་པ་ཐེབས་ཀྱི་ཡོད། དེའི་སྐབས་ཀྱི་ཕྲུ་གུར་ཕ་མ་དང་རྒན་རབས་ལ་གུས་ཞབས་དང་། ཡོན་ཏན་ཅན་ལ་བརྩི་བཀུར།སྤྱོད་བཟང་ལ་མིག་དཔེ་བལྟ་བ། འགྲོ་འདུག་སྐད་ཆ་ཤོད་སྟངས་སོགས་ཀྱི་སློབ་གསོ་རྒྱག་རྒྱུར་དོ་སྣང་བྱེད་དགོས་སྟེ། ཆུང་དུས་ནས་ཡ་རབས་ཀྱི་གོམས་གཤིས་བཟང་པོ་ཞིག་འཇག་མིན་ནི་ཁྱིམ་ཚང་གི་སློབ་གསོ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ཁྱིམ་ཚང་ནི་ཕྲུ་གུའི་སློབ་གྲྭ་དང་པོ་དང་ཕ་མ་ནི་ཕྲུ་གུའི་ཆེས་ཐོག་མའི་དགེ་རྒན་ཡིན་པས། ཕ་མའི་འགྲོ་འདུག་སྤྱོད་གསུམ་དང་བསམ་བློ་གཏོང་སྟངས། འཚོ་བར་འཛིན་པའི་རྣམ་འགྱུར་སོགས་ཀྱིས་ཕྲུ་གུའི་འཚར་ལོངས་ཀྱི་བརྒྱུད་རིམ་ནང་སློབ་གསོའི་ནུས་པ་ངེས་གཏན་ཞིག་ཐོན་བཞིན་ཡོད།དེས་ན་ཕ་མ་ཤེས་ཡོན་ལ་དགའ་བ་དང་ཀུན་སྤྱོད་ལེགས་པ།གཞན་དོན་ལ་ལྷག་བསམ་དཀར་བ་སོགས་ཀྱིས་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་ཕན་ནུས་ཆེན་པོ་ཐོན་ཐུབ།དེ་ལས་ལྡོག་སྟེ་རང་ཤེད་ཚ་བ། གྲོང་པ་ཁྱིམ་མཚེས་དབར་མི་མཐུན་པ། ཆང་རག་རྒྱན་འཛུགས་ལ་དགའ་བའི་ཕ་མས་རང་གི་ཕྲུ་གུར་ཡང་དག་པའི་མིག་དཔེ་བཟང་པོ་ཞིག་སྟོན་མི་ཐུབ་པ་མ་ཟད། ཁྱད་པར་ཕྲུ་གུའི་གཞུང་དྲང་གི་བསམ་བློར་བཙོག་སྐྱོན་དང་། མདུན་ལམ་ལ་བར་ཆད་བཟོས་དང་བཟོ་བཞིན་ཡོད། དེར་རྟེན། ཕ་མས་བྱ་བ་སྒྲུབ་སྟངས་དང་སྐད་ཆ་ཤོད་སྟངས།རྒན་པར་གུས་ཞབས་དང་གཞོན་པར་བྱམས་སྐྱོང་། འཆམ་མཐུན་གྱི་ཁྱིམ་ཚང་བསྐྲུན་པ་སོགས་འཚོ་བའི་ཟུར་མཐའ་དག་ནས་ཕྲུ་གུར་མིག་དཔེ་བཟང་པོ་སྟོན་རྒྱུ་དང་། ལྷག་པར་རང་ཉིད་ཀྱི་བསམ་བློའི་བྱང་ཚད་གོང་མཐོར་བཏང་ནས་ཕྲུ་གུས་དང་ལེན་ཐུབ་པའི་ཚད་ལྡན་གྱི་ཕ་མ་བཟང་པོ་ཞིག་བྱེད་ཐུབ་པ་བྱ་རྒྱུ་ནི་རང་གིས་གཡོལ་ཐབས་མེད་པའི་འགན་འཁྲི་ཡིན་པས་དེར་མཐོང་ཆེན་དང་རྒྱུན་འཛིན་བྱེད་དགོས།

    གཉིས། བུ་ཕྲུག་སློབ་གསོ་དང་ལེན་བྱེད་དུ་འཇུག་དགོས།

    སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་ཤེས་ཡོན་བྱང་ཆུབ་པ་ཞིག་ཁོང་དུ་ཆུད་པ་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེ་སྟེ།དེ་ནི་མི་ཚེའི་རིན་ཐང་འཇལ་བའི་ཚད་གཞི་ཡིན་ལ་་་་ཕུགས་བསམ་མངོན་འགྱུར་ཡོང་བའི་འགན་ལེན་ཡང་ཡིན།དེ་ཡང་རང་ཉིད་ཀྱི་ཕྲུ་གུ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་དང་།ཀུན་གྱིས་མཐེ་བོང་འགྲེང་ནས་བསྔགས་པའི་མི་འཇོན་ཐང་ཅན་ཞིག་ཆགས་པ་བྱེད་དགོས་ན། ཕྲུ་གུ་ངེས་པར་དུ་སློབ་གྲྭའི་ནང་སློབ་གསོ་མྱོང་བར་གཏོང་དགོས། དེ་ནི་ཕ་མ་ཞིག་གི་ངོས་ནས་རང་གིས་བུ་ཕྲུག་ལ་གནང་བའི་རིན་བྲལ་གྱི་ཕྱག་རྟགས་ཡིན་ཏེ། ཅིའི་ཕྱིར་ཞེ་ན། “ཡིག་ཡོད་མིག་ཡོད་མཁས་པ་སྤྲུལ་སྐུའི་རྒྱུད།། ཡིག་མེད་མིག་མེད་ལོང་བ་ལྐུག་པའི་རྒྱུད།།”① ཅེས་ཡི་གེ་ཤེས་དང་མི་ཤེས་པའི་ཁྱད་པར་ནི་མཁས་པ་དང་ལྐུག་པ་གཉིས་ཀྱི་རིན་ཐང་ལྟར་ཡིན་པའི་གནས་ལུགས་མཛུབ་མོས་རི་སྟོན་གྱི་ཚུལ་དུ་གསུངས་ཡོད། ཡང་སྒོས་དེང་སང་བོད་ཀྱི་ཞིང་འབྲོག་ཁུལ་གྱི་ས་ཆ་འགར་ཕ་མས་བུ་ཕྲུག་རིག་གནས་སྦྱོང་བར་མི་གཏོང་བར་དབྱར་རྩྭ་དགུན་འབུ་བརྐོ་བར་གཏོང་བ་དང་ཨར་ལས་རྒྱག་པར་ཁྲིད་པ། ར་རྫི་ལུག་རྫི་བྱེད་དུ་འཇུག་པ་སོགས་ཀྱི་སྣང་ཚུལ་ཡང་མངོན་སུམ་མིག་ལམ་དུ་མཐོང་རྒྱུ་ཡོད།སྣང་ཚུལ་དེ་འདྲ་ཡོང་བའི་རྒྱུ་མཚན་ནི་ཕ་མས་ཕྲུ་གུ་སྐྱེ་ཐུབ་ཙམ་ལས་ཕྲུ་གུའི་མདུན་ལམ་ལ་འགན་རྩ་བ་ནས་མ་འཁུར་བའི་རྟགས་མཚན་ཡིན་པས།ཕ་མས་རང་གི་བསམ་བློར་ཡང་ནས་ཡང་དུ་ཞུ་དག་གནང་སྟེ། མ་འོངས་བོད་གསར་འཛུགས་སྐྲུན་ཆེད་དང་ཕྲུ་གུའི་ཕུགས་བསམ་མངོན་འགྱུར་ཡོང་ཆེད། བུ་ཕྲུག་སློབ་གྲྭའི་ནང་དུ་དྲང་ཕྱོགས་སློབ་གསོ་མྱོང་བར་གཏོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བའི་གནད་དོན་ཞིག་ཡིན།

    གཉིས་པ། སློབ་གྲྭས་བསྒྲུབ་དགོས་པའི་ལས་བྱ།

    མཚན་ཉིད་གསུམ་དང་ལྡན་པའི་དགེ་བའི་བཤེས་གཉེན་གྱིས་སྐོམ་པ་ཆུ་འདོད་ལྟར་རིག་གནས་ཤེས་འདོད་ཡོད་པའི་སློབ་མ་དག་ལ་སློབ་སྦྱོང་བསླབ་པ་བརྒྱུད་ནས་ཤེས་ཡོན་ཤེས་པ་དང་ངོས་འཛིན་བྱེད་པའི་ནུས་རྩལ་མཐོ་རུ་གཏོང་རྒྱུ་དང་ཆབས་ཅིག་ཁོ་ཚོའི་བསམ་བློ་དང་ཀུན་སྤྱོད་ལེགས་པོ་གསོ་སྦྱོང་བྱེད་པའི་བརྒྱུད་རིམ་ཞིག་ལ་སློབ་གྲྭའི་སློབ་གསོ་ཞེས་ཟེར། དེ་དོན་ཞིབ་པར་ཞུས་ན། དགེ་བའི་བཤེས་གཉེན་ལ་ཚང་དགོས་པའི་ཆ་རྐྱེན་དང་། སློབ་མར་ལྡན་དགོས་པའི་ཆ་རྐྱེན་བཅས་གཉིས་ཡོད།

    གཅིག དགེ་བའི་བཤེས་གཉེན་ལ་ཚང་དགོས་པའི་ཆ་རྐྱེན།

    དེ་ཡང་ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་གིས་མཛད་པའི་མཁས་པ་འཇུག་པའི་སྒོ་ལས། “གཙང་མཁས་གཞན་ལ་ཕན་པར་འདོད།”②ཅེས་གསུངས་ཡོད་དེ། དགེ་བའི་བཤེས་གཉེན་ནི་ཚུལ་ཁྲིམས་རྣམ་པར་དག་པས་ལུས་ངག་གཙང་བ། ཤེས་རབ་དག་པས་རིག་པའི་གནས་ལ་མཁས་ཤིང་ལྷག་པར་གང་བཤད་བྱའི་དོན་དེའི་ཚིག་དོན་ལ་མཁས་པ། སློབ་མའི་དོགས་གཞི་སེལ་ནུས་པའི་ལུང་རིགས་ལ་མཁས་པ། གནས་སྐབས་ཀྱི་ཁེ་ཕན་ལ་མི་ལྟ་བར་སློབ་མའི་ཕུགས་ལ་བསམ་བློ་གཏོང་ཐུབ་པ་གང་ཞིག་ལྷགས་བསམ་དག་པས་གཞན་ལ་ཕན་པར་འདོད་པ་སྟེ།མཚན་ཉིད་གསུམ་དང་ལྡན་པ་ཞིག་དགོས་པ་ནི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པར་གསུངས་སོ། དེ་བཞིན་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ནང་དགེ་བའི་བཤེས་གཉེན་ལ་དེ་ལྟ་བུའི་རེ་བ་ནན་པོ་བཅོལ་ཡོད་ཅིང་། ཀུན་གྱི་ནང་ནས་མཆོག་ཏུ་གྱུར་བའི་དགེ་བའི་བཤེས་གཉེན་གྱི་ལས་གནས་འདི་སྐྱེ་བོ་གང་ཡང་རུང་བ་ཞིག་གིས་བྱེད་ཐབས་མེད་ལ། དེང་གི་དུས་འདིར་མཚན་ཉིད་དེ་དག་ཡོངས་སུ་ཚང་བའི་དགེ་བའི་བཤེས་གཉེན་ནི་ཉིན་མོའི་སྐར་མ་ལྟར་དཀོན་ཡང་མཚན་ཉིད་དེ་དག་ཚང་རྒྱུར་འབད་་་་འབུངས་གནང་རྒྱུ་ནི་བཤེས་གཉེན་གྱི་མཚན་བཟུང་བ་དག་གི་ཕྲག་སྟེང་དུ་བབས་པའི་འགན་འཁྲི་ཡིན། དེ་ཡང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས། “དགེ་བའི་བཤེས་གཉེན་གང་དེ་སློབ་མ་ལས་ཡོན་ཏན་ལྷག་པ་ཞིག་ཡོད་ན་སློབ་མ་ཡར་རྒྱས་འགྲོ་མགྱོགས་པ་ཡོད་ཅིང་། འདྲ་མཉམ་ཞིག་ལས་མེད་ན་སློབ་མའི་ཤེས་ཚད་ཡར་རྒྱས་མེད་པར་རང་སོར་གནས་པ་དང་། སློབ་མ་ལས་དགེ་རྒན་ཡོན་ཏན་དམའ་ན་སློབ་མ་ལ་ཡོན་ཏན་ཕྲན་བུ་ཡོད་པ་དེ་ཡང་ཉམས་ནས་་་་འགྲོ་གི་ཡོད་”③ པར་གསུངས། དེ་བས་ཐོག་མར་དགེ་རྒན་རང་ཉིད་ཀྱི་ཤེས་བྱ་ཡོན་ཏན་གྱི་ཆུ་ཚད་དང་ཀུན་སྤྱོད་བཟང་ངན་སོགས་ཀྱི་ཐད་ནས་རང་གིས་རང་ལ་རེ་བ་ནན་པོ་འདོནཔ་དང་། རང་གི་ཕྱོགས་གང་ཅིའི་ཐད་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱས་རྗེས། ད་གཟོད་སློབ་མ་ཚོར་སློབ་སྦྱོང་དང་ཀུན་སྤྱོད་སོགས་ཀྱི་ཐད་ནས་ཁྲིད་སྟོན་ཡང་དག་པ་ཞིག་བྱེད་ཐུབ། དེ་བཞིན་ཕྲུ་གུའི་ཕ་མ་གཉིས་པར་འབོད་པའི་དགེ་བའི་བཤེས་གཉེན་ཚོས་སློབ་མའི་ཕྱིའི་རྣམ་པར་བལྟས་ནས་སློབ་མ་དེའི་བཟང་ངན་དང་ཁྱད་པར་འབྱེད་མི་རུང་བར་སློབ་མ་ཡོངས་ལ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་དགོས། གཞན་ཡང་། སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ལས། “སྲིད་པའི་མཚོ་ལས་སྒྲོལ་བའི་གྲུ་བོ་ཆེ། ། ལམ་མཆོག་འཁྲུལ་པར་མི་འགྱུར་དེད་དཔོན་དངོས། ། ལས་ཉོན་མེ་ཚོགས་འཇོམས་པའི་བདུད་བརྩིའི་ཆར། ། མ་རིག་མུན་པ་སེལ་བའི་ཉི་ཟླར་མཚུངས། །”④ ཅེས་དགེ་རྒན་གྱི་ལས་གནས་ནི་ཇི་འདྲའི་གཟི་བརྗིད་ཆེ་བ་དང་དཀའ་ཚེགས་ཆེ་བར་གསུངས་ཡོད་ལ། བོད་ཀྱི་སློབ་གསོ་བ་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་ཀྱང་། “སློབ་ཁྲིད་བྱེད་པ་ནི་ཤེས་རབ་ཀྱི་སྦྱིན་པ་བཏང་སྟངས་ཤིག་ཡིན་སྟབས། དེ་ལས་རླབས་ཆེ་བའི་ཚོགས་གསོག་གི་རིམ་པ་ཞིག་གང་དུ་མཆིས་སམ།”⑤ཞེས་ལས་གནས་འདིའི་ཕན་ཡོན་ཡང་བསམ་གྱི་མི་ཁྱབ་པར་གསུངས་ཡོད། དེར་རྟེན། སློབ་མར་རང་གི་ཕྲུ་གུ་ལྟར་བརྩེ་བ་བཅངས་ནས་སློབ་སྦྱོང་དང་ཀུན་སྤྱོད་སོགས་ཕྱོགས་གང་ཅིའི་ཐད་ལ་སློབ་སྟོན་གནང་སྟེ། ཕྲུ་གུའི་ཕུགས་བསམ་མངོན་འགྱུར་ཡོང་རྒྱུར་ཕན་པ་བསྐྲུན་རྒྱུ་དང་འཐུས་ཚངས་སུ་འགྲོ་བཞིན་པའི་གངས་ལྗོངས་ཀྱི་སློབ་གསོར་རང་ནུས་ཡོད་རྒུས་ལེགས་སྐྱེས་འབུལ་རྒྱུ་ནི་དགེ་བའི་བཤེས་གཉེན་དག་གི་འགན་འཁྲི་ཉག་ཅིག་ཡིན། མཚམས་འདིར་ཁོ་བོས་སྨྲ་འདོད་པ་ནི། ཕ་ཡུལ་ཕ་མ་བུ་ཕྲུག་རྒྱང་རིང་དུ་བོར་ཞིང་། ། རིན་བྲལ་ལང་ཚོ་སློབ་གསོའི་བྱ་གཞག་ལ་ཕུལ་ནས། ། གཞུང་དྲང་གཅེས་སུ་འོས་པའི་བྱིས་ཚོགས་དང་མཉམ་དུ། ། མི་ཚེ་རྫོགས་པ་ཕྱི་མའི་ལམ་རྒྱགས་སུ་གྱུར་ཅིག་ཅེས་ཀྱང་ཞུའོ། །

    གཉིས། སློབ་མར་ལྡན་དགོས་པའི་ཆ་རྐྱེན་སྐོར།

    སློབ་མ་ཞིག་གི་ངོས་ནས་བཤད་ན།དུས་ནམ་ཡང་སློབ་མའི་ཚད་ལྡན་གྱི་ཀུན་སྤྱོད་དང་གཏན་ནས་འགལ་མི་རུང་སྟེ། ཐ་མག་འཐེན་པ། ཆང་རག་འཐུང་བ། གྲོགས་པོའི་བར་འཛིང་རེས་བྱེད་པ། སྦྱང་ཚན་ཆ་ཚང་མི་འབྲི་བ་སོགས་ནི་སྤང་དགོས་པའི་གནས་ཡིན་ལ། དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་དུས་སུའང་ང་རིག་པ་ལྐུག་པས་མི་ཤེས་སྙམ་པ་དང་། ངས་མི་འཇོན་སྙམ་ནས་སློབ་ཚན་མི་ཉན་པར་ཁ་གཡེང་མིག་གཡེང་བྱེད་པ་སོགས་ནི་ངེས་པར་དུ་བཅོས་དགོས་པའི་ནོར་འཁྲུལ་ཡིན་ཏེ། མ་བསླབ་ཤེས་པ་མི་སྲིད་ལ་བསླབས་ནས་མི་ཤེས་པའང་མི་སྲིད་པའི་ཕྱིར་ཧུར་བརྩོན་ཆེན་པོས་ཤེས་བྱའི་གནས་ལ་སྦྱང་བརྩོན་བྱེད་རྒྱུ་དང་། རང་འགུལ་ངང་སློབ་ཚན་གང་དེར་དགའ་བ་བསྒོམས་ནས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་པ་མ་ཟད། བསམ་བློ་གཏོང་བ། དབྱེ་ཞིབ་བྱེད་པ། དྲི་བ་འདོན་པ་སོགས་ཚ་ཚ་འུར་འུར་ངང་བསམ་བློ་སློབ་ཚན་ནང་སླེབས་པ་བྱེད་དགོས། དེ་བཞིན། “ཡ་རབས་ཡོན་ཏན་ལྡན་པ་ཡང་། ། གྲོགས་པོ་ངན་པས་ཉམས་པར་བྱེད། །”⑥ཅེས་སོགས་མི་ཡ་རབས་ཡོན་ཏན་ལྡན་པ་ཞིག་ཡིན་རུང་། གྲོགས་པོ་ངན་པ་དང་ཡུན་རིང་པོར་འགྲོགས་ན། དེའི་མ་རབས་ཀྱི་གཤིས་སྤྱོད་དག་རང་ལ་འགོས་ནས་རང་ཡང་ཉམས་ཉེས་པར་འགྱུར་ངེས་པས་གྲོགས་པོ་བཟང་པོ་དང་འགྲོགས་དགོས་པ། གཟུགས་པོ་བདེ་ཐང་ཡོང་ཆེད་སློབ་ཁང་དང་ཉལ་ཁང་། མི་སྒེར་གྱི་གཙང་སྦྲ་སོགས་ལ་དོ་སྣང་། སྤྱི་དང་སྒེར་གྱི་ཅ་དངོས་ལ་བདག་གཅེས་བྱེད་པ། བྱ་བ་གང་བྱས་ཀྱང་བརྩོན་འགྲུས་མ་ལྡན་ན་མི་བསྒྲུབ་པས་དུས་དང་རྣམ་པ་ཀུན་ཏུ་བརྩོན་འགྲུས་གྲོགས་སུ་བསྟེན་དགོས་པ་སོགས་ནི་ཚད་ལྡན་གྱི་སློབ་མ་དག་ལ་ལྡན་དགོས་པའི་ཆ་རྐྱེན་ཡིན་པས། རང་ཉིད་ལ་ཆ་རྐྱེན་དེ་དག་འཛོམས་རྒྱུར་འབད་འབུངས་བྱས་ན་སློབ་མ་བཟང་པོ་ཞིག་ཆགས་རྒྱུ་གདོན་མི་ཟའོ།

    མཇུག་བསྡུའི་གཏམ།

    མདོར་བསྡུས་ནས་ཞུས་ན། མ་འོངས་པར་སྤྱི་ཚོགས་ལ་ཕན་པའི་ཤེས་སྤྱོད་གཉིས་ལྡན་གྱི་སློབ་མ་བཟང་པོ་ཞིག་གསོ་སྐྱོང་བྱེད་ཐུབ་མིན་ནི་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོར་རག་ལས་ཡོད་པས། དེས་ན་ཁྱིམ་བདག་དང་དགེ་བའི་བཤེས་གཉེན་རྣམ་པས་ཕྲུ་གུའི་འཚར་ལོངས་བརྒྱུད་རིམ་ནང་དྲང་ཕྱོགས་ཀྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་སློབ་མའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་སྤྱོད་བཅས་ཀྱི་སློབ་གསོ་སྤེལ་རྒྱུ་རྩ་ཆེར་འཛིན་ཚེ། མ་འོངས་པར་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་མཁན་ཤེས་སྤྱོད་གཉིས་ལྡན་གྱི་སློབ་མ་གང་མང་གསོ་སྐྱོང་ཐུབ་རྒྱུར་གོར་མ་ཆག

    མཆན་འགྲེལ།

    ①བློ་བཟང་ཚེ་རིང་གིས་གཙོ་བསྒྲིགས་གནང་བའི་《ཁ་ཆེ་ཕ་ལུའི་བསླབ་བྱའི་》ཤོག་གྲངས་༢༤ནང་གསལ།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༠ལོའི་ཟླ་བ་༡པོ།

    ②མཁན་པོ་ཀུན་དགའ་བཟང་པོས་བསྒྲིགས་པའི་《དཔལ་ལྡན་ས་སྐྱ་པའི་གསུང་རབ་》པོད་དྲུག་པའི་ཤོག་ངོས་༡༣༡ནང་གསལ། མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༣ལོའི་ཟླ་བ་༣ པ།

    ③ཞལ་ལྕེ་ལྷག་པ་ཚེ་རིང་གིས་བསྒྲིགས་པའི་《བོད་ཀྱི་སྲོལ་རྒྱུན་སློབ་ཁྲིད་རྣམ་བཤད་》ཤོག་ངོས་༣༡༤ནང་གསལ།  མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ་བ་༡༠པ།

    ④རྫ་དཔལ་སྤྲུལ་གྱི་གསུང་འབུམ་གཅེས་བསྡུས་《སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་》ཤོག་ངོས་༢༡༩ནང་གསལ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ལོའི་ཟླ་བ་༣པ།

    ⑤ ༢༠༡༥ལོའི་ཟླ་བ་༡༠པའི་ཚེས་༣༠ཉིན་ཡོངས་འཛིན་དྲ་ངོས་སུ་སྤེལ་བའི་བོད་ཀྱི་སློབ་གསོ་བ་ཞིག་གི་ལེགས་བཤད་ཚན་པ་བཅུ་ཞེས་པའི་བདུན་པ།

    ⑥གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་《ཆུ་ཤིང་བསྟན་བཅོས་》ཤོག་ངོས་༦༩ནང་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༠ལོའི་ཟླ་བ་༢པ།

    དཔྱད་གཞིའི་ཡིག་ཆ།

    《བོད་ཀྱི་སྲོལ་རྒྱུན་སློབ་ཁྲིད་རྣམ་བཤད།》ཞལ་ལྕེ་ལྷག་པ་ཚེ་རིང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ་བ་༡༠པར་པར་གཞི་དང་པོ་བསྒྲིགས།

    《མཁས་པ་འཇུག་པའི་སྒོ།》 ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས།  མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ལོའི་ཟླ་བ་༦པར་པར་གཞི་དང་པོ་བསྒྲིགས།

    《སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་བྱེད་ཐབས་དང་སློབ་ཁྲིད་ནུས་རྩལ།》 བཀྲ་ཤིས་བསམ་གྲུབ་ཀྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༨ལོའི་ཟླ་བ་༣ པར་པར་གཞི་དང་པོ་བསྒྲིགས།

    《ཆུ་ཤིང་བསྟན་བཅོས་》གུང་ཐང་བསྟན་པའི་སྒྲོན་མེ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༠ལོའི་ཟླ་བ་༣ པར་པར་གཞི་༢པ་བསྒྲིགས།

    《ཁ་ཆེ་ཕ་ལུའི་བསླབ་བྱའི་》བློ་བཟང་ཚེ་རིང་གིས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༠ལོའི་ཟླ་བ་༡པོར་པར་གཞི་༢པ་བསྒྲིགས།

    《སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་》རྫ་དཔལ་སྤྲུལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ལོའི་ཟླ་བ་༣ པར་པར་གཞི་༩་པ་བསྒྲིགས།

    (རྩོམ་པ་པོ་ཤེས་རབ་ཉི་མ་ནི་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པའི་དགེ་རྒན་ཡིན)

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།