གླེང་གཞི།
དེ་ཡང་དཔལ་ཁང་ལོ་ཙཱ་བའི་ཞལ་སྔ་ནས། ཀྱེ་མ་ཤེས་བྱ་ཕ་མཐའ་ཡས། །དེ་དག་རེ་རེའི་མིང་གི་ཡང་། །རྒྱུ་མཚན་ངེས་ཚིག་མི་ཤེས་ན། །བརྡ་དག་སྦྱོར་བ་ཇི་ལྟར་འབྱུང་། །ཞེས་གསུངས་པ་ལྟར། ཤེས་པར་བྱ་བའི་ཕ་རོལ་གྱི་གནས་མཐའ་མེད་པའམ་དཔག་ཏུ་ཡས་པ་བསམ་གྱིས་མི་ཁྱབ་ཅིང་། ཤེས་བྱ་དེ་དག་ལ་རེ་རེ་བརྗོད་པར་བྱེད་པའི་མིང་གི་རྒྱུ་མཚན་དང་ངེས་ཚིག་སྒྲ་བཤད་སོགས་ལ་རྨོངས་པར་གྱུར་ཚེ། ཤེས་བྱའི་ཟབ་ཁྱད་མོ་གཤམ་གྱི་བུའི་དཔེ་རུ་འགྲོ་བར་མ་ཟད། ཐ་ན་རྒྱུན་མཐོང་གི་བརྡ་ཕལ་པ་ཙམ་ཡང་ཡང་དག་པར་སྦྱོར་བའི་བསྐལ་བ་མེད་པར་འགྱུར་བ་ཡིན་ཏེ། འཕྲིན་ཡིག་ཙམ་འབྲི་བ་ལའང་རྗོད་བྱེད་འཁྲུལ་ཚེ་བརྗོད་བྱའི་དོན་མི་ཡོང་བ་ཤིན་ཏུ་གསལ་ཡང་། དེང་གི་སློབ་མ་ཙམ་མ་ཟད་དགེ་རྒན་ཡང་འདིའི་ཕྱོགས་ལ་དོ་སྣང་དེ་འདྲ་མེད་པ་མངོན་གྱི་འདུག རྗོད་བྱེད་ཀྱི་ཡི་གེའི་དག་ཆ་ལེཌ་པོ་ཞིག་ཡོད་ན་བརྗོད་བྱའི་དོན་ཡང་དག་པར་སྟོན་ཐུབ་ལ། གལ་སྲིད་རྗོད་བྱེད་ཀྱི་ཡི་གེའི་དག་ཆ་ལེགས་པོ་ཞིག་མེད་ན་བརྗོད་བྱའི་དོན་ཡང་དག་པ་ཞིག་སྟོན་མི་ཐུབ་པའི་ཕྱིར་ན་ཡི་གེའི་དག་ཆ་ལེགས་པོ་ཞིག་ཐོན་པ་ནི་ཤིན་ཏུ་གལ་འགངས་ཆེ་བའོ།
དང་པོ། བོད་ཡིག་གི་ཡི་གེའི་དག་ཆ་སྤྱིར་བཤད་པ།
བོད་ཀྱི་སྒྲ་རིག་པའི་གཞུང་ངམ་སྦྱང་དགོས་པའི་གཞུང་གསུམ་ནི་མིང་གི་ཚོགས་ལ་མི་རྨོངས་པར་བྱེད་པ་དག་ཡིག་གི་གཞུང་དང་། ཕྲད་དང་རྣམ་དབྱེ་ལ་མི་རྨོངས་པར་བྱེད་པ་སུམ་ཅུ་པའི་གཞུང་། ཡི་གེ་ཕོ་མོ་མ་ནིང་གི་རྟགས་ཀྱི་དབྱེ་བ་ལ་མི་རྨོངས་པ་རྟགས་འཇུག་པའི་གཞུང་བཅས་ཡིན་ཞིང་། དེ་ཡང་དག་ཡིག་སྦྱོང་དགོས་ཏེ། ཡི་གེ་འབྲི་བར་དག་ཆ་མེད་རྐྱེན་གནའ་ནས་ད་བར་དག་ཆ་ནོར་བའི་སྐོར་ལ་དགོད་བྲོ་བའི་གཏམ་མང་པོ་ཞིག་བྱུང་མྱོང་ཡོད་དེ། དཔེར་ན། ང་ན་ཚྭ་མེད་གཡག་ལྔ་ཀར་ཤི་སོང་། ཞེས་པ་ནི་གཡག་དེད་ནས་ཚྭ་ལེན་པར་འགྲོ་བའི་སྐབས་བྱུང་བར་སྣང་ཞིང་མི་དེས་འབྲི་འདོད་པ་ནི་ངར་ན་ཚ་མེད་འོན་ཀྱང་གཡག་རྔ་མ་དཀར་པོ་དེ་ཤི་སོང་ཞེས་བརྗོད་འདོད་ཀྱང་ན་ཚའི་ཚ་ལ་ཝ་ཟུར་བརྒྱབ་པས་ཚྭ་ལེན་མ་ཐུབ་པ་དང་། རྔ་མའི་རྔ་ལ་ལ་མགོ་བྲིས་པས་ཀློག་པ་པོས་གཡག་ལྔ་པོ་ཤི་བར་བསམས་ནས་སྡུག་བསྔལ་བྱུང་བ་ལྟ་བུའོ། དེས་ན་དག་ཡིག་གི་གཞུང་ལ་སྦྱངས་པ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་ཕྱིར། དབྱངས་ཅན་གྲུབ་པའི་རྡོ་རྗེས། ཚིག་གི་སྒྲ་ཙམ་འདྲ་ན་ཡང་། །དོན་གྱི་ཁྱད་པར་ཤིན་ཏུ་ཆེ། །དེ་ཕྱིར་བརྡ་དག་ལ་བརྟེན་ནས། །མ་ནོར་དོན་རྣམས་འཚོལ་བར་གཅེས། །ཞེས་གསུངས་སོ།
ཇི་སྐད་དུ། ཡི་གེའི་དག་ཆ་མེད་ན་ནི། །དོན་གྱི་དབྱེ་བ་མི་ཆོད་པས། །དེ་ཕྱིར་བརྡ་དག་ལ་བརྟེན་ནས། །མ་ནོར་ལམ་དག་འཚོལ་བ་གཅེས། །ཞེས་གསལ་ཡོད། དེ་ལས་ཡི་གེའི་དག་ཆའི་གལ་འགངས་རང་བཞིན་དང་མ་ཟད་རིག་གནས་གང་ཞིག་ནི་མི་རབས་ཤིག་དང་མི་རབས་ཤིག་གི་མིག་དང་རྟེན་པའི་གཞི་ལྟ་བུ་ཡིན་པས་གལ་ཏེ་རིག་གནས་གང་དེ་ཕྱིར་བརྒྱུད་སྤྲོད་དང་འབྲེལ་འདྲིས་བྱེད་དགོས་ན་ཡི་གེའི་དག་ཆ་ཡང་དག་པ་ཞིག་དགོས་པ་ནི་མེད་དུ་མི་རུང་བ་ཡིན།
གཉིས་པ། དག་ཆ་བེད་སྤྱོད་མི་ཤེས་པའི་སྐྱོན་བཤད་པ།
༡ ལུང་སྐད་དང་ཡུལ་སྐད་མང་བའི་སྐྱོན།
དེ་ཡང་སྤྱི་ཚོགས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཆ་འཕྲིན་ཅན་གྱི་དུས་རབས་འདིར། ཤེས་བྱ་གསར་པ་དང་ཚན་རྩལ་གསར་བ་སོགས་སྤྱི་ཚོགས་ཤེས་རིག་གི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་། བྱ་དངོས་གསར་པ་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་ཇི་བཞིན་ཇེ་མང་དུ་སོང་བ་དང་བསྟུན་ནས། མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་བྱ་དངོས་དེ་དག་དང་འབྲེལ་བའི་ཐ་སྙད་གསར་བའང་རིམ་བཞིན་ཇེ་མང་དུ་འགྲོ་གི་ཡོད། དེ་ཡང་བོད་སྐད་ལ་ལུང་སྐད་དང་ཡུལ་སྐད་ཀྱི་ཁྱད་པར་ཅུང་ཆེ་བས། རྗེ་བཙུན་ས་སྐྱ་བསོད་ནམས་རྩེ་མོས། གང་གི་ཡི་གེའི་བྱེ་བྲག་དང་། །དབྱེ་བསྡུ་འབྱུང་གནས་མི་ཤེས་པར། །སྒྲ་ཀློག་བརྗོད་པ་མཁས་མ་ཡིན། །དོན་ཀྱང་རྣམ་པར་འཁྲུལ་པར་འགྱུར། །ཞེས་གསུངས་པ་ཇི་བཞིན་མཁས་པའི་ལམ་དུ་བཞུགས་སྤྲོ་བའི་སྐྱེ་བོ་རྣམས་ཀྱིས། ཐོག་མར་ཡི་གེའི་དག་ཆའི་སྦྱོང་སྤྱོད་ལེགས་པར་བྱ་དགོས་ཏེ། དེ་ལས་ལྡོག་པར་དེ་འདྲའི་སྒྲ་འདྲ་ཙམ་གྱི་བརྫུས་ནས་དོན་ལ་གོ་བ་མི་ལེན་པར་གཞུང་ལུགས་དག་ལ་ཞུགས་ན་སྐྱོན་ཆེ་བར་སྣང་སྟེ། དཔེར་ན། རྒྱལ་པོ་ཞེས་པའི་དབུས་སྐད་དང་གཙང་སྐད་མི་འདྲ་བ་དང་། བོད་ལྗོངས་དང་བུ་ཕྲུག་སོགས་ཀྱི་དབུས་གཙང་སྐད་དང་ཨམ་སྐད་མི་འདྲ་བ། དེ་བཞིན་སྐྱིད་པོ་ཞེས་པའི་དབུས་སྐད་དང་ཁམས་སྐད་མི་འདྲ་བ་སོགས་ཡུལ་སྐད་ཀྱིས་རྐྱེན་པས། གོ་འཛོལ་དུ་སོང་ནས་ཡི་གེའི་དག་ཆར་འཁྲུལ་གཞི་མང་དག་ཐོན་བཞིན་མཆིས། དེ་ཡང་ས་པན་མཆོག་གིས། བས་འཕུལ་གཞན་ཡང་དེ་ལ་སོགས། །བརྟགས་ན་ཤིན་ཏུ་མི་འདྲ་བས། །འཁྲུལ་པ་འབྱུང་བ་མི་སྲིད་ཀྱང་། །འདྲའོ་སྙམ་ནས་ནོར་བས་བྲིས། །ཀློག་མཁན་རྣམས་ཀྱིས་ནོར་བས་ཀློག །རྟོག་དཔྱོད་མཁན་པོས་ལོག་པར་གོ །དེ་ནས་དོན་རྣམས་འཆུགས་པར་སྲིད། །ཅེས་གསུངས།
མདོར་ན། སུམ་ཅུ་པའི་རྩ་གཞུང་ལས། བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོ་ང་རོ་རྣམས་ལ་སྦྱངས། །སྔོན་འཇུག་རྗེས་འཇུག་མིང་གཞི་གསུམ། །ཀློག་གི་ཆེད་དུ་བསླབ་པ་ཡིན། །ཞེས་རྩ་ཚིག་ལས་བསྟན་པ་ལྟར་རང་ཅག་ལས་དང་པོ་བ་ཚོའི་སྐད་ཡིག་སློབ་སྦྱོང་གི་རྨང་གཞིའི་རྩ་བ་ནི་ཀློག་དག་པ་དགོས་པ་ཡིན། དེས་ན་སྦྱོར་ཀློག་དང་བསྡུས་ཀློག་མཐར་ཕྱིན་པ་རྟོགས་པའི་ཚད་ལ་སླེབས་ཐུབ་པ་བྱ་དགོས།
༢ དུས་གསུམ་གྱི་ཁྱད་པར་འཛོལ་བའི་སྐྱོན།
ལོ་རིམ་བརྒྱད་པའི་སྟོད་ཆའི་ནང་གི《བསམ་པ་དང་སྦྱོར་བ》ཞེས་པའི་རྩོམ་ཡིག་ཏུ། ‘དེ་ལྟར་བྱས་པའི་དབང་གིས་ངེས་སྲོལ་ལ་བརྟེན་ནས་རྩིས་གཞི་འདི་བརྩི་ཐུབ་ནའང་’ཞེས་འཁོད་པའི་‘བརྩིས་ཐུབ་ན་’ཞེས་པ་འདས་ཚིག་མི་སྦྱོར་བར་བརྩི་ཐུབ་ན་ཞེས་པ་མ་འོངས་པ་སྟོན་པའི་དོན་ལ་འཇུག་པ་ཡིན་པས་འདིར་འདས་ཚིག་སྦྱར་བས་མི་འཚམ་མོ། ཡང་སློབ་ཚན་དེ་ཉིད་ཀྱི‘དེ་ལག་ལེན་དངོས་ལ་སྦྱོར་ན་གྲུབ་འབྲས་ཐོན་ངེས་ཡིན་ནོ’ཞེས་པའི‘སྦྱོར་ན’ཞེས་པ‘སྦྱར་ན’ཞེས་འབྲི་དགོས་པ་ཡིན་ཏེ། བྱ་བ་སྟོན་པའི་ཚིག་ལ་ཡང་དུས་གསུམ་གྱི་ཁྱད་པར་ཡོད་དེ། དུས་གསུམ་གྱི་ཁྱད་པར་ནི་བྱ་ཚིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པ་དང་། བརྡ་སྤྲོད་ཀྱི་ཤེས་བྱའི་གནད་ཅིག་ཀྱང་ཡིན། བྱེད་པའི་ཐབས་དམ་པ་ཞིག་ཡིན་ཞེས་གསུངས། བོད་ཀྱི་མིང་དང་ཚིག་གི་སྦྱོར་བ་ཐམས་ཅད་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ནི་སྦྱོར་ཀློག་ཅན་གྱི་ཡི་གེའི་སྒྲ་ལས་བྱུང་བའི་ཕྱིར་ན། མིང་ཚིག་བརྗོད་པ་ཀུན་གྱི་གཞི། ཡི་གེའི་སྦྱོར་བ་བཤད་པར་བྱ། ། ཞེས་གསུངས་པས་མིང་ཚིག་བརྗོད་པ་ཐམས་ཅད་ཀྱི་རྩ་བ་ནི་ཡི་གེའི་སྦྱོར་བ་ལ་ཐུག་པར་བསྟན་པ་དང་། ཡི་གེ་རྣམས་ཅི་ཕྱིར་འཇུག་པ་བྱེད་ཅེ་ན། ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། ། མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །ཅེས་གསུངས། བརྡ་སྤྲོད་སྨྲ་བ་དཔའ་རིས་སངས་རྒྱས་ཀྱིས། ཡི་གེ་སྒྲ་ལ་བརྟེན་ནས་འབྱུང་བ་ཡིན་པས། ཡི་གེ་དག་དགོས་ན། ཐོག་མར་སྒྲ་དག་དགོས་ཞེས་གསུངས་པ་ལྟར་ཡིན་ཏེ་དཔེར་ན། ཞྭ་མོ། ཤ་མོ། བྱ་མོ་གསུམ་གྱི་སྒྲའི་ཟུར་མ་ཐོན་ན། ཉན་པ་པོར་གོ་ལོག་འབྱུང་སྲིད་དོ། ཞེས་དང་། རྔོག་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་དག་ཡིག་ཉེར་མཁོ་བསྡུས་པ་ཞེས་པ་ལས། འདྲའོ་སྙམ་ནས་ནོར་བར་བྲིས། ཞེས་གསུངས་པས་སྒྲ་དག་དགོས་པ་ནི་ཤིན་ཏུ་གལ་ཆེ་བའོ། །
(ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་བོད་ཡིག་སློབ་དཔྱོད་ཁང་། ཟླ་མཆོག)