ཁ་རྒྱུན་དུ་མི་ལ་སྐྱོན་མེད་པ་དང་ཤིང་ལ་འཛེར་པ་མེད་པའི་དཔེ་ལྟར་སློབ་མ་ཞིག་ཕུལ་བྱུང་ཇི་ལྟར་ཡིན་ནའང་ཁོ་ཚོར་སྔར་བཞིན་ཉེས་སྐྱོན་མི་ཉུང་བ་ཞིག་ཐོན་སྲིད་པས། ཕུལ་བྱུང་སློབ་མའི་སློབ་གསོའི་དོ་དམ་ཐད་དགེ་རྒན་སྤྱི་དང་ལྷག་པར་དུ་འཛིན་བདག་ཕྱོགས་ནས་ཞིབ་འཇུག་བྱེད་རིན་ཆོག་པའི་གནད་དོན་ཞིག་ཏུ་སེམས།
དང་པོ། ཕུལ་བྱུང་སློབ་མའི་སེམས་ཁམས་ཀྱི་ཁྱད་ཆོས།
༡ སེམས་ཁམས་འགྱུར་སླ་བ།
ཕུལ་བྱུང་སློབ་མའི་བློ་རིག་དང་སྦྱངས་འབྲས། དེ་བཞིན་ཕྱོགས་མང་པོའི་ཐད་ཀྱི་མངོན་ཚུལ་སོགས་སྤྱིར་བཏང་གི་སློབ་མ་ལས་ལེགས་པའི་སྣང་བ་ཡོང་གི་ཡོད། ཕུལ་བྱུང་སློབ་མ་མང་དག་ཅིག་གིས་བྱ་བ་གང་ཞིག་བསྒྲུབས་ནའང་རང་ཉིད་དང་སློབ་མ་གཞན་ཕན་ཚུན་བསྡུར་བར་དགའ་བ་དང་། སློབ་མ་གཞན་རང་ལས་ཕུལ་དུ་བྱུང་ན་མི་དགའ་བ། སློབ་མ་གཞན་གྱིས་རང་ལས་རྒྱལ་བར་དོགས་ནས་ཞེད་སྣང་བྱེད་པ། བདག་འཛིན་ཆེ་ཞིང་སྦྱངས་འབྲས་ཀྱི་ཨང་རིམ་མཐོ་དམའ་དེ་ལེགས་གྲུབ་དང་ཕམ་ཉེས་ཀྱི་གཞི་འཛིན་སར་བྱེད་པ། ཡིག་ཚད་ཀྱི་སྐར་གྲངས་མཐོ་པོ་ལེན་མི་ཐུབ་ཚེ་སློབ་སྦྱོང་དང་འཚོ་བར་ཡིད་ཆེས་དང་དང་དོད་མེད་པར་འགྱུར་བ་མ་ཟད་ཐ་ན་རང་གི་འཇོན་ནུས་ཁས་མི་ལེན་ཞིང་འཚབ་འཚུབ་དང་། སེམས་ཁྲལ། དངངས་སྐྲག་སོགས་བྱེད་ཀྱི་ཡོད། གཞན་ཡང་ཕུལ་བྱུང་སློབ་མས་མི་གཞན་གྱིས་རང་གི་བྱ་སྤྱོད་ལ་གདེང་འཇོག་བྱ་རྒྱུར་སྣང་བ་ཆེན་པོ་གཏོང་བ་དང་། ཐོབ་ཤོར་ལ་རྩིས་ཆེ་ཞིང་སེམས་ཁྲལ་གྱི་བསམ་ཚུལ་བྱུང་སླ་བས་གལ་ཏེ་ཕམ་ཉེས་ཐེངས་གཅིག་བྱུང་ཚེ་ཁོ་ཚོས་རྒྱུན་དུ་ཧ་ཅང་ཁོང་ཁྲོ་ལངས་པའི་རྣམ་འགྱུར་བསྟན་སྲིད།
༢ ཕྲག་དོག་ཆེ་བ།
ཕུལ་བྱུང་སློབ་མ་ནི་ཁྱིམ་བདག་དང་དགེ་རྒན་གྱི་གཟི་བརྗིད་དང་སྤོབས་པ་ཡིན་ལ་ཡིད་ཆེས་དང་། བསྟོད་བསྔགས། དོ་སྣང་བྱེད་ཡུལ་སོགས་ཀྱང་ཡིན་པས་དེ་ལྟར་དུས་ཚོད་རིང་པོ་སོང་རྗེས་ཁོ་ཚོ་རིམ་བཞིན་བསྟོད་བསྔགས་ལ་དགའ་ཞིང་གཏམ་དོད་ཚ་བ་དང་རང་ཉིད་ཀྱིས་གང་བྱས་ཐམས་ཅད་འགྲིག་པར་སྙམ་པ་ལས་གཞན་གྱི་སྐྱོན་བརྗོད་དང་ལེན་བྱེད་དཀའ་བ། ང་ཞིག་མིན་ན་སུ་ཞིག་ཡིན་སྙམ་པ་ལས་རང་སྐྱོན་རང་གིས་མཐོང་མི་ཐུབ་ཅིང་རང་གིས་རང་ལ་རྨོངས་ཚོད་ཀྱིས་ཡིད་ཆེས་ཆེ་ཞིང་རྒྱུན་དུ་རང་ལ་གདེང་ཚོད་ཆེན་པོ་བྱེད་པ་སོགས་འཛིན་གྲྭའི་ནང་གི་སློབ་མ་གཞན་རང་ལས་རྒྱལ་སྐབས་དེར་མི་དགའ་བའམ་འཁོན་འཛིན་བྱེད་པ་སོགས་མདོར་ན་ཕུལ་བྱུང་སློབ་མའི་ཚོགས་པའི་ནང་དུ་སེམས་འཛིན་གྱི་རྣམ་པ་མངོན་གསལ་དོད་ཅིང་དེ་ཡིས་རྐྱེན་པས་མི་གཞན་ལ་སུན་སྣང་དང་ཁོང་ཁྲོ་བྱེད་པ་མ་ཟད་ཐ་ན་དགྲ་མཐོང་མཐོང་བྱེད་པ་སོགས་ཕྲག་དོག་ཆེ་བའོ།
༣ ཐེག་པ་ཆུང་བ།
ཁྱིམ་ཚང་དང་སློབ་གྲྭ་སོགས་གནས་གང་དུ་ཡིན་རུང་སྦྱངས་འབྲས་ལེགས་པའི་སློབ་མ་ནི་སྲུང་སྐྱོབ་དང་ལྟ་སྐྱོང་བྱེད་སའི་དམིགས་བསལ་གྱི་ཁ་གཏད་ཅིག་ཡིན་ཞིང་། གཅེས་ཐལ་དང་ཐུགས་ཁུར་བྱེད་ཐལ་དུ་ཤོར་བ་དེས་ཁོ་ཚོའི་སྙིང་སྟོབས་དང་སྡུག་རུས་ཀྱི་ཁོར་ཡུག་གམ་གོ་སྐབས་བཟང་པོ་དེ་བཙན་འཕྲོག་བྱས་ཡོད། ཁོར་ཡུག་འདི་འདྲ་ཞིག་གི་འོག་ཏུ་འཚར་ལོངས་བྱུང་བའི་སློབ་མ་ཞིག་ལ་མཚོན་ན་རྒྱུན་གཏན་གྱི་འཚོ་བའི་ནང་བཀའ་བཀྱོན་ཐེག་མི་ཐུབ་ལ། སྐབས་རེ་དཀའ་ངལ་དང་ཕམ་ཉེས་ལ་བཟོད་མི་ཐུབ་ཅིང་གློ་བུར་དུ་འཕྲད་པའི་གེགས་བར་སོགས་ཀྱི་མདུན་དུ་བློ་ཕམ་ཡིད་ཆད་བྱེད་པ་དང་མཛེས་སྡུག་ལྡན་པའི་འཚོ་བ་དེ་ཡང་སྙིང་པོ་མེད་པར་ལྟ་བའི་བློ་ངན་འཆར་སྲིད། ཕུལ་བྱུང་གི་སློབ་མ་འགའ་ཞིག་ཕམ་ཁ་ཁས་ལེན་མི་ཕོད་ཅིང་། གནད་དོན་ལ་གདོང་གཏད་མི་ནུས་པའི་ཉམས་ཆུང་ནུས་མེད་ཅིག་ཏུ་འགྱུར་བ་མ་ཟད། ཁོ་ཚོའི་སེམས་ཀྱི་བཟོད་སྒོམ་དང་ཐེག་པ་སྤྱིར་བཏང་གི་སློབ་མ་ཞིག་ལས་དམན་ཞིང་ལྷག་པར་དུ་ཁོ་ཚོའི་སྦྱངས་འབྲས་ཞན་དུ་འགྲོ་སྐབས། རང་བརྩིའི་སེམས་པ་ཉམས་ནས་ཐོག་མར་རང་གིས་རང་ལ་ཡིད་ཆེས་བྱེད་པ་དང་རང་གིས་རང་ལ་གདེང་འཇོག་བྱེད་པའི་སེམས་པ་ཡོད་ཚད། རང་གིས་རང་ལ་དོགས་པ་དང་རང་གིས་རང་ལ་ཁོང་ཁྲོ་བྱེད་པའི་ཕྱི་རྫིག་ནང་སྟོང་གི་བོང་བུའི་ཨོང་རིལ་ལྟ་བུ་ཞིག་ཏུ་འགྱུར་གྱི་ཡོད།
གཉིས་པ། ཕུལ་བྱུང་སློབ་མའི་དོ་དམ་སློབ་གསོའི་བྱ་ཐབས་ལ་ཤུགས་སྣོན་རྒྱག་དགོས།
༡ ཁྱོན་ཡོངས་དང་རྩོད་སྒྲུབ་ཀྱི་སྒོ་ནས་སྦྱངས་འབྲས་ལེགས་པའི་སློབ་མར་ལྟ་དགོས།
དོན་དངོས་སློབ་གསོའི་ལས་དོན་ཁྲོད་ང་ཚོའི་སེམས་སུ་ཕུལ་བྱུང་སློབ་མ་ནི་བསམ་བློའི་རྨང་གཞི་ལེགས་པ་དང་སློབ་སྦྱོང་ལ་སྙིང་རུས་ཆེ་ཞིང་ཡར་ཐོན་གྱི་བསམ་པ་ལྡན་པ་མ་ཟད། དགེ་རྒན་ལ་བརྩི་བཀུར་དང་སློབ་གྲོགས་ལ་མཐུན་སྒྲིལ། བྱ་དངོས་གསར་པ་དང་ལེན་བྱེད་མགྱོགས་ཤིང་སྒྲིག་འཛུགས་སྒྲིག་ལམ་གྱི་འདུ་ཤེས་ལྡན་པ། དེ་བཞིན་སློབ་སྦྱོང་དང་ལས་ཀའི་ཁྲོད་འགོ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་ལྡན་པ་སོགས་ཀྱི་བཟང་ཕྱོགས་ལ་སྣང་འཇོག་བྱེད་པ་ཤས་ཆེ། ཡིན་ནའང་ཕུལ་བྱུང་སློབ་མ་དང་སྤྱིར་བཏང་སློབ་མའི་དབར་གནས་ས་མི་གཅིག་པ་དང་བསམ་བློའི་ངོས་འཛིན་དང་ཕུགས་བསམ་མི་འདྲ་བའི་རྐྱེན་གྱིས་ཁོ་ཚོར་ཡང་གཞན་དང་མི་འདྲ་བའི་ཁྱད་ཆོས་དམིགས་སུ་བཀར་བ་ཞིག་ལྡན་ཡོད། དེར་བརྟེན་དོ་དམ་ཐད་ལའང་ངེས་པར་དུ་ར་མགོ་ལུག་མགོ་མེད་པར་བྲེ་གང་ཞེས་པའི་དཔེ་ལྟར་མ་ཡིན་པར་དམིགས་བསལ་རང་བཞིན་གྱི་བྱ་ཐབས་སྤེལ་དགོས།
འགྱུར་སླ་བའི་སློབ་མ་དེ་དག་ནི་བསམ་བློའི་རྨང་གཞི་བརྟན་པོ་མེད་ཅིང་ཁོ་ཚོས་རྒྱུ་མཚན་ངེས་གཏན་ཞིག་དང་དམིགས་ཡུལ་ངེས་གཏན་ཞིག་ལ་བརྟེན་ནས་ཡར་ཐོན་གྱི་སེམས་པ་ཞིག་བཙུགས་ཡོད་ནའང་གལ་ཏེ་གློ་བུར་དུ་གེགས་བར་ཅུང་ཟད་ཅིག་ཕྲད་དེ་རང་གི་དམིགས་རེ་ཡོད་ཚད་ཐལ་བའི་རྡུལ་དུ་གྱུར་ཚེ། ཁོ་ཚོའི་སེམས་ལ་ལམ་སེང་འཕོ་འགྱུར་བྱུང་སྟེ་ཁ་ཕྱོགས་འཛོལ་ནས་བྱ་སྤུ་རླུང་འཁྱེར་ལྟ་བུར་འགྱུར་ཡང་སྲིད། དེར་བརྟེན་གཏན་འཇགས་རང་བཞིན་གྱི་སློབ་མའི་དོ་དམ་སློབ་གསོར་དགེ་རྒན་གྱིས་མཛུབ་སྟོན་སྣེ་ཁྲིད་བྱས་ཏེ་ཡངས་ཤིང་རྒྱ་ཆེ་བའི་ཕུགས་བསམ་ཕྱོགས་སུ་ཁ་ལོ་བཅུན་དགོས་པ་མ་ཟད། བསམ་བློའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་དགོས། དེ་བཞིན་འགྱུར་སླ་བའི་ཕུལ་བྱུང་སློབ་མར་ཕྱོགས་གང་ཞིག་ལ་སྒྱུར་བཅོས་དང་ཕྱོགས་གང་ཐད་ནས་ཧུར་བརྩོན་བྱ་དགོས་པའི་སྐུལ་སློང་དང་། དྲན་སྐུལ། དོ་དམ་བཅས་བྱས་ཏེ་ཁོ་ཚོ་ལྐུགས་པ་ཨུ་ཚུགས་ཀྱི་རྭ་དོང་ནས་འདོན་ཐབས་བྱ་དགོས་ལ། ཁོ་ཚོ་བློ་སེམས་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་དགེ་རྒན་གྱིས་ཡིད་ཐང་མ་ཆད་པར་མཛུབ་མོས་རི་སྟོན་བྱ་དགོས། དོ་དམ་སློབ་གསོའི་ཁྲོད་དུ་ལས་ཀའི་ཐབས་ཤེས་ལ་ཞིབ་འཇུག་བྱེད་དགོས་ཤིང་བསྟོད་བསྔགས་དང་སྐྱོན་བརྗོད་གང་ཡིན་ཚང་མ་འོས་ཤིང་འཚམ་པ་དགོས་ལ་ངང་རྒྱུད་རིང་པོའི་སློབ་གསོ་རྒྱག་དགོས་པ་ལས། མཚན་ཐོག་གཅིག་ལ་སྐད་གྲགས་ཆོད་པའི་སྟོང་བསམ་དེ་འཆང་རྒྱུ་མེད། དོ་དམ་སློབ་གསོའི་བརྒྱུད་རིམ་ནང་དྲང་པོ་དྲང་གཞག་དང་། བདེན་པ་བདེན་ཐུབ། གོམ་པ་རིམ་བགྲོད་བཅས་ཀྱིས་གོང་མཐོར་གཏོང་དགོས་པ་ལས་རེ་བ་ཐལ་མ་དྲགས་པར་ཁོ་ཚོའི་འཚར་ལོངས་ལ་མི་དམན་པའི་ཆ་རྐྱེན་དང་ཁོར་ཡུག་ཅིག་བསྐྲུན་དགོས།
༢ དོ་དམ་སློབ་གསོའི་ཁྲོད་ཀྱི་དོ་ནན་དང་བརྩེ་བ་གཉིས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས།
ཁ་རྒྱུན་དུ་ཇ་དང་དགེ་རྒན་ཚ་ན་དགའ་ཞེས་པའི་དཔེ་ལྟར་དུས་རྒྱུན་དུ་ཁྱིམ་བདག་དང་དགེ་རྒན་ཚོས་སློབ་མར་ནན་པོ་བྱེད་པ་ནི་བརྩེ་བ་ཡིན་པ་དང་ལྷོད་གཡེང་གཏོང་བ་ནི་གནོད་འཚེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་ཕུལ་བྱུང་སློབ་མའི་དོ་དམ་སློབ་གསོའི་ཁྲོད་ལུགས་དང་མཐུན་པའི་དོ་ནན་བྱེད་དགོས་ལ་ལྷག་བསམ་རྣམ་དག་གི་བརྩེ་བའང་འཆང་དགོས། དེ་ཡང་བརྩེ་བ་འཆང་སྐབས་ནན་པོ་འདོར་མི་རུང་བ་དང་ནན་པོ་བྱེད་སྐབས་བརྩེ་བའི་རྨང་གཞི་དང་ཁ་འབྲལ་མི་རུང་། ཁོ་ཚོར་སེམས་ཁུར་རོགས་རམ་བྱེད་སྐབས་སྐྱོན་བརྗོད་ལ་ལྷོད་གཡེང་བྱེད་རྒྱུ་མེད་པ་དང་བསྟོད་བསྔགས་གཏོང་སྐབས་སྐྱོན་བརྗོད་བྱེད་རྒྱུ་མ་བརྗེད་པ་བྱེད་དགོས། ཁོ་ཚོར་རེ་བ་ནན་པོ་འདོན་དགོས་ལ་དོ་དམ་སློབ་གསོར་དེ་བས་ཤུགས་སྣོན་རྒྱག་དགོས་ནའང་ཁོ་ཚོའི་སེམས་ཁམས་ཀྱིས་བཟོད་མི་ཐུབ་པའི་རེ་བ་དང་ཐལ་དྲགས་པའི་ནན་པོ་བྱེད་རྒྱུ་མེད་ཅིང་། སྐྱོན་ཆ་ཡོད་ན་ཐད་ ཀར་སྐྱོན་བརྗོད་བྱེད་དགོས་པ་ལས་ཁོ་ཚོའི་སེམས་ལ་ཕོག་དོགས་ཀྱིས་ནོར་འཁྲུལ་སྦས་སྐུངས་བྱེད་མི་རུང་། རང་སྐྱོན་ངོས་ལེན་བྱ་རྒྱུ་ནི་སློབ་མ་ཞིག་ལ་མཚོན་ན་ལམ་དོག་ལྟ་བུ་ཞིག་ཡིན་པས་ཁོ་ཚོ་རྙོག་འཛིང་གི་སྤྱི་ཚོགས་འཚོ་བའི་ཁྲོད་འཚོ་གནས་ཡག་པོ་ཞིག་ཐུབ་མིན་གྱི་འགག་རྩ་ཞིག་ཀྱང་ཡིན། མདོར་ན་དོ་ནན་གྱི་ཁྲོད་དུ་བརྩེ་བ་དགོས་ལ་བརྩེ་བའི་བར་གསེང་ན་ངེས་པར་དུ་དོ་ནན་ཡོད་དགོས།
༣ ཕུལ་བྱུང་སློབ་མས་མཉམ་འགུལ་བྱེད་སྒོ་གཉིས་ལེགས་པོ་སྤེལ་བར་མཛུབ་སྟོན་བྱེད་དགོས།
མཉམ་འགུལ་བྱེད་སྒོ་གཉིས་ཞེས་པ་ནི་འཛིན་གྲྭའི་དོ་དམ་པས་སྔོན་ཐོན་སློབ་མས་སྔོན་ཐོན་སློབ་མར་རོགས་རམ་བྱེད་པ་དང་སྔོན་ཐོན་སློབ་མས་རྗེས་ལུས་སློབ་མར་རོགས་རམ་བྱེད་པའི་བྱེད་སྒོ་སྤེལ་བ་ལ་ཟེར། སྔོན་ཐོན་པས་སྔོན་ཐོན་པར་རོགས་རམ་བྱས་ན་སྔོན་ཐོན་སློབ་མ་ཕན་ཚུན་རོགས་རམ་དང་ཕན་ཚུན་སློབ་སྦྱོང་། ཕན་ཚུན་སྐུལ་འདེད། སྐྱོན་སྤངས་དགེ་སྒྲུབ་ཀྱི་ཕན་ནུས་ལྡན་པ་མ་ཟད། ཕན་ཚུན་མཐུན་སྒྲིལ་དམ་ཟབ་བྱུང་སྟེ་སྔོན་ཐོན་གྱི་ཚོགས་པའི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ་ཡོང་ཐུབ། སྔོན་ཐོན་པ་དང་རྗེས་ལུས་པ་ཕན་ཚུན་མཉམ་འགུལ་བྱས་ཚེ། སྔོན་ཐོན་དང་རྗེས་ལུས་དབར་གྱི་བར་ཁྱད་ཆུང་དུ་གཏོང་ཐུབ་ཅིང་། དེའི་བརྒྱུད་རིམ་ཁྲོད་དུ་སྔོན་ཐོན་སློབ་མས་རྗེས་ལུས་སློབ་མར་རྒྱུན་ཆད་མེད་པར་ཤེས་བྱ་དང་ཐབས་བཟང་བརྒྱུད་སྤྲོད་བྱེད་པ་མ་ཟད། རྗེས་ལུས་སློབ་མའི་སྒྱུར་བཅོས་ལས་ཀ་ལེགས་པར་སྒྲུབ་ཐུབ་ཅིང་སློབ་མ་དེ་བས་མང་བ་མཉམ་དུ་ཡར་རྒྱས་འགྲོ་ཐུབ་ལ། རིམ་བཞིན་སྔོན་ཐོན་སློབ་མ་རང་ཉིད་ཀྱི་རིན་ཐང་དང་སྤྲོ་སྣང་ཤེས་པ་དང་ཆབས་ཅིག་རང་གི་མི་འདེང་བའི་ཆ་རྣམས་གསལ་པོར་ཤེས་ནས་རང་གིས་རང་ལ་དེ་བས་རྒྱུས་མངའ་གསལ་པོ་ཞིག་ལོན་ཐུབ།
(བོད་ལྗོངས་ལྷོ་ཁ་ལྷུན་རྩེ་རྫོང་སློབ་འབྲིང་གི་དགེ་མིང་འཛིན་པ་ཉི་མ་སྤེན་པ་ནས)