འཇིག་རྟེན་ཐོག་གི་བྱ་བ་ཅི་ཞིག་བསྒྲུབ་དགོས་ཀྱང་བྱ་བ་དེ་སྒྲུབ་ཤེས་པའི་ཐོག་དེ་བས་ཀྱང་གལ་ཆེ་བ་ཞིག་ནི་བྱ་བ་གང་དེ་བསྒྲུབ་པའི་བསམ་བློའི་ཀུན་སློང་ལེགས་པོ་ཞིག་ཡོད་དགོས་པས་རང་རེ་མིའི་རིགས་ཀྱི་བློ་མིག་གསལ་འབྱེད་ཀྱི་བྱེད་པོ་དགེ་བའི་བཤེས་གཉེན་ཚོ་ནི་དེ་བས་ཀྱང་རང་གི་འགན་བབ་ལས་ཀའི་ཐོག་འཆང་བའི་བསམ་བློའི་ཀུན་སློང་ལེགས་པོ་ཞིག་ཡོད་དགོས་པའི་བླང་བྱར་ངེས་པར་དུ་དོ་སྣང་བྱེད་དགོས་ཀྱི་ཡོད་པས་དེར་བརྟེན་ཁོ་བོས་འདིར་དགེ་རྒན་གྱི་སློབ་ཁྲིད་བྱང་ཚད་དང་བསམ་བློའི་ཀུན་སློང་གི་འབྲེལ་བ་གལ་ཆེན་པོ་ཡིན་པའི་སྐོར་དང་ཞར་བྱུང་ཀུན་སྤྱོད་བཟང་ཞན་གྱིས་སློབ་མར་ཤུགས་རྐྱེན་ཇི་ཐེབས་སྐོར་རང་གི་ལྟ་ཚུལ་ཅུང་ཟད་གླེང་རྒྱུ་ཡིན།
གཅིག དགེ་རྒན་གྱི་སློབ་ཁྲིད་བྱང་ཚད་ཁོ་ནས་སློབ་མ་སྐྱོང་བར་ནུས་པ་ལེགས་པོ་ཐོན་གྱི་ཡོད་དམ།
བདག་ཉིད་སློབ་ཆུང་དགེ་རྒན་བྱས་ཏེ་གང་ཙམ་སོང་བ་ཞིག་ཡིན་ཞིང་། རྟག་ཏུ་འགན་བབ་ལས་ཀར་བསམ་བློ་གཏོང་སྐབས་དགེ་རྒན་གྱི་སློབ་ཁྲིད་བྱང་ཚད་ཁོ་ནས་སློབ་མ་སྐྱོང་བར་ནུས་པ་ལེགས་པོ་ཞིག་ཐོན་མི་ཐུབ་པའི་མྱོང་ཚོར་ཡོང་གི་འདུག་ཅིང་། རྒྱུ་མཚན་ནི་རང་གི་ཁོར་ཡུག་གི་དགེ་རྒན་ཁག་གཅིག་དངོས་འབྲེལ་སློབ་ཁྲིད་ཤེས་བྱ་གཏིང་ཟབ་པ་དང་། བྱ་དངོས་སྒྲུབ་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་སོགས་སློབ་ཁྲིད་ཀྱི་ཆ་རྐྱེན་ངེས་ཅན་ཞིག་ལྡན་ཡོད་རུང་ཁོང་རྣམ་པས་འགན་འཁུར་བའི་སློབ་མའི་སྦྱངས་འབྲས་དེ་ཙམ་མི་ལེགས་པའི་གནས་ཚུལ་ཐོན་གྱི་ཡོད་པས་དེའི་ཐོག་ནས་བྱང་ཚད་ལྡན་པའི་དགེ་རྒན་གྱི་སློབ་ཁྲིད་ནུས་པ་ལེགས་པོ་མི་ཐོན་པར་བསམ་གཞིགས་བསྐྱར་མ་བྱེད་དགོས་པར་གྱུར་ཡོད། དགེ་རྒན་གྱི་སློབ་ཁྲིད་བྱང་ཚད་མཐོ་ཡང་སློབ་མའི་སྦྱངས་འབྲས་དམིགས་བསལ་ལེགས་པ་ཞིག་མེད་པ་མ་ཟད། དེ་ལས་ལྡོག་སྟེ་སློབ་ཁྲིད་བྱང་ཚད་དེ་ཙམ་མི་མཐོ་བའི་དགེ་རྒན་གྱི་འཛིན་གྲྭའི་སློབ་ཕྲུག་ལས་ཀྱང་སྦྱངས་འབྲས་ཞན་པའི་སྣང་ཚུལ་ཡང་མཐོང་རྒྱུ་ཡོད་པས་དེར་ཁོ་བོས་བརྟག་སྐབས་མ་གཞི་སློབ་ཕྲུག་གི་སྦྱངས་འབྲས་དེ་དགེ་རྒན་ཁོ་ནར་རག་ལུས་པ་ཞིག་མིན་པར་སློབ་ཕྲུག་གི་རིག་སྟོབས་དང་ཁྱིམ་ཚང་སློབ་གསོའི་མཐུན་རྐྱེན་སོགས་ཕྱོགས་གང་སར་འབྲེལ་བ་ཡོད་པ་ཞིག་ཡིན་མོད། འོན་ཏེ་བྱང་ཚད་མཐོ་བའི་དགེ་རྒན་གྱི་འཛིན་གྲྭའི་སློབ་ཕྲུག་གི་སྦྱངས་འབྲས་ཞན་པོར་འགྱུར་བའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ནི་དགེ་རྒན་གྱི་བསམ་བློའི་ཀུན་སློང་དེ་ཙམ་ལེགས་པོ་མེད་པ་དེ་དང་འབྲེལ་བ་ངེས་ཅན་ཡོད་པ་སྨོས་མི་དགོས་པ་ཞིག་ཡིན། དེ་ཡང་མིག་སྔའི་ལོ་ཤས་ནང་རང་ལྗོངས་ཀྱི་སློབ་གྲྭ་ཁག་ཏུ་དགེ་རྒན་ཚོར་འགན་འཁྲིའི་ལམ་ལུགས་རང་བཞིན་གྱི་སློབ་ཁྲིད་ལམ་ལུགས་ལག་བསྟར་བྱེད་པ་དེའང་དགེ་རྒན་གྱི་བསམ་བློའི་ཀུན་སློང་ལ་ཤུགས་སྣོན་རྒྱག་པ་དང་སྐུལ་འདེད་གཏོང་བ་ཞིག་ཡིན། འོ་ན། བསམ་བློའི་ཀུན་སློང་གང་ཞིག་ལྡན་ཚེ་དགེ་རྒན་གྱི་བྱང་ཚད་མངོན་ཐུབ་པ་དང་། བསམ་བློའི་ཀུན་སློང་གང་ཞིག་མ་ལྡན་ཕྱིར་བྱང་ཚད་མངོན་མི་ཐུབ་པར་འགྱུར་རམ་ཞེ་ན། དེའང་དགེ་རྒན་ཞིག་ལ་ལྷག་བསམ་རྣམ་དག་གིས་མི་རབས་རྗེས་མ་སྐྱོང་བའི་བསམ་བློ་དང་། མི་རབས་རྗེས་མ་སྐྱོང་བའི་ལས་གནས་འདི་སྤྱིར་བཏང་མིན་པའི་ལས་གནས་བཟང་པོ་ཞིག་ཡིན་སྙམ་དགོས་ཤིང། རང་ཉིད་ཀྱི་ཤེས་ཚད་ཡོད་རྒུ་བཏོན་ནས་གནོང་འགྱོད་མེད་པའི་མི་དམངས་ཀྱི་དགེ་རྒན་ཞིག་བྱེད་སྙམ་པའི་ཀུན་སློང་ལྡན་དགོས། དེ་ལྟར་བྱུང་ཚེ་ད་གཟོད་རང་གི་ཤེས་ཚད་ཡོད་རྒུ་སློབ་མ་གསོ་སྐྱོང་བྱེད་པའི་ཐོག་འདོན་སྤེལ་བྱེད་ཐུབ་ལ་དེ་དང་ཕྱོགས་མཚུངས་ཀུན་སློང་བཟང་བའི་གྲུབ་འབྲས་ཤིག་སློབ་མའི་སྦྱངས་འབྲས་ཀྱི་ཐོག་ནས་མངོན་ཐུབ་ཀྱི་རེད། བསམ་བློའི་ཀུན་སློང་བཟང་ཞན་གཉིས་ལས། ཕྱི་མ་བསམ་བློའི་ཀུན་སློང་བཟང་པོ་མིན་ཕྱིན་ཁྲལ་གོ་ཆོད་ཙམ་གྱི་བསམ་བློ་ཡོད་ངེས་པས་དགེ་རྒན་དེ་ཤེས་ཚད་ཇི་ཙམ་གཏིང་ཟབ་ཀྱང་དེས་སློབ་མའི་སློབ་ཁྲིད་ལ་འཁུར་བའི་འགན་འཁྲིའི་བསམ་བློ་ཞན་ཞིང་། ངས་ཚད་ལྡན་སློབ་མ་མང་དག་ཅིག་གསོ་སྐྱོང་བྱེད་སྙམ་པའི་ལྷག་བསམ་རྣམ་དག་དང་རིན་ཐང་ཆེ་བའི་ཀུན་སློང་བཟང་པོ་མ་ལྡན་སྟབས་ཤེས་བྱའི་བྱང་ཚད་མཐོ་བའི་དགེ་རྒན་གྱི་འོག་ནས་སྦྱངས་འབྲས་ཞན་པའི་སློབ་མ་ཐོན་སྲིད་པ་དེ་ཡིན། དེས་ན་དོན་དངོས་ཀྱིས་ང་ཚོར་ར་སྤྲོད་བྱས་པར་བྱང་ཚད་ཡོད་དགོས་པ་དེ་ཁ་ཚ་དགོས་གཏུགས་ཡིན་ཡང་བྱང་ཚད་དང་མཐུན་པའི་བསམ་བློའི་ཀུན་སློང་བཟང་པོ་ཞིག་ངེས་པར་དུ་ཡོད་དགོས།
གཉིས། བསམ་བློའི་ཀུན་སློང་དང་ཤེས་བྱའི་བྱང་ཚད་དབར་གྱི་འབྲེལ་བའི་ཐད་ལ་ངོས་འཛིན་ཇི་ལྟར་བྱེད་དགོས་སམ།
བསམ་བློའི་ཀུན་སློང་བཟང་ཞན་དང་ཤེས་བྱའི་བྱང་ཚད་མཐོ་དམའི་དབར་གྱི་འབྲེལ་བར་ང་ཚོས་བསམ་བློ་གཏོང་དགོས་ལ་ངོས་འཛིན་ཡང་དག་པ་བྱས་ཏེ་དགེ་རྒན་ཞིག་གི་བྱང་ཚད་མཐོ་བའི་སློབ་ཁྲིད་ཀྱི་ནུས་པ་དེ་བསམ་བློའི་ཀུན་སློང་བཟང་པོའི་སྒུལ་ཤུགས་ལ་བརྟེན་ནས་འདོན་སྤེལ་ཐུབ་པ་བྱེད་དགོས་ཀྱི་རེད་སྙམ།
དགེ་རྒན་གྱི་སློབ་ཁྲིད་ནུས་རྩལ་ཇི་ཡོད་སློབ་ཁྲིད་ཐོག་འདོན་པར་ང་ཚོས་བསམ་བློའི་ཀུན་སློང་དང་ཤེས་བྱའི་བྱང་ཚད་དབར་གྱི་འབྲེལ་བ་དེ་ཁ་འབྲལ་ཐབས་མེད་པའི་ངོས་འཛིན་བྱེད་དགོས་ཤིང་། སློབ་ཁྲིད་ལེགས་པོ་བྱེད་པར་འགན་ནུས་འདོན་སྤེལ་བྱེད་པའི་བསམ་བློའི་ཀུན་སློང་ཡང་དག་པ་ཞིག་བྱུང་ཕྱིར། སློབ་མས་ཤེས་ཚད་ཇི་ཙམ་འགོར་ཡང་དགེ་རྒན་གྱིས་ཡིད་མུག་པ་དང་སུན་སྣང་བྱེད་པའི་སྣང་ཚུལ་གཏན་ནས་མི་ཐོན་པར་བློ་རིག་ཅུང་ཞན་པའི་སློབ་མར་ཡང་རིམ་གྱིས་སློབ་ཁྲིད་ཀྱི་ནང་དོན་ཞིབ་ཕྲ་སློབ་ཁྲིད་བྱེད་ཐུབ་པར་འགྱུར་བ་དང་། ཕྱོགས་མཚུངས་དགེ་རྒན་རང་ཉིད་ཀྱི་ཀུན་སློང་བཟང་པོ་སྟེ། སློབ་མས་ཤེས་ན་ཅི་མ་རུང་སྙམ་པའི་བསམ་འདུན་སྒྲུབ་ཐུབ་ཀྱི་རེད། འོན་ཀྱང་ཀུན་སློང་བཟང་པོ་ཡོད་དགོས་པ་ལས་ལྡོག་ཚེ། དགེ་རྒན་གྱིས་འཆར་གཞིའི་སློབ་ཚན་དེ་རྣམས་རྒྱུ་མ་ཕུ་འདེད་ལྟར་ཁྲིད་ཚར་བ་བྱེད་པ་ཙམ་ལས་སློབ་མས་ཡང་སྙིང་སློབ་ཚན་གྱི་སྙིང་དོན་མ་ལུས་པ་ཁོང་དུ་ཆུད་ཡོད་མིན་ལ་དོ་སྣང་མི་བྱེད་པའི་སྣང་ཚུལ་ཐོན་སྲིད་ལ། དེ་བཞིན་དུ་དགེ་རྒན་རང་ཉིད་ཤེས་ཚད་མཐོ་ཡང་སློབ་མའི་སྦྱངས་འབྲས་ལེགས་པོ་མིན་པའི་གནས་ཚུལ་ཐོན་སྲིད་ཀྱི་རེད།
དེར་བརྟེན་བསམ་བློའི་ཀུན་སློང་དང་ཤེས་བྱའི་བྱང་ཚད་དབར་གྱི་འབྲེལ་བ་དེ་ཁ་འབྲལ་མི་རུང་བ་དང་དེ་གཉིས་གཅིག་མཐུན་དུ་འགྱུར་དགོས་པ་དེ་རང་རེས་སློབ་ཁྲིད་ཀྱི་རྩ་དོན་ལྟ་བུ་དང་། དགེ་རྒན་རང་རང་གིས་གདམ་ངག་ལྟ་བུར་བརྩི་ཐུབ་ཚེ། ད་གཟོད་སློབ་ཁྲིད་བྱང་ཚད་ཀྱི་ནུས་པ་བདེ་བླག་ངང་ཐོན་ཐུབ་ཀྱི་རེད་སྙམ་པ་དང་དེ་བཞིན་དགེ་རྒན་རྣམས་ཀྱིས་མིག་སྔར་རང་འཁྲིའི་སློབ་ཁྲིད་ཐད་ལེགས་སྐྱེས་གསར་པ་འབུལ་ཐུབ་པར་མནོ་བསམ་ཡོད་རྒུ་འདོན་པའི་ནང་བསམ་བློའི་ཀུན་སློང་དང་ཤེས་བྱའི་བྱང་ཚད་དབར་གྱི་འབྲེལ་བ་ཚུལ་ལྡན་ཡོང་བར་རང་བཤེར་བྱེད་རྒྱུའི་གོམས་གཤིས་སམ་ལམ་ལུགས་ལྟ་བུ་ཞིག་ཀྱང་འཛུགས་དགོས་སྙམ་གྱི་འདུག
གསུམ། དགེ་རྒན་གྱི་ཀུན་སྤྱོད་བཟང་ཞན་གྱིས་སློབ་མར་ཤུགས་རྐྱེན་གང་ཞིག་ཐེབས་ཀྱི་ཡོད་དམ།
“གང་ཞིག་གསེར་གྱི་རི་ལ་སྔས་བཅོལ་ན། དེ་ཡི་འདབ་ཆགས་རྣམས་ཀྱང་གསེར་ལ་གྱུར། གང་ཞིག་སོལ་བའི་རི་ལ་སྔས་བཅོལ་ན། དེ་ཡི་འདབ་ཆགས་རྣམས་ཀྱང་ སོལ་བར་གྱུར ”ཞེས་པའི་ལེགས་བཤད་ཀྱི་དོན་སྙིང་ལ་ང་ཚོས་བསམ་བློ་གཏོང་བཞིན་དུ་གོ་ཤེས་འདི་ལྟར་ཐུབ་པ་སྟེ། མི་དམངས་ཀྱི་དགེ་རྒན་ཞེས་མཚན་སྙན་གསོལ་བའི་དགེ་རྒན་ཚོས་དུས་དང་རྣམ་པ་ཀུན་ཏུ་སློབ་ཕྲུག་ཚོས་དགེ་རྒན་གྱི་ཀུན་སྤྱོད་ལ་བལྟ་ངེས་པ་དེ་ཡིད་ལ་བརྟན་པོར་འཇོག་དགོས།
ང་ཚོས་ཤེས་གསལ་ལྟར་ཀུན་སྤྱོད་ནི་ཁྱབ་ཧ་ཅང་ཆེ་བའི་ཐོག་ནས་མིའི་རིགས་ཀྱི་འཚོ་བའི་ཁྲོད་དུ་གནས་ཡོད་པས་ངག་ཐོག་ནས་འཇིག་རྟེན་བསླབ་བྱར་བརྟེན་ནས་སློབ་ཕྲུག་སྐྱོང་བ་ཙམ་མིན་པར་དགེ་རྒན་ལ་མཚོན་ན་ཟས་གོས་སྡོད་གསུམ་དང་སྨྲ་བརྗོད་སོགས་ཕྱོགས་གང་ཕྱིའི་ཐད་ནས་མིག་དཔེའི་གཟུགས་བཪྙན་ལེགས་པོ་ཞིག་གཏོད་དགོས་པ་སྟེ། དཔེར་ན། གྱོན་ཆས་ཚུལ་ལྡན་གྱོན་དགོས་ཤིང་། དེའང་གང་ཞིག་གྱོན་ཆས་ཚུལ་ལྡན་ཡིན་ཞེ་ན། སྤྱི་ཚོགས་ཐོག་མི་རྣམས་ཀྱིས་འཕྱ་དམོད་བྱེད་པའི་གྱོན་ཆས་ཀྱི་བཟོ་ལྟ་དང་ཚོས་གཞི་སོགས་མ་ཡིན་པར་བབ་ཆགས་པ་ཞིག་ཡིན་དགོས་པ་དང་། དེ་བཞིན་སྤྱི་ཚོགས་དང་མཐུན་པའི་ཟ་འཐུང་བྱེད་དགོས་རུང་སློབ་ཚན་ཁྲིད་སྐབས་དང་སློབ་མ་དང་འབྲེལ་བ་ཡོད་པའི་སྐབས་སུ་ཆང་འཐུང་བ་དང་། ཐ་མག་འཐེན་པ་སོགས་སློབ་མར་བྱེད་མི་རུང་བའི་སློབ་གསོ་གཏོང་བའི་ནང་དོན་གྱི་གྲས་སློབ་མའི་མདུན་དུ་གཏན་ནས་མི་ཐོན་པ་བྱེད་དགོས་པ་ལྟ་བུ་ཡིན་ལ་དེ་བཞིན་དུ་ང་ཚོ་དགེ་རྒན་ཚོས་སློབ་མར་སྨྲ་བརྗོད་བྱེད་སྐབས་ཀྱང་གུས་ལུགས་ཡ་རབས་ཀྱི་ནང་དོན་ལྡན་པའི་ཞེ་ས་བྱེད་སྲོལ་ཁྱབ་ཕྱིར་ཞེ་ས་སྤྱོད་གང་ཐུབ་བྱེད་དགོས་པ་སོགས་ཡིན།
མདོར་ན། གོང་དུ་ལེགས་བཤད་ཤོ་ལོ་ཀ་གཅིག་གིས་བསྟན་པ་ཇི་བཞིན་གལ་ཏེ་དགེ་རྒན་གྱིས་གསེར་གྱི་རི་ལ་སྔས་བཅོལ་ས་ཞིག་བྱེད་ཐུབ་པ་སློབ་མ་རྣམས་ཀྱང་དེ་ལྟར་འགྱུར་ཐུབ་ངེས་ཡིན་པར་ང་ཚོས་ངེས་ཤེས་ཪྙེད་པ་བྱེད་དགོས་ཀྱི་རེད་སྙམ་པ་བཅས་དང་བདག་གིས་དགེ་རྒན་གྱི་སློབ་ཁྲིད་བྱང་ཚད་དང་བསམ་བློའི་ཀུན་སློང་གི་འབྲེལ་བ་གལ་ཆེ་ཡིན་ཞེས་གླེང་བ་འདིར་མི་མཐུན་པ་ཡོད་ཕྱིན་བདག་གི་ལྟ་ཚུལ་ལ་དགོངས་ཏེ་བླང་དོར་གནང་རོགས་ཞུ་རྒྱུ་ཡིན།