དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དགེ་རྒན་ལ་ཐུན་མིན་གྱི་མི་གཤིས་དང་ཡོན་ཏན་ཇི་ལྟ་བུ་ཞིག་ཚང་དགོས་པའི་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-13

    ས་གོ་ལའི་སྟེང་དུ་འཚོ་ཞིང་གནས་པའི་སྲོག་ཆགས་ཀྱི་རིགས་གྲངས་ལས་འདས་པ་ལས་ང་ཚོ་མིའི་རིགས་ནི་ཤེས་ཡོན་དང་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཤིག་ཏུ་གྱུར་དགོས་དོན་ནི། མི་རྣམས་ཀྱིས་དགེ་བའི་བཤེས་གཉེན་བསྟེན་ཞིང་། རང་རང་གི་ཚད་མཐོའི་རྣམ་དཔྱོད་དེ་དག་བཀོལ་ནས་སྐྱེ་འགྲོ་སྤྱི་དང་། ཡང་སྒོས་མིའི་རིགས་རང་ཉིད་ཀྱི་ལུས་སེམས་གཉིས་པོ་བདེ་བར་འཁོད་ཞིང་། ཕྱོགས་ཀུན་གྱི་འཕེལ་རྒྱས་དོན་གཉེར་བྱས་ནས་མིའི་རིགས་ཀྱི་ཤེས་དཔལ་ཡུན་ནས་ཡུན་དུ་གནས་པར་བྱེད་པས་ཡིན།

    སྔར་ནས་ད་བར་ང་ཚོས“བཤེས་གཉེན་”ཞེས་པའི་ཐ་སྙད་དེ་མི་ཚོགས་བྱེ་བྲག་ཞིག་ལ་སྦྱར་ནས་སྐྱེ་བོ་ཀུན་གྱིས་བསྟོད་པར་བྱ་བའི་ཡུལ་དང་། ཚང་མས་གུས་བཀུར་ཡི་རངས་ཞུ་བའི་ལས་གནས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད། ངོ་མ། དགེ་བའི་བཤེས་གཉེན་ནི་སྨག་རུམ་མུན་པའི་ཁྲོད་ཀྱི་སྒྲོན་མེ་ཞིག་དང་མཚུངས་ལ། མིའི་རིགས་ཀྱི་རྣམ་ཤེས་ཀྱི་བཟོ་བཀོད་པའི་མཚན་སྙན་ལྡན་པའང་དོན་དུ་གནས། བླ་ན་མེད་པའི་མཚན་སྙན་གྱིས་ཕྱུག་ལ་སྐྱེ་བོ་ཀུན་གྱིས་བཀུར་བར་བྱ་བའི་ལས་རིགས་དེར་ཞུགས་པའི་སྐྱེ་བོ་ཞིག་ལ་ཆ་མཚོན་ན། ཡང་སྙིང་རང་ཉིད་ལ་ཕུལ་དུ་བྱུང་བའི་མི་གཤིས་ཇི་ལྟ་བུ་ཞིག་དང་ཡོན་ཏན་ཅི་འདྲ་ཞིག་ཚང་དགོས་སམ་ཞེ་ན། དེ་ཡང་རང་རེའི་བོད་ཀྱི་སྲོལ་རྒྱུན་གཞུང་ལུགས་ཁྲོད་དུ་སློབ་དཔོན་གྱི་མཚན་ཉིད་ནི། “བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། བརྩེ་བའི་བདག་ཉིད་སྐྱོ་བ་སྤང་ལ་བསྟེན”ཞེས་པ་ལྟར་ཞི་ཞིང་དུལ་བ་དང་། བྱམས་སེམས་ལྡན་ལ་ཤེས་རབ་ཀྱིས་ཕྱུག་པ། འཆད་རྩོད་རྩོམ་ལ་མཁས་ཤིང་སློབ་བུ་བྱམས་ཀྱིས་སྐྱོང་བ་དང་། སེམས་ཀྱི་ཉོན་མོངས་སེལ་ནུས་ལ། ལེ་ལོ་སྒྱིད་ལུག་སྤངས་ནས་བརྩོན་འགྲུས་ལྡན་པ། ཐོས་པ་རྒྱ་ཆེ་ཞིང་འཁྲིད་བྱའི་དོན་ལ་ཐོགས་པ་མེད་པ་སོགས་ཀྱི་ཁྱད་ཆོས་ལྡན་དགོས་ལ། དེ་དག་དེང་གི་ཆར་སྦྱར་ཡང་སྔར་བཞིན་དགེ་བའི་བཤེས་གཉེན་རྣམས་ལ་འཛོམས་དགོས་པའི་རྨང་གཞིའི་ཆ་རྐྱེན་དུ་བརྩི་ཆོག སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་རུང་གི་དགེ་རྒན་ཞིག་ཡིན་ཕྱིན། ལས་གནས་དེ་ནི་གཞན་དང་མི་འདྲ་བར་ཆེ་ས་ནས་རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་ཕྱི་རབས་པ་གསོ་སྐྱོང་དང་། ཆུང་ས་ནས་སློབ་བུ་གང་ཞིག་གི་འཚར་ལོངས་དང་ཁྱིམ་ཚང་གང་ཞིག་གི་མ་འོངས་དང་འབྲེལ་ཆེ་བས། དེར་སྣང་ཆུང་བྱེད་པའམ་ཡང་ན་དགེ་རྒན་གྱི་ལས་གནས་སུ་ཞུགས་ཀྱང་འགན་མི་ཁུར་བ་སོགས་ཀྱི་བྱ་སྤྱོད་རིང་དུ་དོར་ནས་མིང་དོན་མཚུངས་པའི་དགེ་བའི་བཤེས་གཉེན་ཞིག་ཏུ་འགྱུར་བར་འབད་འབུངས་ཧུར་བརྩོན་བྱེད་དགོས།

    དགེ་རྒན་ལ་ཚང་དགོས་པའི་ཡོན་ཏན་གྱི་ཆ་ནས་བརྗོད་ན། དགེ་རྒན་ནི་ཚན་རིག་དང་ཤེས་བྱ་སློབ་མཁན་ཡིན་ལ། སློབ་ཁྲིད་མི་སྐྱོང་གི་འགན་ཁུར་མཁན་གཙོ་བོ་ཡང་ཡིན། དེང་གི་ཆར་མིའི་རིགས་སྤྱི་ཡོངས་ཀྱི་འཚོ་བའི་ཆུ་ཚད་དང་། བསམ་བློའི་དཔལ་ཡོན། དེ་བཞིན་དཔལ་འབྱོར་གྱི་གནས་སྟངས་སོགས་ཉིན་བཞིན་ཡར་རྒྱས་གོང་འཕེལ་འགྲོ་བཞིན་མཆིས། དེ་དང་བསྟུན་ནས་རིག་ཚན་མང་པོ་བྱུང་དང་འབྱུང་བཞིན་ཡོད་ལ། སྤྱི་ཚོགས་འཚོ་བའི་ཁྲོད་དུ་ངེས་པར་མཁོ་བའི་ཤེས་བྱ་ཡང་ཆར་རྗེས་ཀྱི་སྨྱུག་སོན་བཞིན་དུ་འབྱུང་བཞིན་པས། དགེ་རྒན་གྱི་ལས་སུ་ཞུགས་པ་རྣམས་ཀྱིས་ཀྱང་སྲོལ་རྒྱུན་གྱི་རིག་གནས་ཤེས་བྱ་ཙམ་ལ་ཡིད་མི་ཚིམ་པར། སྤྱི་ཚོགས་ཀྱི་འགྱུར་བ་དང་བསྟུན་ནས། རང་གི་འཁྲིད་བྱའི་སློབ་ཚན་དང་འབྲེལ་བ་ཆེ་ཞིང་སློབ་བུའི་འཕེལ་རྒྱས་ལའང་མཁོ་བའི་ཤེས་བྱ་གསར་པའམ་ཞིབ་འཇུག་གི་འབྲས་བུ་དག་ལ་སྦྱངས་པ་མཐར་ཕྱིན་མཛད་ནས་ཡིད་ལ་ངེས་དགོས་པ་མ་ཟད། སློབ་གཞི་དང་འབྲེལ་ནས་ཤེས་བྱ་དང་གྲུབ་འབྲས་གསར་པ་དག་སློབ་བུའི་རྒྱུད་ལ་འཇགས་པར་བྱེད་དགོས། གཞན་ཡང་། དགེ་རྒན་ཞིག་ཡིན་ཕྱིན་སློབ་ཁྲིད་ཀྱི་ཐབས་མངའ་ཞིང་སློབ་བུའི་སློབ་སྦྱོང་གི་དང་བ་འདྲེན་པར་མཁས་དགོས། ཡར་སྔོན་དགེ་རྒན་གྱིས་བཤད་རྐྱང་དང་སློབ་མས་ཉན་རྐྱང་བྱེད་པའི་སློབ་ཁྲིད་ཐབས་ལམ་དེང་དུས་ཀྱི་དགོས་མཁོ་དང་འཚམ་དཀའ་བས། དགེ་རྒན་རང་ཉིད་ཀྱིས་ཀྱང་སློབ་ཁྲིད་ཀྱི་ཐབས་ལམ་ལ་གསར་གཏོད་དང་འཚོལ་ཞིབ་ཡང་ཡང་བྱས་ནས་དགེ་སློབ་དབར་གྱི་འབྲེལ་འདྲིས་དང་སྤེལ་རེས་ཟབ་ཏུ་གཏོང་དགོས། འབྲེལ་འདྲིས་བརྒྱུད་ནས་སློབ་མའི་འདོད་འདུན་དང་ཡོན་ཏན་རྒྱུས་ལོན་བྱེད་ཐུབ་ལ། སྤེལ་རེས་བརྒྱུད་ནས་ཤེས་བྱའི་བག་ཆགས་ཟབ་ཏུ་གཏོང་ཐུབ་པས། དགེ་སློབ་མཉམ་འགུལ་གྱི་སློབ་ཁྲིད་བྱེད་སྟངས་ལ་ངེས་པར་འཇོན་དགོས།

    རང་ཉིད་ལ་གཏིང་ཟབ་པའི་ཤེས་བྱ་ཡོན་ཏན་དང་། ཕུན་སུམ་ཚོགས་པའི་སློབ་ཁྲིད་ཀྱི་ཉམས་མྱོང་དགོས་པ་ལས་གཞན། དགེ་རྒན་ལ་ད་དུང་ཐུན་མིན་གྱི་མི་གཤིས་ལྡན་དགོས་པ་སྟེ། དགེ་བའི་བཤེས་གཉེན་ཞིག་ཡིན་ཕྱིན། རང་ཉིད་ཀྱི་སློབ་མ་རྣམས་ལ་ཀུན་སློང་རྣམ་པར་དག་པའི་བྱམས་སེམས་འཆང་དགོས། སློབ་མར་དགའ་ཞེན་དང་། བསམ་ཤེས། བརྩི་འཇོག་བཅས་ནི་སློབ་གསོ་ལེགས་འགྲུབ་ཡོང་བར་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་ཡར་རྒྱས་ལ་མཁོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་རྐྱེན་གཙོ་བོ་ཞིག་ཀྱང་ཡིན་པས། “སློབ་བུ་བྱམས་ཀྱིས་སྐྱོང་བ”ནི་མིང་དོན་མཚུངས་པའི་དགེ་རྒན་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་གཙོ་བོ་ཡིན། སློབ་བུ་བྱམས་སྐྱོང་གི་བསམ་པ་ལྡན་གྱུར་ན་ད་གཟོད་སློབ་བུའི་ཡར་རྒྱས་ཆེད་དུ་དགེ་རྒན་རང་གི་ཡོད་ཚད་འབུལ་ཐུབ། དེ་ལས་ལྡོག་ན། ཡོན་ཏན་རི་བོའི་གཏོས་དང་མཉམ་ཡང་སློབ་བུ་ལེགས་པར་སྐྱོང་བའི་ངེས་པ་མེད་པ་རེད། གཞན་ཡང་། དགེ་རྒན་ནི་སློབ་བུ་ཚོས་དཔེ་ལྟ་ཡུལ་དང་སློབ་སྦྱོང་བྱ་ཡུལ་གལ་ཆེན་ཞིག་ཡིན་ཞིང་། དགེ་རྒན་གྱི་འགྲོ་འདུག་སྤྱོད་གསུམ་ལས་སློབ་བུར་ཤུགས་རྐྱེན་ཆེན་པོ་ཐེབས་ངེས། དེ་བས་དགེ་རྒན་གྱིས་སྔོན་ལ་སློབ་མར་མིག་དཔེ་བཟང་པོ་ཞིག་སྟོན་དགོས་ལ། མིག་དཔེའི་སྟོབས་ཤུགས་འདོན་སྤེལ་བྱས་ནས་སློབ་མ་ལེགས་ལམ་དུ་ཁྲིད་པ་དང་། རང་དཔེ་གཞན་སྟོན་སྒོས་དངོས་ཐོག་བདེན་འཚོལ་གྱི་ལས་ཀའི་སྤྱོད་ཚུལ་དང་། སྒམ་བརླིང་ནན་ཏན་གྱི་ལས་ཀའི་རྣམ་འགྱུར། ཡ་རབས་ཀྱི་གཏམ་སྤྱོད་ལ་སོགས་པའི་གཤིས་སྤྱོད་བཟང་པོ་སློབ་བུའི་རྒྱུད་ལ་འཇགས་པར་བྱེད་དགོས། ལྷག་པར་དུ་སློབ་ཆུང་དང་སློབ་འབྲིང་གི་དུས་སྐབས་སུ། སློབ་མ་མང་ཆེ་བར་རང་ཉིད་ཀྱི་བསམ་བློ་དང་དམིགས་འདུན་གསལ་པོ་མེད་པས་ལོག་ལམ་དུ་ཞུགས་ཉེན་ཤིན་ཏུ་ཆེ། དེར་བརྟེན་དུས་སྐབས་འདིར་དགེ་རྒན་གྱིས་ངེས་པར་དུ་མིག་དཔེ་སྟོན་པ་དང་སློབ་བུ་བྱམས་ཀྱིས་བསྐྱངས་ནས་ཡང་དག་པའི་ལམ་དུ་ཁྲིད་དགོས།

    མདོར་དྲིལ་ན། དགེ་རྒན་གྱི་འགན་འཁྲི་ལ་སྤྱིའི་ཆ་ནས་ཤེས་བྱ་ཡོན་ཏན་སློབ་པ་དང་སློབ་མའི་གཤིས་སྤྱོད་སྲོང་བའི་ནང་དོན་ཆེན་པོ་གཉིས་ལྡན་ལ། དེ་གཉིས་གང་ལའང་འཐུས་ཤོར་མེད་པར་དམ་འཛིན་གང་ལེགས་བྱེད་དགོས། གཅིག་ནས་སློབ་མའི་སློབ་སྦྱོང་གི་འདུན་པ་བསྐྱེད་དགོས་ལ། སློབ་སྦྱོང་གི་འདུན་པ་བསྐྱེད་པར་ཁོར་ཡུག་ལེགས་པོ་མཁོ་འདོན་བྱེད་དགོས་པ་མ་ཟད། དགེ་རྒན་རང་ཉིད་ལའང་འཁྲིད་བྱའི་སློབ་ཚན་གང་དེར་ཐོགས་པ་མེད་པའི་ཡོན་ཏན་ལྡན་དགོས། གཉིས་ནས་དགེ་རྒན་རང་ཉིད་ལ་གཤིས་སྤྱོད་བཟང་པོ་ལྡན་དགོས་ལ། སློབ་བུ་འཚར་ལོངས་ཀྱི་ཆེད་དུ་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་ཐུབ་པའི་ཀུན་སློང་རླབས་ཆེན་ལྡན་དགོས། དེ་ལྟར་ན་སློབ་བུའི་ཤེས་བྱ་ཡོན་ཏན་དང་གཤིས་སྤྱོད་སོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བར་དགེ་མཚན་བླ་ལྷག་ལྡན་ལ། མེས་རྒྱལ་དང་མི་རིགས་ལ་ཕན་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཕན་འབྲས་ཀྱང་རྒྱུན་ཆད་མེད་པར་ཐོན་ངེས་སོ།

    (ལྷ་ས་གྲོང་ཁྱེར་སློབ་ཆུང་གསུམ་པ། བཀྲ་ཤིས་གཡང་འཛོམས་རྒན་པ)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།