ཁྱིམ་བདག་གིས་བྱིས་པ་ཇི་ལྟར་སྐྱོང་དགོས་པའི་སྐོར་གླེང་བ།
སློབ་གསོའི་རིག་གཞུང་ཁག་ལས་ཁྱིམ་ཚང་ནི་བྱིས་པའི་སློབ་གྲྭ་ཐོག་མ་དང་ཕ་མ་ནི་བྱིས་པའི་དགེ་རྒན་དང་པོ་ཡིན་པ་གསུངས་ཡོད། དེ་ནི་ཕ་མའི་བྱ་སྤྱོད་ཆེ་ཆུང་ཀུན་གྱིས་བྱིས་པའི་མི་ཚེར་ཁ་ཕྱོགས་རང་བཞིན་དང་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་གྱིན་ཡོད་པས་རེད། དེ་བཞིན་ཕ་མ་བཟང་པོའི་བུ་ཕྲུག་དང་དགེ་རྒན་བཟང་པོའི་དགེ་ཕྲུག་ཅེས་པའི་གཏམ་དཔེ་འདིས་གལ་ཏེ་བུ་ཕྲུག་བཟང་པོ་ཞིག་གསོ་སྐྱོང་བྱེད་དགོས་ན་སྔོན་ལ་ཕ་མ་བཟང་པོ་ཞིག་དགོས་གལ་ཆེན་པོ་ཡིན་པའི་གནད་འགག་བསྟན་ཡོད། སློབ་ཆུང་དགེ་རྒན་ཞིག་གི་ངོས་ནས་བཤད་ན། ང་རང་རྟག་ཏུ་འཛིན་གྲྭར་སློབ་མར་དོ་དམ་དང་སློབ་གསོ་གཏོང་དགོས་ཀྱི་ཡོད་ལ། ཁྱིམ་འཛིན་གྱི་ཨ་མ་ཞིག་ཡིན་པའི་ངོས་ནས་རང་གི་ཕྲུ་གུར་ཡང་དེ་དང་མཐུན་པའི་སློབ་གསོ་གཏོང་དགོས་ཀྱི་ཡོད། དེར་བརྟེན། ལོ་མང་གི་མྱོང་བ་དངོས་ལ་གཞིགས་ཏེ། བྱིས་པར་ཚད་དང་མཐུན་པའི་སློབ་གསོ་ཇི་ལྟར་གཏོང་རྒྱུའི་སྐོར་ལ་རང་གི་བསམ་ཚུལ་ཅུང་ཞིག་གླེང་བར་འདོད། གལ་ཏེ་ཁྱིམ་བདག་གིས་བྱིས་པར་སློབ་གསོ་ཡག་པོ་གཏོང་ཐུབ་ན། ཕན་འབྲས་ལེགས་པོ་ཐོན་ངེས་པ་དང་། གལ་ཏེ་སློབ་གསོའི་བྱེད་ཐབས་ཐབས་རྡུགས་སུ་འགྱུར་ཚེ། སློབ་གསོའི་ནུས་པ་བསམ་དོན་བཞིན་ཐོན་དཀའོ། གུས་མོས་གཤམ་དུ་ཁྱིམ་བདག་རྣམས་དང་ལས་གྲོགས་རྣམས་ལ་བྱིས་པ་ཇི་ལྟར་སྐྱོང་དགོས་པའི་སྐོར་ཕྲན་བུ་ཞིག་གླེང་བར་བྱ་སྟེ།
དང་པོ། བསྔགས་བརྗོད་ནི་སློབ་གསོའི་ཐབས་ཤེས་ལེགས་གྲས་ཤིག་རེད།
གཞན་གྱི་ཁས་ལེན་དང་བསྟོད་བསྔགས་ལ་དགའ་བ་ནི་འགྲོ་བ་མིའི་རིགས་ཀྱི་ཐུན་མོང་གི་བསམ་བློའི་འཁྱེར་སོ་ཞིག་རེད། སྤྱིར་ཕྲུ་གུ་ཚང་མ་ནང་དོན་མི་གཅིག་པའི་དཔེ་དེབ་ཅིག་དང་འདྲ་བས། ཁྱིམ་བདག་རྣམས་ཀྱིས་ཤོག་ལྷེ་རེ་རེ་བྱས་ནས་ཞིབ་ཚགས་པོས་ཀློག་པ་དང་ཡང་སྒོས་ངང་རྒྱུད་རིང་པོའི་དཔྱད་ཞིབ་ལ་རྟེན་དགོས། དེ་ཡང་ཕྲུ་གུ་སོ་སོར་རང་རང་གི་ཐུན་མིན་ཁྱད་ཆོས་རེ་ཡོད་པས། ཕ་མ་གཉིས་ཀྱིས་ངེས་པར་དུ་ཁྱད་ཆོས་དེ་དག་ཤེས་རྟོགས་དང་སློབ་མའི་ཐུན་མིན་ཁྱད་ཆོས་ལ་བསྔགས་བརྗོད་བྱེད་པའི་ཐབས་ཤེས་སྤྱོད་རྒྱུར་ནན་གཟབ་བྱེད་དགོས། ཕྲུ་གུའི་སློབ་སྦྱོང་གི་སྦྱངས་འབྲས་རེ་བ་ལྟར་མ་བྱུང་བ་དང་སྒྲིག་ལམ་གྱི་གནད་དོན་སོགས་ཐོན་དུས་སློབ་གྲོགས་གཞན་གྱིས་མཐོང་ཆུང་དང་འཕྱ་དམོད་བྱ་སྲིད་པས། སྐབས་དེར་ཁྱིམ་བདག་ནས་ཕྲུ་གུའི་བསམ་བློའི་ཁྱད་ཆོས་དང་གནད་དོན་ལྷག་པའི་རྒྱུ་རྐྱེན་མ་བཙལ་བར། ཐབས་ཤེས་གང་ལེགས་མ་སྤྱད་པར་ཉེས་རྡུང་དང་ངན་སྨྲས་བྱས་ཚེ། བྱིས་པའི་མཐའ་མའི་རེ་བ་དང་སེམས་ཤུགས་དེ་ཡང་མེད་པར་འགྱུར་ངེས་པས་དེའི་སྐབས་ཕ་མས་བྱམས་བརྩེའི་མཛུམ་གྱིས་བསུས་ཤིང་སེམས་གསོའི་བྱ་ཐབས་སྤྱོད་དགོས། དཔེར་ན། ཐེངས་འདིའི་ཡིག་ཚད་སྔོན་མ་ལས་ཡར་རྒྱས་བྱུང་འདུག རྗེས་སུ་ཡིག་ཚད་དེ་བས་མཐོ་བ་གཏོང་ཐུབ་པའི་ཡིད་ཆེས་ཡོད་ལྟ་བུ་དང་ཡང་ན་ཁྱེད་རང་གིས་དྲི་བ་དེར་བསམ་བློ་ཡག་པོ་བཏང་འདུག ང་གཉིས་ཕ་མ་གཉིས་ཀྱིས་ཀྱང་བསམ་བློ་འཁོར་མ་བྱུང་ལྟ་བུ། ཕྲུ་གུའི་བྱ་བྱེད་སྣ་ཚོགས་དང་འབྲེལ་བའི་བསྟོད་བསྔགས་བྱེད་ཐབས་ཀྱང་སྣ་གཅིག་ཏུ་མི་ངེས་པས་གང་ལ་གང་བསྟུན་དེ་ལ་དེ་བསྟུན་གྱི་ཡར་ཐོན་ཡོང་བར་ལམ་སྣེ་འདྲེན་དགོས། ཕྲུ་གུའི་འཚོ་བ་དང་། ལས་ཀ། སློབ་སྦྱོང་སོགས་རེ་རེ་སུས་ཀྱང་བརྗོད་མི་ཐུབ་པས། རྒྱུན་དུ་ནས་ཁྱིམ་བདག་གིས་དོ་སྣང་བྱེད་དགོས་ལ། བྱ་བྱེད་ཕྲན་ཙམ་གྱི་འགྱུར་བ་ཡོང་དུས་བསྟོད་བསྔགས་དང་སློབ་གསོ་བྱེད་དགོས།
གཉིས་པ། ཆུང་དུས་ནས་གོམས་གཤིས་བཟང་པོ་འཇགས་པར་བྱེད་དགོས།
བོད་ཀྱི་ཁ་དཔེར་རྟ་ཞིག་བྱུང་ན་རྟེའུ་ནས་བྱུང་། མི་ཞིག་བྱུང་ན་ཆུང་ནས་བྱུང་ཞེས་མིའི་གོམས་གཤིས་བཟང་པོ་ནི་ཆུང་དུས་ནས་སྦྱོང་བརྡར་སྤྲད་དེ་བྱུང་བ་གསལ་བཤད་བྱས་ཡོད། དོན་དངོས་འཚོ་བའི་ཁྲོད་དུའང་གོམས་གཤིས་བཟང་བའི་མི་དེ་ལས་དང་བྱ་བ་ཅི་འདྲ་ཞིག་ལ་ཞུགས་ཀྱང་འཆར་གཞི་ལྡན་པའི་སྒོ་ནས་སྒྲུབ་པའི་གོམས་གཤིས་བཟང་པོ་ལྡན་པས། འབྲས་བུ་བཟང་པོ་ཡང་ངང་གིས་བྱུང་སྟེ་མཐར་མི་ཚེ་དོན་སྙིང་དང་ལྡན་པ་ཡོང་གི་ཡོད། དེ་བཞིན་ཕ་རྒྱུད་བུ་ལ་མ་ཁྲིད་ན་རི་བོང་ཤོ་ཏོ་གང་ནས་ཡོང་ཞེས་པ་ཡང་ཕ་མའི་གོམས་གཤིས་བཟང་ངན་གྱིས་ཕྲུ་གུའི་གོམས་གཤིས་བཟང་ངན་ལ་བག་ཆགས་དང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ནན་བཤད་བྱས་ཡོད། ལྷག་པར་དུ་བྱིས་པ་ནི་ལད་ཟློས་ལ་དགའ་ཞིང་ལད་ཟློས་ལ་ཤིན་ཏུ་མཁས། རྣམ་ཀུན་གྱི་འཚོ་བའི་ཁྲོད་ཕ་མ་ནི་ཕྲུ་གུའི་མིག་དཔེ་ལྟ་ས་གཙོ་བོ་དང་སློབ་སྦྱོང་བྱེད་ས། ལད་ཟློས་བྱ་གཞི་ཡིན་པས་ཐོག་མར་ཕ་མ་རང་ངོས་ལ་འཚོ་བའི་གོམས་གཤིས་བཟང་པོ་ཞིག་ཡོད་དགོས་ལ། སློབ་སྦྱོང་གི་གོམས་གཤིས་དེ་བས་ཀྱང་ཡག་པོ་ཡོད་དགོས། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་ཆར་འཛམ་གླིང་ཐོག་གཞན་ཕན་གྱི་བྱ་བ་སྒྲུབ་པར་དགའ་ཞིང་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པའི་མི་བུ་ཕལ་ཆེ་བ་ཡང་ཆུང་དུས་ཕ་མའི་དཀའ་སྤྱད་བབ་ཆགས་ཀྱི་འཚོ་བའི་ཤུགས་རྐྱེན་དང་ལྷག་དོན་ཕ་མའི་མིག་དཔེ་བཟང་པོ་འདོན་ཐབས་ལ་འབད་པའི་ཁྱིམ་ཚང་དུ་འཚར་ལོངས་བྱུང་བ་ཡིན་པས། རྒྱ་ཆེའི་ཕ་མ་རྣམ་པ་ཚོས་རང་གི་བུ་ཕྲུག་ལ་གོ་བསྐོན་བློ་འགུགས་དང་རིག་སྟོབས་ཀྱི་ནུས་པར་གཞིགས་ཏེ་ཕྲུ་གུའི་འགྲོ་འདུག་སྤྱོད་གསུམ་གང་གི་ཆ་ནས་ཀྱང་མིག་ལྟོས་འཕེར་བ་ཞིག་ཡོང་ཐབས་བྱེད་དགོས། ཕྲུ་གུར་ཆུང་དུས་ནས་རང་རྐྱ་འཕེར་བའི་གོམས་གཤིས་བཟང་པོ་འཇགས་དགོས་ན། ཕ་མའི་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་དང་ངག་གི་འཇམ་རྩུབ་སོགས་ནས་འགོ་འཛུགས་དགོས། མདོར་ན་ཕྲུ་གུ་ནི་ཕ་མའི་གྲིབ་གཟུགས་དང་ཕ་མ་ནི་ཕྲུ་གུའི་མེ་ལོང་ཡིན་པས། མེ་ལོང་དེ་ངེས་པར་དྭངས་ཤིང་གསལ་བ་ཞིག་ཡིན་དགོས།
གསུམ་པ། ཕྲུ་གུར་ཕུགས་བསམ་གྱི་བློ་ལྡན་དགོས།
ཨུ་རུ་སུའི་གྲགས་ཅན་རྩོམ་པ་པོ་ཐོའར་སི་ཐས“ཕུགས་བསམ་ནི་ལམ་སྟོན་སྒྲོན་མེ་ཞིག་རེད”ཅེས་གསུངས། གཞན་ཡང་ཕུགས་བསམ་ནི་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་། ཕུགས་བསམ་ནི་གསར་གཏོད་ཀྱི་སྒོ་མོ་འབྱེད་པའི་གསེར་གྱི་ལྡེ་མིག་རེད་ཟེར། དོན་གྱི་སྙིང་པོ་ནི་བྱིས་པར་ཕུགས་བསམ་དགོས་པ་གལ་འགངས་ཆེ་བ་དེ་བསྟན་ཡོད། གོང་དུ་ཞུས་པ་ལྟར་ཕ་མ་ནི་ཕྲུ་གུའི་མིག་དཔེ་ལྟ་ས་དང་སློབ་སྦྱོང་བྱེད་ས། དད་གུས་བྱེད་ས། ཡིད་ཆེས་བྱེད་ས་དང་བློས་འགེལ་སའི་མི་ཡིན་པས་ཕ་མར་ཕུགས་བསམ་ཡག་པོ་ལྡན་དགོས་ཤིང་། ཕུགས་བསམ་མངོན་འགྱུར་གྱི་ཆེད་དུ་དཀའ་ངལ་མཐའ་དག་ཁྱད་དུ་གསོད་པའི་སྙིང་སྟོབས་ཡོད་དགོས། དུས་དང་རྣམ་པ་ཀུན་ཏུ་དོན་སྙིང་ལྡན་པའི་བྱ་བ་སྒྲུབ་པར་བརྩོན་དགོས་ཤིང་། བྱིས་པར་ཡང་རང་གི་ལྟོ་གོས་འཕྱིད་ཙམ་གྱི་ཆེད་དུ་ཉི་མ་གང་འཁྱོལ་གྱིས་མི་ཚེ་སྟོང་ཟད་གཏོང་མི་རུང་བའི་ཁ་ཏ་བསླབ་བྱ་བྱེད་དགོས་པ་དང་ལས་ཀ་ལྷོད་གཡེང་དུ་གཏོང་མི་རུང་། ཆུང་དུས་བྱིས་པར་གང་སྤྱིའི་དམིགས་ཚད་འདོན་པ་དང་། དམིགས་ཚད་དེ་ལེགས་གྲུབ་ཡོང་བར་ལྟ་སྐུལ་བྱེད་དགོས་པ་སྟེ་དཔེར་ན། ཆེན་པོ་ཆགས་ནས་སྨན་པ་མཁས་ཅན། ཚན་རིག་པ་མཁས་ཅན། དགེ་རྒན་བཟང་པོ་སོགས་བྱེད་ཐུབ་པའི་སྐུལ་མ་བྱེད་དགོས། ལྷག་པར་དུ་ཕ་མ་རང་ངོས་ནས་མིག་ལྟོས་འཕེར་བའི་བྱ་བ་སྒྲུབ་ཐབས་ལ་བརྩོན་ཏེ། ཕྲུ་གུར་ཆུང་དུས་ནས་དཀའ་སྤྱད་འབད་འཐབ་ཀྱིས་རང་འཁྲིའི་ལས་འགན་སྒྲུབ་པའི་ས་བོན་ཞིག་སེམས་ཀྱི་གཏིང་དུ་འདེབས་དགོས། མདོར་ན་འཕྲལ་ཕུགས་གང་ཐད་ནས་རེ་བ་ནན་པོ་བཅོལ་ནས་ཆེ་སར་འབྱུང་འགྱུར་མི་རིགས་ལ་ཕན་པ་དང་རྒྱལ་ཁབ་ལ་བྱས་རྗེས་འཇོག་ཐུབ་མཁན་གྱི་མི་སྣ་བཟང་པོ་ཞིག་བྱ་ཐུབ་པར་ཁྲིད་སྟོན་བྱེད་དགོས་ལ། ཆུང་སར་རང་གིས་གང་བསམ་གང་བཤད་དོན་འཁྱོལ་ཐུབ་མཁན་གྱི་མི་ཞིག་ཆགས་པར་ཁྲིད་སྟོན་བྱེད་དགོས་སོ།
བཞི་པ། ཕྲུ་གུའི་དགའ་ཕྱོགས་དང་དད་ཕྱོགས་ལ་བརྩི་འཇོག་བྱེད་དགོས།
ཇི་སྐད་དུ། དད་པ་སྔོན་འགྲོ་མ་ལྟར་སྐྱེས་པ་ཡིས། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་གྱུར། །ཅེས་པ་ལྟར་དད་པ་ནི་དགེ་རྒན་གྱི་མཆོག་དང་། དད་པའི་སྟོབས་ཤུགས་ནི་འགྲན་ཟླ་བྲལ་བ། དད་པ་ནི་ལེགས་གྲུབ་ཀྱི་ཐོག་ཁར་འཛེག་པའི་གློག་སྐས་ཡིན་པར་གྲགས་པས། ཕྲུ་གུའི་དགའ་ཕྱོགས་དང་དད་ཕྱོགས་ལ་ངེས་པར་དུ་བརྩི་འཇོག་དང་རྒྱབ་སྐྱོར་བྱེད་དགོས། དཔེར་ན། ཕྲུ་གུ་ཁག་གཅིག་བོད་ཡིག་སྦྱོང་བར་དགའ་ཞིང་ཁག་གཅིག་རྩིས་རིག་ལ་དགའ་བ། ཡང་ཁག་གཅིག་གླུ་ལེན་གར་འཁྲབ་ལ་དགའ་བ། ཁག་གཅིག་སྤོ་ལོར་ཧ་ཅང་དགའ། ཡང་ཁག་གཅིག་ཆུ་རྐྱལ་ལ་དགའ་བ་སོགས་མོས་པ་སྣ་ཚོགས་ལྡན་ཞིང་། བྱིས་པའི་བག་ལ་ཞ་བའི་ཐུན་མིན་གྱི་ཁྱད་ཆོས་དང་དགའ་མོས་ཤེས་རྟོགས་བྱེད་པ་ནི་སློབ་གསོ་ཇི་ལྟར་གཏོང་བའི་སྔོན་འགྲོ་ཡིན་པས་དེའི་ཐད་ཧོལ་རྒྱུགས་བྱ་མི་ཉན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། འབྲོག་པ་རྣམས་ཀྱིས་ཕག་ཤ་ཟ་བ་དང་། །གྲོང་པ་རྣམས་ལ་མར་ཁུ་འཐུང་བ་སོགས། །མི་འདོད་ནན་གྱིས་བསྐུལ་བའི་དོན་ཡང་མེད། །འདོད་ན་བཙན་གྱིས་འགོག་པའི་དོན་ཡང་མེད། །ཅེས་གསུངས་པ་བཞིན་ཕ་མའི་རེ་བ་དང་བསམ་ཕྱོགས་ལྟར་བྱིས་པར་བཙན་གྱིས་ཁྲིད་པའི་བྱེད་ཐབས་ཁག་མེད་པར་བཟོས་ཐོག གཙོ་བོ་རང་གི་བྱིས་པའི་དགའ་ཕྱོགས་གང་ཡོད་པ་དེ་དང་བསྟུན་ནས་ཡང་དག་པའི་ཐབས་ཤེས་གང་མང་སྤྱད་དགོས། དེ་ལྟ་བུའི་དགའ་པོ་བྱ་ཡུལ་མངོན་འགྱུར་ཡོང་བར་ཁྱིམ་བདག་ནས་དཔལ་འབྱོར་ཐད་ཀྱི་རོགས་སྐྱོར་གཙོ་བོ་མ་ཡིན་པར་བསམ་བློའི་ཐད་ཀྱི་མཛུབ་ཁྲིད་གང་ལེགས་བྱེད་དགོས། ཕྲུ་གུའི་དགའ་ཕྱོགས་ལ་སྣང་ཆེན་དང་རྒྱབ་སྐྱོར། དགའ་ཕྱོགས་ཀྱི་ནུས་པ་འདོན་སྤེལ་བྱེད་སའི་ཁོར་ཡུག་མཁོ་འདོན་གནང་དགོས་ལ། ཁོ་ཚོ་རང་ཚུགས་ཐུབ་པའི་སྒོ་ནས་རང་རང་གི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་མ་ཡང་བྱེད་དགོས།
མདོར་ན། ཁ་ཆེ་ཕ་ལུ་ལས། ལྕང་གསར་ཆུང་དུས་འདྲོངས་ན་འདྲོངས་པ་ཡིན་ཞེས་པ་ཡང་གལ་ཆེ་བ་ཡིན། སློབ་གསོ་ལ་རིགས་མང་པོ་ཡོད་ནའང་། སློབ་གསོ་ཀུན་གྱི་མ་མར་གྱུར་པ་ནི་ཁྱིམ་ཚང་སློབ་གསོ་རེད། དེས་ན། རྒྱ་ཆེའི་ཁྱིམ་བདག་རྣམ་པས་བུ་སྐྱོང་གི་ལམ་དུ་བྱིས་པར་བསྔགས་བརྗོད་བྱེད་ཐབས་དང་། གོམས་གཤིས་བཟང་པོ་གསོ་སྐྱོང་བྱེད་ཐབས། ཕྲུ་གུར་ཕུགས་བསམ་རྒྱུད་ལ་སྐྱེ་ཐབས། ཕྲུ་གུའི་དགའ་དད་ཕྱོགས་ལ་བརྩི་འཇོག་བྱེད་ཐབས་སོགས་སློབ་གསོའི་ཐབས་ལམ་ཁག་གང་ལེགས་སྤྱོད་ཐུབ་ན། བྱིས་པའི་རང་གཤིས་ལ་བརྩི་འཇོག་དང་སྲུང་སྐྱོང་གང་ལེགས་བྱེད་ཐུབ་པ་མ་ཟད། རང་ཚུགས་ཅན་གྱི་བྱིས་པ་ཞིག་ཏུ་གསོ་སྐྱོང་བྱེད་ཐུབ། ཕྲུ་གུར་ཆུང་དུས་ནས་ལག་པ་གང་མང་སྒུལ་བའི་གོམས་གཤིས་འཇགས་པ་དང་། ལྷག་པར་དཀའ་ངལ་མཐའ་དག་ཁྱད་དུ་གསོད་ཕོད་པའི་སྙིང་སྟོབས་སྤེལ་ཐུབ་ན། ད་གཟོད་ཀུན་སྤྱོད་གཉིས་ལྡན་གྱི་མི་བུ་འཇོན་ཐང་ཅན་ཞིག་སྐྱོང་ཐུབ་ངེས་རེད་སྙམ།
(ལྷོ་ཁ་གྲོང་ཁྱེར་ཚོད་ལྟའི་སློབ་གྲྭའི་ཡེ་ཤེས་ཆོས་སྒྲོན)
འགན་འཁུར་རྩོམ་སྒྲིག་པ། 德吉普尺
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣