དེ་ཡང་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་སློབ་ཚན་ལེགས་པོ་འཚོག་ཐུབ་མིན་དང་སློབ་ཕྲུག་རྣམས་ལ་སྦྱངས་འབྲས་ལེགས་ཞན་གང་འདྲ་ཡོང་མིན་དེར་ཕྱོགས་མང་པོའི་རྒྱུ་དང་རྐྱེན་ལ་འབྲེལ་བ་ཡོད་མོད། དགེ་རྒན་རང་ཉིད་ཀྱིས་སློབ་ཁྲིད་དངོས་གཞི་འགོ་མ་བཙུགས་གོང་སློབ་ཚན་གྱི་གྲ་སྒྲིག་འཐུས་ཚང་གང་འདྲ་བྱུང་མིན་དང་ཐད་ཀར་འབྲེལ་བ་ཆེན་པོ་ཡོད།
སློབ་ཚན་གྱི་གྲ་སྒྲིག་དགེ་རྒན་གྱི་འདོར་དུ་མེད་པའི་སློབ་ཁྲིད་ཀྱི་བརྒྱུད་རིམ་ཞིག་ཆགས་ཟིན་པས། སློབ་ཚན་ཁྲིད་ཐབས་ཞིབ་ཕྲ་དང་ཐབས་ཤེས་གསར་པའི་སློབ་ཚན་གྲ་སྒྲིག་སྐོར་གྱི་དཔྱད་གཞི་ཁག་ལ་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་དང་རྒྱུས་ལོན་བྱེད་དགོས་པ་གལ་འགངས་ཤིན་ཏུ་ཆེ། དགེ་རྒན་གྱིས་སློབ་གྲྭ་སོ་སོས་བཟོས་པའི་སློབ་ཚན་གྲ་སྒྲིག་གི་ལས་འགན་འགྲུབ་ཙམ་བྱུང་ན་འགྲིག་པའི་ངོས་འཛིན་ལ་སྒྱུར་བཅོས་མི་བྱེད་པ་དང་། དེ་བཞིན་ལོ་རིམ་གཅིག་རང་ཐེངས་མང་འཁྲིད་མཁན་གྱི་དགེ་རྒན་ཞིག་ཡིན་ཕྱིན་སློབ་ཚན་ཇི་ལྟར་འཁྲིད་དགོས་པའི་གྲ་སྒྲིག་ཡང་བསྐྱར་བྱེད་དགོས་མེད་པའི་ངོས་འཛིན་བྱེད་པ། ཡང་ན་གྲ་སྒྲིག་བྱེད་དགོས་བྱུང་ཡང་འཁྲིད་བྱའི་ནང་དོན་ལ་འགྱུར་བ་ཆེར་མེད་པས་གྲ་སྒྲིག་སྟབས་བདེ་ཞིག་བྱས་ན་འགྲིག་སྙམ་པའི་འདོད་ཚུལ་འཛིན་པ་ནི་སློབ་གསོ་འཕེལ་རྒྱས་ཀྱི་དགོས་མཁོ་དང་མི་འཚམ་ལ་སློབ་མའི་འཚར་ལོངས་ཀྱི་རེ་བ་དང་མི་མཐུན།
སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་སློབ་ཕྲུག་གི་སྦྱངས་འབྲས་ཞན་པོ་མཐོང་དུས། འགན་འཁྲི་ཡོད་ཚད་སློབ་མར་ཡོད་ཤག་ཤག་བྱ་མི་རུང་བ་དང་། དགེ་རྒན་རང་ཉིད་ཀྱི་སློབ་ཚན་གྱི་གྲ་སྒྲིག་འཐུས་ཚང་བྱུང་ཡོད་མེད་དང་། སློབ་ཁྲིད་དེ་སློབ་མའི་ཆུ་ཚད་དང་འཚམ་པོ་ཡོད་མེད། སློབ་ཁྲིད་ཀྱི་ཐབས་ཤེས་དེ་དུས་བསྟུན་འཕེལ་རྒྱས་བྱུང་ཡོད་མེད་སོགས་རྒྱུ་རྐྱེན་མང་པོ་དང་འབྲེལ་བ་ཡོད་པ་ཤེས་དགོས།
སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་སློབ་ཚན་གོང་གི་གྲ་སྒྲིག་ལ་སྣང་ཆུང་མི་བྱེད་པར་གྲངས་སྤུས་གཉིས་འཛོམས་ནས་མཚོན་ཐུབ་པའི་འབད་འཐབ་བྱེད་དགོས་པ་མ་ཟད། གོམ་པ་རིམ་འགྲོས་ཀྱིས་སློབ་ཁྲིད་ཀྱི་ཐབས་ཤེས་གསར་པ་དང་མྱོང་ཆ་གསར་པ་བསྡུ་ལེན་བྱེད་པར། ཁ་ཡང་ཙམ་དང་ལག་པ་མང་ཙམ་བསྒུལ་ནས་སློབ་ཁྲིད་ཀྱི་སྙིང་བཅུད་གཟུང་ཐུབ་ཚེ། སློབ་མ་ཚོའི་སྦྱངས་འབྲས་ཡར་རྒྱས་ལ་ཕན་པ་ཆེ་བར་སྙམ།
འོ་ན་དགེ་རྒན་གྱི་སློབ་ཁྲིད་གོང་གི་སློབ་ཚན་གྲ་སྒྲིག་གི་གྲབས་དེབ་ལ་ཚད་གཞི་གང་འདྲ་ཞིག་ལྡན་དགོས་སམ་ཞེས་ན། དེ་ཡང་སློབ་ཚན་གྲབས་དེབ་ལ་རྒྱུན་གཏན་རང་བཞིན་གྱི་ནང་དོན་ཁག་ཚང་དགོས་ཁར། ད་དུང་གཤམ་གྱི་ནང་དོན་འགའ་ཁ་སྣོན་བརྒྱབ་ཚེ་དེ་བས་ལེགས་ཆ་ཆེ་བར་སེམས།
དེ་ཡང་ན་ཚོད་ཕྲ་བའི་སློབ་མ་རྣམས་ལ་མཚོན་ན། མ་གཞི་སྤྱང་གྲུང་ལྡན་ལ་རིག་པ་སྐྱེན་པ་དང་། རྣམ་རིག་བཀྲ་པོ་ཡོད་མོད། ཡིན་ན་ཡང་ལོ་ཚོད་ཆུང་བའི་དབང་གིས་ཁོ་ཚོའི་བསམ་བློ་འགྱུར་སླ་ཞིང་། ཕྱི་རོལ་ཡུལ་གྱི་ཤུགས་རྐྱེན་ཐེབས་སླ་བ་དང་། ཁ་གཡེང་མིག་གཡེང་ལ་དགའ་བ། བློ་སེམས་གཅིག་སྡུད་བྱེད་པའི་དུས་ཡུན་ཐུང་བར་བརྟེན། དགེ་རྒན་རང་ཉིད་ཀྱིས་སློབ་ཁྲིད་གོང་གི་སློབ་ཚན་གྲ་སྒྲིག་གི་གྲབས་དེབ་སྟེང་ཐབས་ལམ་གང་དང་གང་སྤྱད་དེ་ཁོ་ཚོའི་བློ་སེམས་འགུག་ཐུབ་པའི་བྱ་ཐབས་སྤེལ་དགོས་པ་དང་། ཁོ་ཚོའི་ལོ་ནའི་ཁྱད་ཆོས་དང་དུས་སྐབས་མི་འདྲ་བའི་སློབ་མ་སོ་སོའི་སེམས་ཁམས་ཁྱད་ཆོས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་སློབ་མའི་དད་མོས་སྐྱེད་སྲིང་དང་། བློ་ཁ་འགུག་ཐབས་སོགས་ཚང་མ་སློབ་ཁྲིད་དངོས་གཞི་མ་འཚོགས་གོང་ནས་གྲ་སྒྲིག་འཐུས་ཚང་བྱེད་དགོས་པ་དང་། ཟིན་བྲིས་ཁ་གསལ་རྒྱག་དགོས།
སློབ་ཕྲུག་གི་ལོ་ནའི་ཁྱད་ཆོས་གཞིར་བཟུང་ནས་སློབ་ཕྲུག་ཚོས་ངེས་བདེ་བ་དང་། ཤེས་བདེ་བ། མང་ཉུང་འཚམ་པ། འཚོ་བ་དངོས་ཀྱི་ནང་བསླབ་བྱའི་རང་བཞིན་ཟབ་པའི་དོན་དངོས་དཔེར་དྲངས་ཏེ་ན་ཆུང་སློབ་མ་རྣམས་བློ་རྩེ་གཅིག་སྒྲིམ་སྒོས་སློབ་ཚན་ཉན་ཐུབ་པའི་གྲ་སྒྲིག་བྱེད་དགོས། དེ་ཡང་སློབ་ཁྲིད་གོང་གི་སློབ་ཚན་གྲ་སྒྲིག་གི་གྲབས་དེབ་ཏུ་མཐོང་ཐོས་ཉུང་བའི་ཚིག་དང་ནང་དོན་ཅང་ཅང་ཡིན་པའི་རིགས་མི་ཐོན་པ་བྱེད་དགོས་ཏེ། དེ་དག་ནི་ན་ཆུང་སློབ་མ་རྣམས་ལ་མཚོན་ན་ཕན་ཐོགས་ཆེར་མེད་པ་ཁ་གསལ་གཏིང་གསལ་རེད།
དགེ་རྒན་སུ་དང་གང་ལ་མཚོན་ན་ཡང་། འཛིན་གྲྭ་དེའི་སློབ་མ་ཡོངས་ཀྱི་ཤེས་བྱ་གོང་མཐོར་གཏོང་ཐུབ་པ་དགོས་ཤིང་། སྦྱངས་འབྲས་ལེགས་པའི་སློབ་མ་རྣམས་སྨོས་ཅི། དེ་བས་སྦྱངས་འབྲས་ཞན་པའི་སློབ་ཕྲུག་ཚོར་དམིགས་ནས་སློབ་ཁྲིད་ཀྱི་ཐབས་ལམ་གང་ཞིག་སྤྱོད་པར་མནོ་བསམ་གང་མང་གཏོང་དགོས། དེ་ནི་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་ཤེས་པའི་གནད་དོན་ཞིག་ཡིན་པས། སློབ་ཁྲིད་གོང་གི་སློབ་ཚན་གྲ་སྒྲིག་བྱེད་སྐབས་དུས་བསྟུན་བཟོ་བཅོས་དང་གྲ་སྒྲིག་བྱེད་དགོས་པ་ཞིག་རེད། ཟུར་དུ་སློབ་གསོ་གཏོང་ཐབས་དང་། ཟུར་ཁྲིད་བྱེད་ཐབས། སྐུལ་ལྕག་བྱེད་ཐབས་སོགས་དགེ་རྒན་རང་གིས་སྤྱད་པའི་ཐབས་ཤེས་དང་སློབ་ཕྲུག་ཁྱོན་ཡོངས་ཀྱི་རོགས་རམ་དང་སྐུལ་འདེད་འོག་སྦྱངས་འབྲས་ཞན་པ་དང་ཀུན་སྤྱོད་ཞན་པའི་སློབ་མ་དག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱེད་ཐུབ་ན་འཛིན་གྲྭ་ཡོངས་ཀྱི་སྦྱངས་འབྲས་གོང་མཐོར་གཏོང་ཐུབ།
སློབ་ཁྲིད་གོང་གི་སློབ་ཚན་གྲ་སྒྲིག་བྱེད་སྐབས་དུས་ཚོད་བཀོད་སྒྲིག་ཡང་དག་པ་བྱེད་པ་ནི་རང་གི་སློབ་ཁྲིད་བྱ་བར་མཐའ་མའི་གྲུབ་འབྲས་བཟང་པོ་ལེན་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། ངེས་པར་དུ་དཀའ་གནད་ཐུག་སྐབས་དང་སློབ་མཇུག་སླེབས་སྐབས་གློ་བ་རྒྱང་རྒྱང་གི་སྣང་ཚུལ་མི་ཐོན་པའི་ཆེད་དུ་དུས་ཚོད་བཀོད་སྒྲིག་ཁ་གསལ་ཡོང་ཐབས་བྱེད་དགོས། དེ་ནི་དུམ་མཚམས་རང་བཞིན་གྱི་བཀོད་སྒྲིག་དང་ཕྱོགས་སྡོམ་འཆར་གཞི་ལྟར་ལེགས་གྲུབ་ཡོང་བར་བྱེད་པའི་གྲ་སྒྲིག་གི་བརྒྱུད་རིམ་གལ་ཆེན་ཞིག་རེད། སློབ་དུས་ཧྲིལ་པོའི་སློབ་ཚན་རྣམས་དུས་བཀག་ལྟར་ལེགས་གྲུབ་ཡོང་བ་དང་། བསྐྱར་སྦྱོང་གི་དུས་ཚོད་དང་ཚོད་རྒྱུགས་ཀྱི་དུས་ཚོད་ལུགས་མཐུན་བཀོད་སྒྲིག་སོགས་ཚང་མ་དེར་ཚུད་དགོས།
སློབ་ཁྲིད་གོང་གི་སློབ་ཚན་གྲ་སྒྲིག་གི་སྐབས་སློབ་ཁྲིད་ཧྲིལ་པོར་དགེ་རྒན་གྱིས་བཤད་རྐྱང་དང་སློབ་ཕྲུག་གི་ཉན་རྐྱང་བྱས་ཏེ་སློབ་མ་རྣམས་ཉོབ་ཏུ་འཇུག་པའི་གོམས་གཤིས་དེ་རིགས་ཀྱི་སྐྱོན་ཆར་ཕྱོགས་སྡོམ་དང་། སློབ་གཞི་གསར་བཅོས་ཀྱི་དགོངས་དོན་ལྟར་སློབ་མ་དང་དགེ་རྒན་ཕྱོགས་གཉིས་ཀར་འབྲེལ་བ་ཟབ་པའི་ཐད་མཐོང་སློབ་ཁྲིད་དང་། རྒྱུན་མཐོང་སློབ་ཁྲིད། ཟུར་བསྟན་ལེབ་མཐོང་གིས་སློབ་ཁྲིད་བྱ་ཐབས་སོགས་ཐབས་ལམ་གང་དང་གང་སྤེལ་ཏེ་སློབ་ཚན་ཧྲིལ་པོ་གསོན་ཉམས་དོད་ལ་འཁྲུག་ཆ་ལྡན་པ་དང་། ནང་དོན་ཕུན་སུམ་ཚོགས་པོ་ཡོང་བའི་གྲ་སྒྲིག་བྱེད་དགོས།
མདོར་ན་སློབ་ཁྲིད་གོང་གི་སློབ་ཚན་གྲ་སྒྲིག་སྐབས་སློབ་ཚན་ཧྲིལ་པོར་དགེ་རྒན་གྱི་སློབ་ཁྲིད་འཇོན་ནུས་དང་སློབ་ཕྲུག་གི་རིག་སྟོབས་མི་འདྲ་བའི་དབང་གིས་སློབ་ཕྲུག་ཁྲོད་དུ་ཤེས་ཚད་མཐོ་དམའ་ཅི་རིགས་ཐོན་སྲིད་པས། ཁོ་ཚོར་གདེང་འཇོག་ཇི་ལྟར་བྱེད་མིན་སོགས་ལ་སྔོན་ཚུད་ནས་གྲ་སྒྲིག་ཨང་བསར་དགོས་པ་ནི་གལ་འགངས་ཧ་ཅང་ཆེ། ན་ཆུང་སློབ་མ་ཚོའི་ངོས་ནས་བརྗོད་ན་སློབ་སྦྱོང་གི་སྦྱངས་འབྲས་ཙམ་མ་ཟད་སེམས་ཁམས་བདེ་ཐང་གི་འཚར་ལོངས་ནི་དེ་བས་གལ་འགངས་ཆེ།
(གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སློབ་ཆུང་གཉིས་པ་འཛོམས་སྐྱིད)