དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ལྗོངས་གྲོ་མོས་ཚན་རྩལ་ལ་བརྟེན་ནས་སྣོད་བཅུད་ཆུ་བོ་ཕྱུག་འགྱུར་འབྱུང་ཁུངས་ལ་བསྒྱུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-18

    གངས་རིའི་ཆུ་མིག་དྲངས་ནས་ཉ་ཕྲུག་སྙོལ་བར་འཚོ་བཅུད་སྤྲོད་པ་དང་། ཤང་ཤང་དུ་རྒྱུག་པའི་གཙང་པོ་ཉ་གསོ་ས་བྱེད་པ། བེད་སྤྱད་ཟིན་པའི་ཆུ་དྭངས་གསིང་འབྱེད་པ་སོགས་གཟབ་ནན་གྱི་ཁོར་ཡུག་སྲུང་སྐྱོང་གི་གོ་རིམ་བརྒྱུད་རྗེས་སླར་ཡང་ཆུ་དེ་དག་གཙང་པོའི་ནང་གློད་ཀྱི་ཡོད་ལ། ཆུ་འདྲེན་འབུད་བྱེད་རིང་ཉ་ཕྲུག་ཆེན་པོ་ཆགས་པ་དང་། ཉ་ཆེ་བ་བཙོངས་ནས་མང་ཚོགས་ལ་འབབ་འཕར་བཏོད་པ་དེ་ནི་གྲོ་མོ་རྫོང་གི་ལངས་གཟུགས་སྣོད་བཅུད་ཐོན་ལས་གླིང་གི་ཉ་གསོ་སྤེལ་ལས་གྲྭའི་རྣམ་པ་ཞིག་རེད། ཚེས་13ཉིན“དུས་རབས་གསར་པར•མཐའ་མཚམས་སུ་བསྐྱོད་པའི་བོད་ལྗོངས་ལེའུ”ཞེས་པའི་དྲ་ཐོག་དཔྱད་འཇོག་ཁྲིད་སྟོན་གྱི་དྲ་ཕྱིའི་བྱེད་སྒོ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུ་སྤེལ་ནས་སྨྱན་སྦྱོར་གྱི་གསར་འགོད་པ་དང་དྲ་རྒྱའི་དྲང་ནུས་མི་སྣ་30ལྷག་ཙམ་གནས་དེ་གའི་སྣོད་བཅུད་ཐོན་ལས་གླིང་དུ་ཡོང་ནས“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”སྣོད་བཅུད་ཀྱི་འཆར་འགོད་མཐོང་བ་རེད།

    གྲོ་མོའི་ཉའི་ཤ་སོས་ཤིང་སྙི་བ་དང“གཙང་ཁུལ་གྱི་སྔོ་ལྗང་མཛེས་ལྗོངས་ཀྱི་ཆུ་ནང་མཆོག་ནོར”ཞེས་པའི་མཚན་སྙན་ཡོད་པ་རེད། 1992ལོར་གྲོ་མོའི་ཉ་དེ་བོད་ཀྱི་རིམ་པ་གཉིས་པའི་གཙོ་གནད་ཆུ་སྐྱེས་དང་རི་སྐྱེས་སྲུང་སྐྱོང་སྲོག་ཆགས་ཀྱི་གྲས་སུ་བཅུག་པ་དང་། སྲིད་གཞུང་གི་ཁྲིད་སྟོན་འོག་ས་གནས་དེ་གའི་མང་ཚོགས་ཀྱིས་གྲོ་མོའི་ཉ་མི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱེད་པའི་ཚོད་ལྟ་བྱས་མོད། འོན་ཀྱང་གསོ་སྤེལ་ལག་རྩལ་སོགས་ཀྱིས་རྐྱེན་པས་ཐོན་སྐྱེད་གཉེར་སྐྱོང་གི་གཞི་ཁྱོན་རྒྱ་ཆེར་གཏོང་ཐུབ་མེད། “གྲོ་མོའི་ཉར་འཚམ་པའི་སྐྱེ་འཕེལ་གྱི་ཆུའི་དྲོད་ཚད་ནི་ཧྲེ་ཧྲི་ཏུའུ་8ཡས་མས་ཡིན་པ་དང་། འདི་གར་དགུན་དུས་དང་དཔྱིད་དུས་ཀྱི་རང་བྱུང་ཆུའི་དྲོད་ཚད་ཏུའུ་0.2ལས་སླེབས་ཀྱི་མེད་པས་ཉའི་སྐྱེ་འཕེལ་ལ་ཚད་བཀག་ཐེབས་ནས་ཉ་ཕྲུག་འཕེལ་ཚད་ཉུང་དུ་སོང་ཡོད”ཅེས་བོད་ལྗོངས་ཀོ་ཧྥེང་སྣོད་བཅུད་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་མགོན་པོས་བརྗོད།

    2015ལོར་གྲོ་མོ་རྫོང་དང་ཧྲང་ཧའེ་རྒྱ་མཚོ་སློབ་ཆེན་གྱིས་མཉམ་ལས་བྱས་ཏེ་གྲོ་མོའི་ཉའི་ཐོན་སློབ་ཞིབ་གསུམ་གྱི་རྟེན་གཞི་བཙུགས་པ་དང་། ཧྲང་ཧའེ་རྒྱ་མཚོ་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་གྱི་རོགས་རམ་འོག་ཡུལ་དེས་གྲོ་མོའི་ཉ་མི་ཐབས་ལ་བརྟེན་པའི་སྔོན་ཐོན་གྱི་གསོ་སྤེལ་ལག་རྩལ་ཁོང་དུ་ཆུད་པ་རེད། འདི་ལོའི་ལོ་སྟོད་དུ་ས་གནས་དེ་གས་འཛམ་གླིང་གི་སྔོན་ཐོན་སྒྲིག་ཆས་ནང་འདྲེན་བྱས་ནས་བསྐྲུན་པའི་འཁོར་རྒྱུག་རྫིང་བུའི་གསོ་སྤེལ་དངོས་སུ་སྤྱོད་འགོ་ཚུགས་ཤིང་། མང་ཚོགས་ཀྱིས་ཁ་ཐོར་གསོ་སྤེལ་བྱས་པའི་ཉ་གཅིག་གྱུར་བསྡུ་ཉོ་དང་དྲོད་ཚད་ཚོད་འཛིན་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཉའི་སྐྱེ་འཕེལ་གྱི་དུས་འཁོར་མངོན་གསལ་དོད་པོས་ཐུང་དུ་ཕྱིན་པ་དང་དཔལ་འབྱོར་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་རེད།

    འཁོར་རྒྱུག་རྫིང་བུའི་གསོ་སྤེལ་ཁྲོད་བྱེ་མ་བཤངས་འབུད་དང་། རྒྱུ་ཆ་གཙང་སེལ། དབྱང་རླུང་འདུ་ཚད་ཆེ་རུ་གཏོང་བ། སྨུག་ཕྱིའི་གློག་གིས་དུག་སེལ་སོགས་ཀྱི་གོ་རིམ་བརྒྱུད་གངས་རིའི་ཆུ་མིག་དེ་ཐད་ཀར་ཉ་ཕྲུག་སྙོལ་བའི་ཆུ་རུ་འགྱུར་གྱི་ཡོད་པ་དང་། གཙང་ཆུ་དེ་ཐད་ཀར་ཉ་གསོ་བའི་ཆུ་རུ་འགྱུར་གྱི་ཡོད་ལ། སྙིགས་རོ་བཤངས་འབུད་ནན་པོ་བྱེད་པ་སོགས་ཀྱི་གོ་རིམ་བརྒྱུད་ཉ་གསོའི་རྫིང་བུས་ཉིན་ལྟར་འབུད་གཏོང་བྱས་པའི་5%ཡི་ཆུ་བོ་སླར་ཡང་གཙང་པོའི་ནང་འདྲེས་ནས་རྒྱུག་ཆུའི་ནང་ཉ་གསོ་སྤེལ་ཐུབ་ཀྱི་ཡོད།

    “དེ་སྔོན་ལོ་གསུམ་དང་ཕྱེད་ཀའི་ནང་ཆེན་པོ་ཆགས་ནས་ཕྱིར་ཚོང་བྱེད་པའི་གྲོ་མོའི་ཉ་ད་ཆ་ཐོན་སྐྱེད་ཀྱི་དུས་འཁོར་ཕྱེད་ཀ་ལྷག་ཙམ་གྱིས་ཐུང་དུ་ཕྱིན་ཡོད་པ་དང་། རྫོང་ཡོངས་ཀྱི་ཐོན་རྫས་རིན་ཐང་དེ་ལོ་རེར་ཏུན་བཅུ་འཕར་བ་ནས་ལོ་རེར་ཏུན་ཉི་ཤུ་བར་མང་དུ་ཕྱིན་ཡོད”ཅེས་མགོན་པོས་སྤོབས་པ་ཆེན་པོས“མང་ཚོགས་ཀྱིས་ཉ་ཚད་གཞི་ངེས་ཅན་གསོས་རྗེས་ཀུང་སིས་གཅིག་གྱུར་ངང་བསྡུ་ཉོ་བྱས་པ་དང་སླར་ཡང་ཉ་བཙོངས་བའི་ཚད་གཞི་བར་གསོས་ནས་ཁྲོམ་རར་ཕྱིར་ཚོང་བྱེད་པར་སྦྲེལ་མཐུད་བྱས་པ་བརྒྱུད་དུད་ཚང་800ལྷག་ཙམ་ལ་ལོར་ཆ་སྙོམས་ཡོང་འབབ་སྒོར་4600ཡོང་བར་ཐད་ཀར་ཁྲིད་སྟོན་བྱས་པ་རེད”ཅེས་བརྗོད།

    ཚན་རྩལ་གྱི་རམ་འདེགས་འོག་ཤང་ཤང་དུ་རྒྱུག་པའི་གཙང་པོ་དེ་གྲོ་མོ་རྫོང་གི་རྫོགས་མཐའ་མེད་པའི་ཕྱུག་འགྱུར་འབྱུང་ཁུངས་སུ་གྱུར་ནས་ས་ཆ་དེ་གའི་མི་ཚོ་སྐྱོང་བཞིན་གོམ་ཞེང་ཆེན་པོས་འབྱོར་འབྲིང་ཕྱོགས་སུ་བསྐྱོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།