ཟླ་9ཚེས་11ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ། རྒྱ་ཆེའི་ཚན་རིག་མཁས་ཅན་དང་ཚན་རྩལ་ལས་དོན་པས་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནས་འཛམ་གླིང་ཚན་རྩལ་གྱི་མདུན་གྲལ་ལ་ཕྱོགས་པ་དང་། དཔལ་འབྱོར་གྱི་འཐབ་ས་གཙོ་བོར་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཕྱོགས་པ་བཅས་མཐའ་འཁྱོངས་བྱས་ཏེ། ཚན་རིག་ལག་རྩལ་གྱི་རྒྱ་ཆེ་གཏིང་ཟབ་ཕྱོགས་སུ་ཟམ་མི་ཆད་པར་དཔུང་འཇུག་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
ཉིན་ཤས་བསྟུད་མའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་རྒྱ་ཆེའི་ཚན་རིག་མཁས་ཅན་དང་ཚན་རྩལ་ལས་དོན་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་བློ་ལ་བརྟན་པོར་ངེས་ནས་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་དང་། ལོ་རྒྱུས་ཀྱིས་དཀྲིས་པའི་ཚན་རྩལ་གསར་གཏོད་ཀྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་བ། སྒེར་གྱི་ཚན་རིག་དོན་གཉེར་བྱ་རྒྱུ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བྱ་གཞག་མཉམ་འདྲེས་ཐུབ་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དོན་འཁྱོལ་ཤུགས་ཆེན་བྱེད་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བརྗོད་པ་རེད།
“རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོས་གསར་གཏོད་བྱེད་ཕོད་པའི་བརྗིད་ཆེའི་བློ་སྟོབས་ལ་བརྟེན་ནས་རིགས་པའི་གཞུང་ལུགས་གསར་པ་དོན་གཉེར་བྱེད་ཕོད་པ་དང་། ཁྱབ་ཁོངས་གསར་པ་གཏོད་པ། ཐབས་ལམ་གསར་པ་འཚོལ་ཞིབ་བཅས་བྱས་ཏེ། ཐུན་མོང་མ་ཡིན་པའི་གསར་གཏོད་དང་རང་ཉིད་ལ་དབང་བའི་ཐད་འབད་བརྩོན་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་ལས་ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་གནམ་དཔྱད་ལས་ཁུངས་ཀྱི་ཞིབ་འཇུག་པ་དང་། བོད་ལྗོངས་ཚན་རྩལ་ཐིང་ཏང་ཙུའི་ཁོངས་མི། ཐིང་ཀྲང་གཞོན་པ་བཅས་ཡིན་པའི་ཝང་ཅུན་ཅེ་ཡིས། ལོ་དེ་དག་རིང་བོད་ཀྱི་གནམ་དཔྱད་ཁྱབ་ཁོངས་སུ་འགག་སྒྲོལ་དཀའ་སེལ་བྱས་པ་དྲན་ཞིང་། ལོ་མང་རིང་ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་གནམ་དཔྱད་ལས་སྟེགས་བཙུགས་པ་དང་། རྒྱང་ཤེལ་བཙུགས་ནས“ཨང་དང་པོ”མང་པོ་བཏོད་ཡོད། ཁོང་གིས“ཚན་རྩལ་ལས་དོན་པས་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ‘འབར་མདེལ་གཉིས་དང་སྲུང་སྐར་གཅིག’གི་སྙིང་སྟོབས་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་བྱེད་པ། ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་བ་བཅས་བྱས་ནས་གསར་གཏོད་ཀྱི་གྲུབ་འབྲས་དེ་བས་མང་པོ་ཐོབ་པ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལ་ཚན་རིག་ལག་རྩལ་གྱི་ཐག་གཅོད་ཇུས་གཞི་ཞིག་སྔར་སོང་དུས་སྐབས་གང་རུང་ཞིག་ལས་ཀྱང་དེ་བས་དགོས་གལ་ཆེ་ཞིང་། སྒུལ་ཤུགས་ཨང་དང་པོ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་གལ་དེ་བས་ཆེ་བ་ཡོད་ཅེས་བཤད་གནང་ཡོད། དེའི་ཐད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཕྱུགས་རིགས་སྨན་པའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཞིབ་འཇུག་པ་པ་སངས་དབང་འདུས་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“འབྲོག་ལས་ནི་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཀ་རྟེན་ཐོན་ལས་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཤིག་རེད། མིག་སྔར་སྲོལ་རྒྱུན་གྱི་རགས་ལས་རྣམ་པའི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་དེ་ཚད་ལྡན་ཅན་དང་། ཞིབ་ལས་ཅན། དེང་རབས་ཅན་བཅས་ཀྱི་ཕྱོགས་སུ་སྒྱུར་བའི་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཀྱི་ཐོན་ཁུངས་སྲུང་སྐྱོང་བྱས་ནས་ཐོན་ཁུངས་གྲོན་ཆུང་ཅན་དང་། ཁོར་ཡུག་འཕྲོད་འབྱོར་ཅན། ཐོན་མཐོ་སྤུས་ལེགས་ཅན། བདེ་འཇགས་བདེ་ཐང་ཅན་བཅས་ཀྱི་འབྲོག་ལས་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཚན་རྩལ་གསར་གཏོད་གནས་བབ་དེ་བས་མངོན་གསལ་དོད་སར་བཞག་སྟེ། བོད་ཀྱི་ཁྱད་ཆོས་ལྡན་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཀྱི་ཐོན་ཁུངས་སྲུང་སྐྱོང་ལྟེ་བར་འཛིན་པ་དང་། འབྲོག་ལས་ལྗང་མདོག་འཕེལ་རྒྱས་གཙོ་རྐང་དུ་འཛིན་པ། འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དམིགས་ཚད་དུ་འཛིན་པ་བཅས་བརྒྱུད། ཕ་ཕྱུགས་གསོ་ཚགས་ལས་རིགས་གསར་གཏོད་ལག་བསྟར་ཤུགས་ཆེན་དང་། རྒྱུད་བཟང་གསོ་སྤེལ་ལག་རྩལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱུད་བཟང་གསོ་སྤེལ་དང་མཁོ་སྤྲོད་ཀྱི་ནུས་པ་ཆེ་རུ་གཏོང་བ། འབྲོག་ལས་ཕྱོགས་སྒྱུར་དང་ཕན་འབྲས་ཆེར་གཏོང་ལ་འཕྲད་པའི་དཀའ་གནད་སེལ་བའི་འགག་རྩའི་ལག་རྩལ་གཙོ་གནད་དུ་འཛིན་པ་བཅས་བྱས་ཏེ་འབྲོག་ལས་ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་པ་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དང་། བོད་ཀྱི་ས་མཐོའི་ཁྱད་ལྡན་དེང་རབས་འབྲོག་ལས་ཐོན་ལས་ཀྱི་ལག་རྩལ་མ་ལག་བསྐྲུན་ནས་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་ཞེས་བརྗོད་པ་རེད།
བོད་ལུགས་གསོ་རིག་གི་རྒྱུན་འཛིན་བ་དང་ཞིབ་འཇུག་པ་ཡིན་པའི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་རིན་ཆེན་རྒྱལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་རྗེས་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནི་མཐོ་གཟིགས་འོག་བསྐྱངས་དང་ནང་དོན་གཏིང་ཟབ་པས། ཚན་ཞིབ་ལས་དོན་པར་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ན་གཞོན་གྱི་ཚན་ཞིབ་ལས་དོན་པ་ཞིག་གི་ཆ་ནས་ངེས་པར་དུ་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། བོད་ལུགས་གསོ་རིག་གི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། འགྲིག་མིན་མི་ལྟ་བར་གཞན་གྱི་ཟེར་སྒྲོས་སུ་འབྲང་བ་དང་རྨོངས་དད་མི་བྱེད་པ་མཐའ་འཁྱོངས། བོད་ལུགས་གསོ་རིག་གི་སྙིང་བཅུད་སྔོག་འདོན་དང་། ལེགས་སྒྲིག རྒྱུན་འཛིན་བཅས་ཧུར་ཐག་བྱེད་པ། དྲང་སྲུང་གསར་གཏོད་བྱེད་རིང་ཚན་ཞིབ་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་བོད་ལུགས་གསོ་རིག་སློབ་ཆེན་རྩེ་གྲ་ཞིག་དང་བོད་ལུགས་གསོ་རིག་ཞིབ་འཇུག་རྟེན་གཞི་རྩེ་གྲ་ཞིག་གཏོད་དེ་མི་རྣམས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་སྐོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།