དེང་གི་འཛམ་གླིང་ནི་ཆ་འཕྲིན་ཅན་གྱི་སྤྱི་ཚོགས་ཤིག་ཏུ་གྱུར་པ་དང་སྤྱི་ཚོགས་ཧྲིལ་པོའི་ལས་རིགས་ཁག་འཕེལ་རྒྱས་འགྲོ་བར་ཆ་འཕྲིན་ཅན་གྱིས་སྐུལ་འདེད་ཀྱི་ནུས་པ་བཏོན་དང་འདོན་མུས་རེད། ལྷག་པར་དུ་ཆ་འཕྲིན་གྱི་ནུས་པ་དང་ཐབས་ལམ་དག་སློབ་གསོའི་བརྒྱུད་རིམ་ནང་བེད་སྤྱོད་ཡང་དག་གཏོང་ཐུབ་ན་སློབ་མའི་ཤེས་བྱ་ཡོན་ཏན་དང་སློབ་ཁྲིད་ཀྱི་སྤུས་ཚད་སྔར་བས་གོང་མཐོར་འགྲོ་བར་དགེ་མཚན་ཆེན་པོ་ལྡན་པ་ནི་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད། དེ་ཡང་ཆ་འཕྲིན་ཅན་གྱི་དེང་རབས་སློབ་གསོས་སློབ་ཁྲིད་ཀྱི་ཐབས་ལམ་དང་། སློབ་ཁྲིད་ཀྱི་ནང་དོན། དགེ་རྒན་གྱི་བྱང་ཚད། སློབ་མའི་བསམ་གཞིག་བྱེད་སྟངས་སོགས་ཚུད་པའི་གནད་དོན་ཕྲ་རག་ཀུན་ལ་འགྱུར་ལྡོག་བཏང་བ་དང་། དགེ་རྒན་གྱི་སློབ་ཁྲིད་ལ་སྟབས་བདེ་བསྐྲུན་པ་མ་ཟད། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བར་བྱས་ནས་སློབ་ཁྲིད་ཀྱི་ལས་ཕྱོད་དང་སྤུས་ཚད་མཐོ་རུ་བཏང་ཡོད། འོ་ན། ཆ་འཕྲིན་ཅན་གྱི་དེང་རབས་སློབ་གསོར་དགེ་མཚན་དང་ཕན་ནུས་ཞིབ་ཕྲ་གང་དག་ཡོད་དམ་ཞེ་ན། གཤམ་ལ་གུས་མོས་རང་ཉིད་ཀྱི་སློབ་ཁྲིད་ཉམས་མྱོང་ལ་བརྟེན་ནས་དེའི་ཐད་རང་གི་ལྟ་ཚུལ་ཅུང་ཟད་གླེང་བར་འདོད་དེ།
གཅིག སློབ་ཁྲིད་ཀྱི་ཐབས་ལམ་ལ་འགྱུར་ལྡོག་བཏང་བ།
དེ་ཡང་སྲོལ་རྒྱུན་གྱི་སློབ་ཁྲིད་བརྒྱུད་རིམ་ནི་སློབ་ཁྲིད་ཀྱི་ནང་དོན་དང་། སློབ་ཁྲིད་ཀྱི་འཆར་གཞིའམ་ཇུས་འགོད། སློབ་ཁྲིད་ཀྱི་ཐབས་ལམ་དང་བཅས་པའི་གོ་རིམ་ཐམས་ཅད་སྤྱིའི་ཆ་ནས་དགེ་རྒན་གཅིག་པོས་ཐག་བཅད་དེ་གང་བཤད་གང་དྲན་ལྟ་བུ་བྱས་པ་ལས། སློབ་མ་རང་ཉིད་ནས་རང་སྟོབས་ཀྱིས་མནོ་བསམ་གཏོང་བ་དང་རང་འགུལ་གྱིས་ལག་པ་འགུལ་བ། རང་ངོས་ནས་ཤེས་བྱའི་དོན་རྟོགས་ཏེ་རང་འགུལ་ངང་གོ་བ་གཏིང་ཟབ་ལོན་པ་སོགས་སློབ་གསོའི་གྲུབ་ཆ་གཙོ་བོ་སློབ་མ་ཡིན་པའི་གལ་ཆེའི་སྙིང་དོན་སྤྱིར་ན་མངོན་མེད་པ་དང་། སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་སློབ་མ་ནི་གཞན་དབང་གི་གནས་བབ་ཏུ་གྱུར་ཡོད། ཡིན་ན་ཡང་། ཆ་འཕྲིན་ཅན་གྱི་དེང་རབས་སློབ་གསོ་ནི་དེ་ལྟར་མ་ཡིན་པར་སློབ་མར་སློབ་སྦྱོང་གི་དཔྱད་གཞི་དང་ཆ་རྐྱེན་སོགས་མཁོ་འདོན་ཕུན་སུམ་ཚོགས་པོ་བྱས་པ་དང་། སློབ་མས་རང་རང་གི་རྨང་གཞི་ལྟར་སྦྱང་བྱའི་ནང་དོན་ལ་ངོས་འཛིན་དང་ཤེས་རྟོགས་ཐུབ་པ་དང་། སློབ་མའི་བློ་སྒོ་ཡངས་པོར་ཕྱེ་ནས་རང་འགུལ་གྱིས་ཤེས་བྱ་ཡོན་ཏན་སྦྱོང་བ་དང་བསམ་གཞིག་བྱེད་པའི་གོམས་གཤིས་བཟང་པོ་ཞིག་འཇགས་རྒྱུར་སྐུལ་འདེད་གཏོང་གི་ཡོད། དགེ་རྒན་གྱི་མཛུབ་མོ་རི་སྟོན་ལས་སློབ་མས་རང་འགུལ་ངང་ཤེས་བྱ་འཚོལ་ཞིབ་དང་བསྡུ་རུབ། རང་འགུལ་གྱིས་བསམ་འཆར་བརྗེ་རེས་བྱེད་པ་མ་ཟད། སྦྱང་བྱའི་ཤེས་བྱ་ཀུན་ལ་གོ་བ་ལོན་ཚད་མགྱོགས་པ། དུས་ཡུན་ཐུང་ངུའི་ནང་ཤེས་བྱ་མང་པོ་ཞིག་གི་དོགས་གཞི་བདེ་བླག་ངང་འགྲོལ་ཐུབ་པ། དེ་བཞིན་དུ་བསླབ་ཚན་གྱི་སྦྱང་གཞི་དག་སློབ་མ་ཕན་ཚུན་དབར་བགྲོ་གླེང་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་དགེ་མཚན་མང་པོ་ཡོད།
གཉིས། དགེ་རྒན་གྱི་སློབ་ཁྲིད་བྱེད་ཐབས་ལ་འགྱུར་ལྡོག་བཏང་བ།
སློབ་ཁྲིད་ཀྱི་སྐབས་སུ་ཆ་འཕྲིན་ཅན་གྱི་དེང་རབས་སློབ་གསོའི་ཐབས་ལམ་ཁྱབ་གདལ་བཏང་ན་སྲོལ་རྒྱུན་གྱི་འཁྲིད་ཐབས་དང་མི་འདྲ་བར་དགེ་རྒན་གྱི་ཁྲིད་རྩལ་དང་བཅས་པར་ཕྱོགས་ཡོངས་ནས་འགྱུར་ལྡོག་གཏོང་ཐུབ་པ་སྟེ། དྲ་བའི་ལག་རྩལ་འཕེལ་རྒྱས་དང་ཁྱབ་གདལ་འགྲོ་ཤུགས་ཆེ་བའི་དུས་འདིར་ཤེས་བྱ་གསར་པ་མགྱོགས་པོ་ཤེས་པ་དང་། རང་ལ་མཁོ་བའི་ཤེས་བྱ་ཡོན་ཏན་ལ་ཉམས་ཞིབ་དང་རང་གི་འཇོན་ཐང་གོང་མཐོར་གཏོང་ཐུབ་ལ། ཆ་འཕྲིན་དུས་རབས་ཀྱི་སློབ་མ་རྣམས་སྔོན་ཆད་དང་མི་འདྲ་བར་གཞན་དབང་ནས་རང་དབང་གྱི་ཕྱོགས་སུ་གོམ་པ་སྤོས་ཤིང་། དགེ་རྒན་ནི་སློབ་མར་ཤེས་བྱ་རིག་གནས་རྐྱང་པ་བརྒྱུད་སྤྲོད་བྱེད་མཁན་ཙམ་ཞིག་མ་ཡིན་པར་སློབ་མའི་སློབ་སྦྱོང་དང་མི་ཚེའི་རིན་ཐང་ལྟ་བའི་སློབ་སྟོན་པ་ཞིག་བྱེད་དགོས་པའི་རེ་བ་བཏོན་ཡོད། དགེ་རྒན་གྱིས་ཆ་འཕྲིན་ཅན་གྱི་དེང་རབས་སློབ་གསོ་བེད་སྤྱོད་ཡག་པོ་བཏང་ནས་སློབ་མ་རྣམས་ལ་སློབ་སྦྱོང་ཇི་ལྟར་བྱེད་དགོས་པ་དང་། སློབ་སྦྱོང་ལ་སྤྲོ་སྣང་འཕེལ་ཐབས་ཇི་ལྟར་བྱེད་དགོས་པ། རིན་ཐང་ལྡན་པའི་མི་ཚེ་ནི་གང་འདྲ་ཞིག་ལ་ཟེར་བ། སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་བཟང་པོ་ཞིག་ཇི་ལྟར་བྱེད་དགོས་པ་སོགས་ལ་ཁྲིད་སྟོན་བྱེད་དགོས། སློབ་མས་ཆ་འཕྲིན་ཅན་གྱི་དེང་རབས་སློབ་གསོའི་ཐབས་ལམ་ལ་བརྟེན་ནས་ཤེས་བྱ་སྣ་མང་ཁོང་དུ་མགྱོགས་པོ་ཆུད་ཐུབ་ན་ཡང་། དགེ་རྒན་གྱིས་ཡང་དག་པའི་ཁ་ཕྱོགས་སྟོན་རྒྱུར་ལྷོད་གཡེང་མི་ཤོར་བ་བྱེད་དགོས། གལ་ཏེ་ལྷོད་གཡེང་ཤོར་ན། གུང་ཐང་བསྟན་པའི་སྒྲོན་མེས། “ཀླད་ཆུང་རང་བཞིན་ངན་པ་ལ། ། ཡོན་ཏན་ཡོད་ཀྱང་ཕན་མི་ཐོགས། ། རྩ་བ་དུག་ཏུ་གནས་པ་ཡི། ། མེ་ཏོག་མཛེས་ཀྱང་སུ་ལ་མཁོ། །”ཞེས་གསུངས་པ་ལྟར་རྒྱལ་ཁབ་དང་སྤྱི་ཚོགས་ལ་ཕན་པའི་མི་སྣ་བཟང་པོ་ཞིག་ཡོང་མི་སྲིད།
གསུམ། སློབ་མའི་བསམ་གཞིག་གི་ནུས་པར་སྦྱོང་བརྡར་སྤྲད་པ།
སློབ་ཁྲིད་ཀྱི་དམིགས་ཡུལ་ནི་སློབ་མའི་བསམ་གཞིག་ནུས་པ་མཐོར་གཏོང་དང་བརྡ་སྤྲོད་ནུས་པ་མཐོར་འདེགས། མི་གཞིའི་ཀུན་སྤྱོད་ཡག་ཏུ་འགྲོ་བ་སོགས་ཡིན་པས། སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་། དགེ་རྒན་གྱིས་སློབ་མའི་སེམས་ཁམས་དང་མོས་པ། དགའ་ཕྱོགས་དང་ཁྱད་ཆོས་ལ་བསྟུན་ནས་སློབ་མའི་བསམ་གཞིག་གི་ནུས་པ་གསོ་སྐྱོང་གནད་ལ་འཁེལ་པོ་བྱ་རྒྱུ་གཙིགས་ཆེར་འཛིན་དགོས། ཆ་འཕྲིན་ཅན་གྱི་དེང་རབས་སློབ་གསོའི་ཐབས་ལམ་བེད་སྤྱོད་ཡང་དག་བྱས་ནས་སྲོལ་རྒྱུན་གྱི་ཁྲིད་ཐབས་ལ་ལེགས་བཅོས་དང་སྔར་ལས་ལྷག་པའི་སྒོ་ནས་ཡག་ཐོག་ཡག་བརྩེགས་ཐུབ་ན་སློབ་མས་ཤེས་བྱ་ཁག་ལ་གོ་བ་ལོན་ཚད་དང་། དབྱེ་ཞིབ་བྱེད་ཐབས། མི་གཞིའི་ཀུན་སྤྱོད་སོགས་འཇོན་ནུས་ཁག་གསོ་སྐྱོང་བྱེད་ཐུབ། དེ་ཡང་སྤྱིར་སློབ་ཆུང་སློབ་མའི་ཤེས་རྟོགས་ཀྱི་གོ་རིམ་ནི་མདོར་བསྡུས་པ་ནས་གཏིང་ཟབ་པ་དང་། སླ་བ་ནས་དཀའ་བ། སྟབས་བདེ་ནས་རྙོག་འཛིང་སོགས་ཀྱི་རིམ་པ་བརྒྱུད་དགོས་པས། སློབ་མའི་སེམས་ཁམས་ཀྱི་ཁྱད་ཆོས་ལ་གཞིགས་ནས་བབ་བསྟུན་གྱིས་བསམ་གཞིག་གི་ནུས་པར་སྦྱོང་བརྡར་སྤྲོད་པའི་ཆ་འཕྲིན་ཅན་གྱི་དེང་རབས་སློབ་གསོ་བེད་སྤྱོད་གཏོང་དགོས། དེ་སྔོན་གྱི་སྲོལ་རྒྱུན་སློབ་ཁྲིད་བྱ་ཐབས་རྙིང་པར། དགེ་རྒན་གྱིས་སློབ་མའི་སྦྱངས་འབྲས་ཁོ་ནར་མཐོང་ཆེན་བྱེད་པ་ལས། སློབ་མའི་བསམ་གཞིག་གི་ནུས་པར་སྦྱོང་བརྡར་སྤྲོད་རྒྱུར་དེ་ཙམ་གཙིགས་ཆེན་དུ་འཛིན་གྱི་མེད། ཆ་འཕྲིན་ཅན་གྱི་དེང་རབས་སློབ་གསོའི་སློབ་ཁྲིད་ནང་སློབ་མའི་བསམ་གཞིག་གི་ནུས་པའི་སྦྱོང་བརྡར་ལ་སྔར་བས་མཐོང་ཆེན་བྱས་ནས་སློབ་མ་རང་ངོས་ནས་གནད་དོན་དབྱེ་ཞིབ་དང་ཐག་གཅོད་བྱེད་དུ་འཇུག་གི་ཡོད། དེར་བརྟེན་སློབ་མའི་བསམ་གཞིག་གི་ནུས་པ་སྔར་བས་ཆེ་རུ་འགྲོ་གི་ཡོད།
བཞི། དགེ་རྒན་གྱི་བྱང་ཚད་མཐོ་རུ་བཏང་བ།
སྲོལ་རྒྱུན་གྱི་སློབ་ཁྲིད་བྱ་ཐབས་ལ་སྙིགས་དོར་བཅུད་ལེན་གྱི་སྒོ་ནས་ཆ་འཕྲིན་ཅན་གྱི་དེང་རབས་སློབ་གསོའི་སློབ་ཁྲིད་ཐབས་ལམ་གསར་པ་དག་ལག་ལེན་བསྟར་རྒྱུ་ནི་གྲོང་གསེབ་ཀྱི་སློབ་ཆུང་ཁག་ཏུ་མཚོན་ན་ལྟོགས་པ་ལ་ཟས་དང་། སྐོམ་པ་ལ་ཆུ་འདོད་བཞིན་དུ་གྱུར་ཡོད། དེས་ན་དུས་ཡུན་ཐུང་ཐུང་ནང་དེང་རབས་སློབ་གསོའི་སློབ་ཁྲིད་ཐབས་ལམ་གསར་པ་བེད་སྤྱོད་དང་ཁྱབ་གདལ་ཁྱོན་ཡོངས་ནས་བསྟར་རྒྱུའི་ཐད་དཀའ་ངལ་མི་ཉུང་བ་ཞིག་ཡོད་པས། དུས་ཡུན་རིང་པོར་བརྟེན་ནས་དཀའ་སྤྱད་འབད་འཐབ་དང་བློ་རྩ་བརྟན་པོས་ཕྱོགས་ཡོངས་ནས་ཆ་འཕྲིན་ཅན་གྱི་དེང་རབས་སློབ་གསོའི་སློབ་ཁྲིད་སྒྱུར་བཅོས་བྱེད་པའི་ལས་འགན་ནི་དགེ་བའི་བཤེས་གཉེན་ལ་ཐུག་ཡོད། དེ་ཡང་སྔོན་ལ་དགེ་རྒན་རང་ཉིད་ཀྱི་སློབ་ཁྲིད་ཀྱི་འདུ་ཤེས། དགེ་རྒན་ལྟེ་བར་འཛིན་པའི་སློབ་ཁྲིད་ཀྱི་ཐབས་ལམ་རྙིང་པ་སོགས་ལ་འགྱུར་ལྡོག་མཐར་ཕྱིན་པ་གཏོང་དགོས། དེང་རབས་ཀྱི་སྔོན་ཐོན་གྱི་སློབ་གསོའི་མཛུབ་ཁྲིད་འོག་གློག་ཀླད་ལག་རྩལ་དང་སྨྱན་ཆས་སྣ་མང་། དྲ་བ་སོགས་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ན་དེང་རབས་སློབ་གསོའི་བྱ་ཐབས་འདོན་སྤེལ་གང་ལེགས་བྱེད་ཐུབ་པས། དགེ་རྒན་ཞིག་ལ་མཚོན་ན། རང་ངོས་ཀྱི་བྱང་ཚད་མཐོ་རུ་གཏོང་ཆེད་དུས་བབ་ལ་གཞིགས་ནས་ཚེ་གང་སློབ་སྦྱོང་བྱེད་པའི་འདུ་ཤེས་ཡོད་དགོས་པ་དང་། རང་ཉིད་ཀྱི་བྱང་ཚད་སྔར་བས་གོང་མཐོར་གཏོང་དགོས་ཤིང་། བསླབ་གཞི་སྒྱུར་བཅོས་ཀྱི་རེ་བ་བཞིན་སྲོལ་རྒྱུན་སློབ་ཁྲིད་བྱ་ཐབས་དང་སློབ་ཁྲིད་བསམ་བློ་དང་བཅས་པར་ཡོངས་སུ་སྒྱུར་བཅོས་བྱས་ནས། ཆ་འཕྲིན་ཅན་གྱི་དེང་རབས་སློབ་གསོའི་སློབ་ཁྲིད་ཀྱི་བྱ་ཐབས་བེད་སྤྱོད་དང་ཁྱབ་གདལ་གཏོང་རྒྱུར་མཐོང་ཆེན་བྱེད་དགོས། དགེ་རྒན་ནི་བསླབ་གཞི་སྒྱུར་བཅོས་ཀྱི་བྱེད་པོ་གཙོ་བོ་ཡིན་པས། དགེ་རྒན་རང་ངོས་ཀྱི་ཆ་འཕྲིན་ཤེས་བྱའི་བྱང་ཚད་གོང་མཐོར་བཏང་ནས་སློབ་མར་ཁ་ཡོད་ལག་ཡོད་ཀྱི་ཤེས་བྱ་རིག་གནས་བརྒྱུད་སྤྲོད་བྱེད་པ་ནི་ཤིན་ཏུ་གལ་འགངས་ཆེ།
མདོར་ན། ཆ་འཕྲིན་ཅན་གྱི་དེང་རབས་སློབ་གསོའི་སློབ་ཁྲིད་རྒྱལ་ཡོངས་ཁྱོན་ལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་སློབ་ཁྲིད་ལ་སྟབས་བདེ་དང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཆ་འཕྲིན་ཅན་གྱི་དེང་རབས་སློབ་གསོ་དང་སྲོལ་རྒྱུན་གྱི་སློབ་ཁྲིད་བྱ་ཐབས་བཟང་པོ་ཟུང་དུ་འབྲེལ་ཏེ་སློབ་ཁྲིད་ལ་སྒྱུར་བཅོས་བྱ་རྒྱུ་དེ་སློབ་གསོའི་ལས་དོན་པའི་དོ་སྣང་བྱ་ཡུལ་དུ་གྱུར་ཡོད་པས། འབྱུང་འགྱུར་སློབ་གསོ་འཕེལ་རྒྱས་ཡག་པོ་འགྲོ་དགོས་ན། དགེ་མཚན་སྣ་མང་ལྡན་པའི་ཆ་འཕྲིན་ཅན་གྱི་དེང་རབས་སློབ་གསོའི་ལམ་བུར་དེ་བས་ཁ་ཕྱོགས་དགོས།
(ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་སློབ་ཆུང་། པ་སངས་ཆོས་འཛོམས)