དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​ ཤན་རྩ་རྫོང་གི་གཞི་རིམ་སྨན་པ་ཤའོ་ཡོན་གྱིས་མི་སེར་ལ་སྨན་བཅོས་བྱས་ནས་མི་རིགས་མཐུན་སྒྲིལ་ལག་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-18

    2009ལོའི་ཟླ་9པར་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་ནས་ཐོན་པའི་ཤའོ་ཡོན་གྱིས་ཞིང་འབྲོག་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བསམ་འདུན་འཆང་བཞིན་ཤན་རྩ་རྫོང་ཤན་རྩ་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་བསྐྱོད་དེ་དུས་ཡུན་ལོ་བཅུ་ལྷག་ཙམ་གྱི་ནད་བཅོས་སྲོག་སྐྱོབ་ཀྱི་ལས་ལ་གཞོལ། ལོ་བཅུ་ལྷག་ཙམ་རིང་ཁོང་གིས་ལེགས་སྐྱེས་འབུལ་འདོད་པ་དང་ནད་བཅོས་སྲོག་སྐྱོབ་བྱས་ནས་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱས་ཏེ། མི་རིགས་མཐུན་སྒྲིལ་དོན་འཁྱོལ་བྱས་པ་རེད།

    “ལོག་གི་མིན། འདི་གའི་མང་ཚོགས་ལ་ང་དགོས་མཁོ་ཆེན་པོ་ཡོད”

    ཐལ་རླུང་རྒྱག་སྐབས་མིག་ཀྱང་གདང་མི་ཐུབ་པ་དང་དགུན་དུས་གྲང་ངར་ལྷག་པར་ཆེ་བས། ཤན་རྩ་གྲོང་རྡལ་དུ་འབྱོར་མ་ཐག་པའི་ཤའོ་ཡོན་ལ་དེ་ནས་མགྱོགས་མྱུར་འབྲལ་ཐུབ་ན་སྙམ་པ་བྱུང་།

    སྐབས་དེ་དུས། ཤའོ་ཡོན་གྱི་ཕ་གཡར་ཤའོ་ཁྲུའུ་ཧྥང་གིས་སྨིན་པ་བསྡུ་བཞིན“དཀའ་ཚེགས་ཇི་ཙམ་ཆེ་ན་གནས་དེའི་མི་སེར་གྱི་འཚོ་བ་དེ་ཙམ་དཀའ་ངལ་ཆེ་བས་ཁྱེད་ལྟ་བུའི་སྨན་པ་དགོས་མཁོ་ཡོད། རང་གིས་ལོག་གི་ཡིན་ཞེས་ལོག་ན་ལུས་ལ་གྱོན་པའི་སྨན་གོས་འདིར་གདོང་བསྟན་ནུས་པ་འདུག་གམ”ཞེས་བརྗོད།

    ཕ་གཡར་གྱི་ཁྱིམ་རྒྱུད་ཐོག་མི་རབས་ཁ་ཤས་སྨན་པ་ཤ་སྟག་ཡིན་པ་དང་གྲོང་ཚོར་ཡང་སྐད་གྲགས་ཆེན་པོ་ཡོད། ཕ་གཡར་གྱིས་ད་ཐེངས་བུ་མོ་འབྲོག་ཁུལ་དུ་སྨན་པ་བྱེད་པར་བཏང་ནས། གཞི་རིམ་དུ་སྦྱོང་བརྡར་ཐེབས་པ་དང་དཀའ་སྡུག་བཟོད་ཐུབ་མཁན་གྱི་སྨན་པ་ཡག་པོ་ཞིག་བྱ་རྒྱུའི་རེ་བ་བཅངས།

    ཐོག་མར་ཤན་རྩར་འབྱོར་སྐབས་ཤའོ་ཡོན་གྱིས་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་ལས་ཀ་དེ་ཙམ་མེད་སྙམ་ཡང་། བསམ་ཡུལ་ལས་འདས་པར། ལས་ཀར་ཞུགས་པའི་ཉིན་གསུམ་པར་ཁོང་ལ་སྒྲུབ་དཀའ་བའི་གནད་དོན་ཞིག་ཕྲད།

    ལོ་བུ་གྲོང་ཚོར་མངལ་སྒོའི་འབྲས་སྤྲན་ཆགས་པའི་ནད་པ་ཞིག་གྲོད་པར་ཆུ་བསགས་ནས་དབུགས་གཏོང་དཀའ་བ་དང་ངོ་གདོང་སྨུག་པོ་ཆགས་ནས་ཉེན་ཁ་ཆེན་པོ་ཡོད། གྲོང་ཚོའི་སྨན་པས་ཁོག་ཆུ་འཐེན་མི་ཤེས་པ་དང་གྲོང་རྡལ་དུ་སློབ་ཆེན་ཐོན་པའི་སྨན་པ་ཞིག་ཡོད་པ་གོ་ཐོས་བྱུང་བས། མགྱོགས་མྱུར་རོགས་པ་བྱེད་དགོས་ཞེས་བཤད། གནས་ཚུལ་ཤེས་རྗེས་ཤའོ་ཡོན་གྱིས་ཁ་བ་བུ་ཡུག་ལ་མ་འཛེམས་པར་སྨན་སྒམ་ཁྱེར་ནས་ནད་པའི་ཁྱིམ་དུ་བསྐྱོད།

    ནད་པ་ན་ཟུག་ཏོག་ཙམ་འཇགས་རྗེས། ཤའོ་ཡོན་གྱིས་ནད་པའི་ཁྱིམ་ལ་དོ་སྣང་བྱུང་། ཁྱིམ་ནང་ཉལ་ཁྲི་གཉིས་ལས་གཞན་གང་ཡང་མེད་པ་དང་ས་ཕག་གྱང་གི་བར་ནས་རླུང་བུ་འཛུལ་བ་དང་གྱོན་པ་སྲབ་མོ་གྱོན་པའི་ཕྲུ་གུ་ཁ་ཤས་ཀྱི་སྣ་ནས་སྣ་ཆུ་འཛར་བཞིན་པ་མཐོང་།

    ཤའོ་ཡོན་གྱིས་གསར་འགོད་པར“ཕྱིས་སུ་པཱ་ལགས་ཀྱིས་རང་ཕ་ཡུལ་དུ་ལོག་མཁན་ཡིན་ནམ་ཞེས་དྲིས་བྱུང་། ངས་བློ་ཐག་ཆོད་པོས། ལོག་གི་མིན། འདི་གའི་མི་སེར་ལ་ང་དགོས་མཁོ་ཡོད”ཅེས་བརྗོད་པ་ཡིན་ཞེས་བཤད།

    “དཀའ་ཚེགས་ཇི་ཙམ་ཆེ་ཡང་རང་ཉིད་ཀྱི་རང་འཁྲིའི་ལས་གནས་ཡག་པོ་སྒྲུབ་ཀྱི་ཡིན”

    “འཐུང་ཆུ་སྨི་བརྒྱ་གྲངས་ལྷག་ཙམ་གྱི་ས་ནས་ལེན་དགོས་པ་དང་ལྕི་བ་འབྲོག་པའི་ས་ནས་ཉོ་དགོས་ཀྱི་ཡོད། ཚལ་སོས་པ་ཟ་སྙམ་ཡང་ཧ་ཅང་ཁག་པོ་ཡོད”ཅེས་ཤའོ་ཡོན་གྱིས་གསར་འགོད་པར་ཆུང་དུས་མྱངས་མྱོང་མེད་པའི་དཀའ་སྡུག་རྣམས་བརྗོད།

    དཀའ་ལས་ཁག་ཤོས་ནི་འཕྲོད་བསྟེན་ཁང་གི་སྨན་པ་རེད། ནད་པར་སྨན་བཅོས་བྱེད་དགོས་པ་མ་ཟད། སྨན་གཡོག་གི་ལས་ཀ་ཡང་བྱེད་དགོས་ཀྱི་ཡོད། ནད་པར་སྨན་ཆུ་བླུག་དགོས་པའི་སྐབས་སུ་ཤའོ་ཡོན་གྱིས་སྨན་ཆུ་བླུག་སྟངས་སྦྱོང་མྱོང་མེད་པས་དཀའ་ངལ་ཆེན་པོ་ཕྲད་ཡོད། ཕྱིས་སུ་ཤའོ་ཡོན་གྱིས་ལོ་ཕྱེད་ཙམ་གྱི་དུས་ཚོད་སྤྱད་དེ་ཤན་རྩ་རྫོང་མི་དམངས་སྨན་ཁང་དུ་ནད་སྐྱོང་བའི་ལག་རྩལ་སྦྱངས་པ་རེད།

    འདི་ལོའི་ལོ་སྟོད་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་སྐབས། ཤའོ་ཡོན་གྱིས་འཁོར་ཞག་དོར་ནས་རང་འགུལ་ངང་ཤན་རྩ་གྲོང་རྡལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཞུགས་པའི་རེ་ཞུ་ཕུལ་བ་རེད།

    ཟླ་ཁ་ཤས་ཀྱི་རྗེས་སུ་རྒྱལ་ཡོངས་ཀྱི་རིམས་ནད་གནས་ཚུལ་རིམ་གྱིས་ལེགས་སུ་ཕྱིན་པ་དང་བསྟུན་ནས། ཤན་རྩ་རྫོང་གི་རིམས་ནད་གནས་ཚུལ་ཡང་ཞི་ལྷོད་དུ་ཕྱིན་མོད། འོན་ཀྱང་དཀའ་ལས་ཁག་དྲགས་པའི་རྐྱེན་གྱིས་ཤའོ་ཡོན་ལ་ནད་གཞི་ཕོག་པ་རེད། ལས་རོགས་ཚོས་འཁོར་ཞག་བསྡད་ནས་སྨན་ཁང་དུ་སྐྱོད་དགོས་ཞེས་ཁ་ཏ་བསླབ་བྱ་བྱས་ཀྱང་། ཁོང་གིས་སྔར་བཞིན་ལས་གནས་བརྟན་སྲུང་བྱེད་བཞིན“ང་ནི་སྨན་པ་ཞིག་ཡིན་པས་དཀའ་ལས་ག་ཚོད་ཆེ་ཡང་། རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་དགོས”ཞེས་བརྗོད་ཀྱི་ཡོད།

    “གྲོང་གསེབ་ཏུ་སྨན་བཅོས་བྱེད་ཐེངས་རེར་སེམས་འགུལ་ཐེབས་པའི་བྱ་བ་མང་པོ་འཕྲད་ཀྱི་ཡོད”

    ན་ནིང་ཟླ་བཞི་པའི་ཉིན་ཞིག་ལ་ཤའོ་ཡོན་ལ་ཁ་པར་ཞིག་འབྱོར་བ་དེ་ནི་ནག་ཁྲ་གྲོང་ཚོའི་སྨན་པས་བརྒྱབ་པ་ཞིག་རེད། ནད་པ་དེའི་མིང་ལ་བུ་སྲི་ཆོས་ཟེར་བ་དང་། ཤའོ་ཡོན་གྱི་ནད་པ་ཞིག་རེད། གོམ་པ་སྤོ་ཐུབ་སྐབས་རླངས་འཁོར་ལ་བསྡད་ནས་གྲོང་རྡལ་དུ་སྨན་ལེན་པར་སྐྱོད་ཀྱི་ཡོད། ཕྱིས་སུ་འགྲོ་སྐྱོད་མི་ཐུབ་པའི་དབང་གིས་ཁྱིམ་ཚང་སྨན་པ་འབོད་དགོས་བྱུང་ཡོད།

    “བོད་རིགས་སྨན་པ་སྐད་བཏང་ན་ཕན་ཚུན་སྐད་བརྡ་འཕྲོད་པས་སྟབས་བདེ་པོ་ཡོད་པས། རྒྱ་རིགས་སྨན་པ་ཞིག་སྐད་གཏོང་དོན་གང་ཡིན་ནམ”ཞེས་གསར་འགོད་པས་དོགས་གཞི་དང་བཅས་དྲིས།

    བུ་སྲི་ཆོས་ཀྱི་བུ་མོ་ཚེ་སྒྲུབ་ཀྱིས་བརྗོད་པར། སྔོན་མ་ལོ་བཅུ་ཡི་གོང་དུ་ཚེ་སྒྲུབ་ཀྱི་ཁྱོ་ག་གཅིན་སྙི་ཟགས་ཁུའི་ནད་ཕོག་ནས་གྲོངས་པ་དང་། མ་གྲོངས་གོང་ཤའོ་ཡོན་གྱིས་སེམས་རྩ་འཁོལ་པོས་ལྟ་སྐྱོང་བྱས་ཡོད། དོན་དེ་དག་བགྲེས་སོང་གིས་ད་བར་སེམས་ལ་ངེས་བཞིན་ཡོད་པ་དང་། ཁོང་གིས“རྒྱ་རིགས་སྨན་པ་ཁོང་གིས་ནད་པར་སྐྱུག་བྲོ་མི་བྱེད་པར་ཁྱིམ་ཚང་གཅིག་ལྟར་ལྟ་སྐྱོང་བྱེད་ཀྱི་འདུག”ཅེས་བརྗོད་བྱུང་།

    ཤའོ་ཡོན་གྱིས་སྨན་བཅོས་བྱེད་ཐེངས་ཚང་མར་སེམས་འགུལ་ཐེབས་པའི་བྱ་བ་མང་པོ་འཕྲད་ཀྱི་འདུག་ཅེས་བརྗོད་བྱུང་། གྲོང་ཚོའི་མི་སེར་ཚོར་སྨན་བཅོས་བྱེད་སྐབས་ཁོང་ཚོས་མར་དང་། ཤ་སྐམ་པོ། ཕྱུར་བ་བཅས་ཁྱེར་ནས་ཁོང་ལ་སྣེ་ལེན་ཞུ་བ་དང་། སྨན་བཅོས་ཚར་རྗེས་མི་སེར་ཚོས་དཀར་གཙང་མཇལ་དར་བསྒྲོན་ཏེ་ཁོང་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ད་ཆ་ཤའོ་ཡོན་དང་གྲོང་ཚོའི་འབྲོག་པ་མང་ཚོགས་རྣམས་སྔ་ས་ནས་ཁྱིམ་ཚང་གཅིག་ལྟར་གྱུར་ཡོད།

    ལོ་མང་རིང་ཤའོ་ཡོན་གྱིས་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་4500ཡན་ཡོད་པའི་བྱང་ཐང་ས་མཐོར་གཞིས་ཆགས་ཏེ། མི་རིགས་མཐུན་སྒྲིལ་གྱི་ས་བོན་ཤན་རྩའི་ས་ཕྱོགས་གང་སར་བཏབ་པ་དང་རྩེར་སོན་གྱི་སྨན་བཅོས་ལག་རྩལ་ལ་རྒྱ་ཆེའི་འབྲོག་པ་ཚོའི་ཡིད་ཆེས་ཐོབ་སྟེ་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་ཞིག་བརྩམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།