ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲེང་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་བདུན་པ་དང་མཉམ་དུ་བོད་ལྗོངས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་དུ་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་འཐེན་བཤེར་གྱིས་སྐྱོབ་རོགས་བྱ་སྤྱོད་སྤེལ་བཞིན་ཡོད་པ་དེ་ནི་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པས་སྨན་བཅོས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་བོད་དུ་ཡོངས་ཐེངས་ལྔ་པ་དེ་རེད།
ད་ཐེངས་ཀྱི་འཐེན་བཤེར་བྱེད་ཡུན་ཉིན་7ཡིན་པ་དང་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་དང་། སྒེར་རྩེ་རྫོང་། དགེ་རྒྱས་རྫོང་སོགས་ཀྱི་སློབ་མ་ཚོར་ཡོངས་བཤེར་བྱ་རྒྱུ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཟླ་8ཚེས་6ཉིན་ཀྲེང་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་བདུན་པའི་སྨན་བཅོས་རིགས་གཅིག་མཁས་ཅན་དང་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས་ཀྱི་ལས་དོན་མི་སྣ་སོགས་ལས་གྲུབ་པའི་འཐེན་བཤེར་ཚོགས་པས་མི་632ལ་འཐེན་བཤེར་རགས་ཙམ་བྱས་པ་དང་། མི་57ལ་ཚོན་ལྡན་ཚད་འདས་སྒྲ་རླབས་ཀྱི་བརྟག་དཔྱད་བྱས་པ་ལས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་12གཏན་འཁེལ་ཐུབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲེང་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་བདུན་པ་ནི་ཀྲུང་གོའི་རྒྱ་གྲམ་དམར་རྟགས་ཚོགས་པའི་ཐེབས་རྩ་ལྷན་ཚོགས་ཀྱི“ལྷའི་ཕོ་ཉའི་ཉི་འོད་ཐེབས་རྩའི”གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ཞིག་ཡིན་ཞིང་། 2015ལོ་ནས་བཟུང་ལོ་ལྔ་བསྟུད་མར་མཚོ་སྔོན་དང་། ཀུའེ་ཀྲོའུ། ཡུན་ནན། བོད་ལྗོངས། ཤིན་ཅང་སོགས་ས་ཆ་མང་པོར་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་སྐྱོབ་རོགས་བྱ་སྤྱོད་སྤེལ་ནས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་300ཙམ་སྐྱོབ་རོགས་བྱས་པ་རེད།