དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གསོ་རླུང་འཕེལ་བའི་ལུས་རྩལ་ཡང་དག་བརྩེས་ཏེ་སྙིང་ནུས་སྦྱོང་བརྡར་ཇི་ལྟར་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-16

    1.གསོ་རླུང་འཕེལ་བའི་ལུས་རྩལ་གང་དག་བརྩེས་ན་སྙིང་ནུས་གསོ་བར་ཕན་ནམ།

    སྙིང་ནུས་གསོ་བར་ཕན་པའི་གསོ་རླུང་འཕེལ་བའི་ལུས་རྩལ་ཧ་ཅང་མང་པོ་ཡོད། རྒྱུན་དུ་མཐོང་རྒྱུ་ཡོད་པ་དཔེར་ན། རྒྱུག་ཤར་དལ་པོར་གློད་པ་དང་། ཆུ་རྐྱལ་རྒྱག་པ། སྒེག་ཉམས་ལུས་རྩལ་རྩེ་བ། རི་འཛེག་པ། ཕྱི་རོལ་དུ་གོམ་པ་རྒྱག་པ། ཐག་མཆོང་རྒྱག་པ། སྤོ་ལོའི་རིགས་ཀྱི་ལུས་རྩལ་སྣ་ཚོགས་རྩེ་བ་བཅས་དང་དེ་བཞིན་གོམ་པ་མགྱོགས་པོ་རྒྱག་པ་སོགས་ཡོད། གཞོན་ནུའི་ངོས་ནས་བརྗོད་ན་རྒྱུག་ཤར་དལ་པོར་གློད་ནས་སྦྱོང་བརྡར་བྱས་ན་ཡག་ཤོས་ཡིན་པ་དང་། དར་མ་དང་རྒས་འཁོགས་ཀྱིས་གོམ་པ་མགྱོགས་པོ་རྒྱག་པ་དང་ཆུ་རྐྱལ་རྒྱག་པ་སོགས་ཀྱི་ལུས་རྩལ་བརྩེས་ན་ཡག་ཤོས་ཡིན། ནུས་པས་ལྕོགས་ཚོད་ཀྱིས་རི་འཛེག་ལུས་རྩལ་བརྩེས་ན་ཡང་ཕན་པ་ཡོད།

    2.གསོ་རླུང་འཕེལ་བའི་ལུས་རྩལ་ཚད་རན་ལོས་གང་འདྲ་ཞིག་བརྩེས་ན་ལེགས་པ་ཡོད་དམ།

    “སྙིང་གི་འཕར་ཤུགས”ཞིབ་དཔྱད་གཏན་འཁེལ་བྱེད་སྟངས། སྤྱིར་བཏང་ནས་བཤད་ན། སྙིང་གི་འཕར་ཤུགས་བརྩི་ཚུལ་ནི་170ནས་ལོ་ཚད་འཐེན་ན་འགྲིག གལ་ཏེ་ཁྱེད་ལོ་60ལ་སླེབས་ཡོད་ན། སྙིང་གི་འཕར་ཤུགས་ནི་170-60=110(སྐར་མ་རེར་ཐེངས) ཡིན།  ཁྱེད་ཀྱིས་ལུས་རྩལ་རྩེད་སྐབས་སྙིང་རྩའི་འཕར་ཤུགས་བརྩིས་ནས་སྙིང་འཕར་ཚད་སྐར་མ་རེར་ཐེངས་110མན་ཆད་ལ་ཚོད་འཛིན་ཐུབ་ན་འཚམ་ཤོས་ཡིན། དེ་ནི་ལུས་རྩལ་པ་གཟུགས་པོ་ཐང་པོ་ལ་གཞིགས་པ་ཞིག་ཡིན་པས་གཟུགས་པོ་སྐྱོ་ཞིང་ན་ཚ་མང་པོ་ཡོད་མཁན་དེའི་ནང་ཚུད་མེད།

    ལུས་པོའི་འགུལ་ཤུགས་ལ་གཞིགས་ནས་སྐར་མ་རྒྱག་སྟངས།  དེ་ནི“ལུས་པོས་ཤུགས་རྒྱག་སྐབས་རང་ཉིད་ཀྱི་ཚོར་སྣང་ལ་གཞིགས་པ་ཞིག་ཡིན”སྤྱིར་བཏང་གི་ལུས་རྩལ་ལས་བྱུང་བའི་ཚོར་སྣང་ནི“ཧ་ཅང་ལྷོད་པོ”དང“ཅུང་ལྷོད་པོ”ནས་རིམ་བཞིན“དཀའ་ལས་ཅུང་ཟད་ཁག་པའི”བར་དང“དཀའ་ལས་ཅུང་ཟད་ཆེ་བ”ནས“དཀའ་ལས་ཧ་ཅང་ཆེ་བའི”བར་གྱི་ཚོར་སྣང་ཡོང་གི་ཡོད། ལུས་སྦྱོང་བྱེད་རིང“དཀའ་ལས་ཅུང་ཟད་ཆེ་བ”བྱུང་ཚེ་དོན་དངོས་ཐོག་གསོ་རླུང་འཕེལ་བའི་ལུས་རྩལ་གྱི་འགུལ་ཤུགས་ཆེ་བའི་ཚད་དུ་སླེབས་ཡོད།

    གླེང་མོལ་ཚོད་ལྟ་ལ་གཞིགས་པའི་བརྡར་ཤ་གཅོད་ཐབས། དེ་ནི་ལུས་རྩལ་གྱི་འགུལ་ཤུགས་ཆེན་པོ་མི་ཡོང་བའི་བྱ་ཐབས་ཤིག་ཡིན། “གླེང་མོལ་ཚོད་ལྟ”ནི་གསོ་རླུང་འཕེལ་བའི་ལུས་རྩལ་རྩེད་རིང་སྦྱོང་བརྡར་གྱི་འགུལ་ཤུགས་ཚད་རན་པོ་བྱུང་ཚེ་སྦྱོང་བརྡར་བྱེད་མཁན་གྱིས་ད་དུང་ཉེ་འཁོར་གྱི་རོགས་ཟླ་དང་སྐད་ཆ་ཤོད་ཐུབ། མདོར་ན“དཀའ་ལས་ཅུང་ཟད་ཁག་པ”དང“གླེང་མོལ་བྱེད་ཐུབ་པའི”ཐབས་ཤེས་གཉིས་ཀྱིས་ལུས་རྩལ་ཚད་རན་པོ་ཡོང་བར་ཕན་ནུས་ཆེན་པོ་ལྡན་ཡོད།

    3.གསོ་རླུང་འཕེལ་བའི་ལུས་རྩལ་རྩེ་བའི་གནད་འགག་ཁོང་དུ་ཇི་ལྟར་ཆུད་དགོས་སམ།

    གྲ་སྒྲིག་ལུས་རྩལ་ཡག་པོ་བྱེད་དགོས། གྲ་སྒྲིག་ལུས་རྩལ་ནི་གཟུགས་པོར་གནོད་འཚེ་མི་ཡོང་བ་བྱེད་པའི་བརྒྱུད་དགོས་ངེས་ཤིག་ཡིན་པས། ཆུ་རྐྱལ་རྒྱག་པ་དང་། གོམ་པ་མགྱོགས་པོ་སྤོ་བའམ་ཡང་ན་ལུས་རྩལ་གཞན་རྩེ་བའི་སྐབས་ངེས་པར་དུ་ལུས་སྦྱོང་མ་རྩེད་གོང་གི་སྦྱོང་བརྡར་ཡག་པོ་བྱེད་དགོས་པ་སྟེ། དཔེར་ན། རྐང་ལག་བརྐྱང་བསྐུམ་དང་། ཚིགས་སྒུལ་བ།  སྐེད་པ་དང་ལུས་རྒྱབ་ཀྱི་ཤ་ནག་བརྐྱང་བསྐུམ་སོགས་ཀྱི་ལུས་རྩལ་ཡིན།

    རང་ཉིད་ལུས་རྩལ་ནང་ཞུགས་སྐབས་ཀྱི་ཚོར་སྣང་ལ་དོ་སྣང་བྱེད་དགོས། ལུས་པོས་འཁྱོག་ཐུབ་མིན་ལ་མི་བལྟ་བར་ལུས་རྩལ་གྱི་འགུལ་ཤུགས་ཆེ་རུ་གཏོང་མི་ཉན། ལུས་རྩལ་རྩེད་སྐབས་རང་ལུས་དང་འཚམ་པ་ཞིག་དགོས་པ་ལས་རང་ཉིད་ཀྱིས་གང་འདོད་བཞིན་ལུས་རྩལ་གྱི་འགུལ་ཤུགས་ཆེ་རུ་གཏོང་རྒྱུ་མེད། དེ་ལྟར་བྱས་ཚེ། སྔོན་དཔག་གི་ཕན་འབྲས་ཐོན་རྒྱུ་ལྟ་ཞོག་གཟུགས་པོར་གནོད་སྐྱོན་བཟོ་བ་མ་ཟད་ཐ་ན་སྲོག་ལ་ཡང་ཉེན་ཁ་ཡོང་སྲིད།

    ལུས་རྩལ་གྱི་འགུལ་ཤུགས་ཚད་རན་པོ་བྱེད་དགོས། སྙིང་ནུས་གསོ་བའི་ལུས་རྩལ་རྩེ་སྐབས། ལུས་རྩལ་རྩེ་ཉུང་དྲགས་ན་ལུས་སྦྱོང་གི་དམིགས་ཡུལ་འགྲུབ་མི་ཐུབ་ལ། ལུས་རྩལ་གྱི་འགུལ་ཤུགས་ཆེ་དྲགས་ཚེ་སྙིང་གི་ཁུར་པོ་ལྕི་རུ་སོང་ནས་སྙིང་ཁམས་གསོ་བའི་དམིགས་ཡུལ་འགྲུབ་མི་ཐུབ། ལུས་རྩལ་གྱི་འགུལ་ཤུགས་ཚད་རན་པོ་འདི་ལྟར་དགོས་པ་སྟེ། ལུས་རྩལ་བར་མི་ཆད་པར་རྩེ་རྒྱུ་ཚད་གཞིར་བཟུང་སྟེ་སྤྱིར་བཏང་ལུས་ཁམས་བདེ་ཐང་ཡིན་ཚེ་གསོ་རླུང་འཕེལ་བའི་ལུས་རྩལ་རྩེ་རིམ་བཞིན་སྐར་མ་20ལས་ཉུང་དྲགས་རྒྱུ་མེད་པ་དང་དུས་ཚོད་རིང་ཤོས་ལ་ཆུ་ཚོད་གཅིག་ནས་གཉིས་བར་རྩེ་དགོས། དེའང་རང་ཉིད་ཀྱི་གཟུགས་པོའི་གནས་ཚུལ་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས་པ་དང་གཟའ་འཁོར་རེར་གསོ་རླུང་འཕེལ་བའི་ལུས་རྩལ་ཐེངས་3ནས་5བར་བརྩེས་ན་ཆོག

    གསོ་རླུང་འཕེལ་བའི་ལུས་རྩལ་བརྩེ་རྒྱུ་ཉུང་བ་ནས་མང་དུ་གཏོང་དགོས། ལུས་རྩལ་གྱི་འགུལ་ཤུགས་དེ་ཆུང་བ་ནས་འབྲིང་བ་སོགས་ཀྱི་བར་རིམ་པས་བརྒྱུད་དེ་རྩེ་བའི་དུས་ཚོད་ཀྱང་རིམ་པས་རིང་དུ་དང་ཐེངས་གྲངས་ཀྱང་ཉུང་བ་ནས་མང་དུ་གཏོང་དགོས། རྒན་རྒོན་དང་། གཟུགས་པོ་ཐང་པོ་མེད་པའམ་ཡང་ན་གཅོང་ནད་ཡོད་རིགས་ཀྱིས་ངེས་པར་དུ་ལུས་རྩལ་གྱི་འགུལ་ཤུགས་ཆེ་ཆུང་ཚད་རན་པོ་དགོས། ལུས་རྩལ་མ་བརྩེས་གོང་སྨན་པ་བསྟེན་ནས་གཟུགས་པོར་ཁྱོན་ཡོངས་ནས་བརྟག་དཔྱད་བྱས་ཏེ་སྨན་པས་མི་སྒེར་གྱི་གནས་ཚུལ་ལ་གཞིགས་ནས་བཏོན་པའི་གསོ་རླུང་འཕེལ་བའི་ལུས་རྩལ་རྩེ་ཐབས་ལ་གཞིགས་ཏེ་ལུས་རྩལ་བརྩེས་ན་ཡག་ཤོས་ཡིན། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།