ཉེ་ཆར་བོད་ལྗོངས་གསོ་རིག་སློབ་ཆེན་གྱིས་ཅང་ནན་སློབ་ཆེན་གྱི་བསམ་བློ་ཆབ་སྲིད་སློབ་གསོའི《དགེ་རྒན་ཆེ་མོ་པའོ་ཀེས་འཆད་ཁྲིད་བྱེད་པའི》ཚོགས་པ་སློབ་གྲྭར་གདན་དྲངས་ནས་ཆེད་དོན་འཆད་ཁྲིད་བྱས་པ་རེད།
ཆེད་དོན་འཆད་ཁྲིད་བྱེད་ཡུལ་དུ། ཅང་ནན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཐང་ཀྲུང་པའོ་ཡིས“དུས་རབས་སུ་གཏམ་གསར་གླེང་--ང་ཚོ་དུས་རབས་གང་འདྲ་ཞིག་ཏུ་གནས་ཡོད་དམ”ཞེས་བརྗོད་དོན་གཙོ་བོར་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་བྱས་ཏེ་གསར་བརྗེ་དང་། སྒྱུར་བཅོས། འཕེལ་རྒྱས་བཅས་ཀྱི་གསོན་ཉམས་དོད་པའི་དཔེ་མཚོན་སྤྱད་དེ། ཀྲུང་ཧྭ་མི་རིགས་ཡར་ལངས་བྱུང་བ་དང་ཕྱུག་པོ་ཆགས་པ་ནས། སྟོབས་ཆེར་སོང་བའི་བར་གྱི་རླབས་ཆེན་མཆོང་སྐྱོད་གླེང་བ་རེད། འཆད་ཁྲིད་བྱེད་སྐབས་སྐད་ཆ་གསོན་ཉམས་དོད་ལ་རྣ་བར་སྙན་པ་དང་རྣམ་པ་ཧ་ཅང་འཁྲུག་ཆ་དོད་ཅིང་། དེ་ཁུལ་གྱི་དགེ་སློབ་400ལྷག་ཙམ་ལ་སེམས་འགུལ་ཆེན་པོ་ཐེབས་ནས་ཐལ་མོའི་རྡེབ་སྒྲ་བར་མེད་གྲགས་ཡོད་པ་རེད།