སློབ་ཆུང་སློབ་མའི་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་བྱེད་རྒྱུ་ནི་སྐད་ཡིག་སློབ་ཁྲིད་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། སློབ་མའི་སྐད་ཡིག་ཆུ་ཚད་དང་བྱ་དངོས་ལ་ངོས་འཛིན་བྱེད་པའི་ནུས་པ་དང་རིག་སྟོབས་འཕེལ་རྒྱས་སོགས་ཕྱོགས་ཡོངས་ཡར་རྒྱས་འགྲོ་བར་དོན་སྙིང་ཆེན་པོ་ལྡན་པ་མ་ཟད། སློབ་མས་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལ་རྒྱུས་ལོན་དང་ཤེས་རྟོགས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། དེས་ན་སློབ་ཆུང་སློབ་མའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་ཇི་ལྟར་བྱེད་དགོས་མིན་ཐད། རང་ཉིད་ཀྱི་ལས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རགས་ཙམ་གླེང་བར་བྱ་སྟེ།
དང་པོ། སློབ་མར་རེ་བ་དམའ་ཙམ་བཅོལ་ནས་རྩོམ་ཡིག་འབྲི་འདོད་ཀྱི་བློ་སྒོ་འབྱེད་དགོས།
སློབ་མར་རྩོམ་འབྲིའི་སྤོབས་པ་དང་ཡིད་ཆེས་ཡོད་ཚེ་ད་གཟོད་ཁོ་ཚོས་དགའ་ཞིང་སྤྲོ་བཞིན་དུ་རྩོམ་འབྲིའི་ལས་ལ་བློ་བག་ཡངས་པོས་འཇུག་སྲིད། ང་ཚོ་དགེ་རྒན་ཞིག་གི་ངོས་ནས་དང་ཐོག་སློབ་མར་རྩོམ་ཡིག་ཡག་པོ་ཞིག་འབྲི་དགོས་པའི་རེ་བ་འདོན་རྒྱུ་མེད་ལ། སྨྱུ་གུ་འཛུགས་ཐེངས་གཅིག་ལ་འབྲི་ཐུབ་པ་དང་རྩོམ་འབྲིའི་ནུས་པ་དུས་ཡུན་ཐུང་ཐུང་ནང་ཡར་རྒྱས་ཆེན་པོ་ཡོང་བའི་རེ་བ་མཐོ་པོ་དེ་བས་འཆང་རྒྱུ་མེད། གལ་ཏེ་སློབ་མར་བཏོན་པའི་རེ་བ་མཐོ་དྲགས་ན། དེ་ལས་ལྡོག་པའི་ནུས་པ་ཐོན་ནས་སློབ་མའི་རྩོམ་ཡིག་འབྲི་བའི་འདུན་པ་དང་རྩོམ་ཡིག་འབྲི་བའི་སྤྲོ་སྣང་ཉམས་སྲིད། དེར་བརྟེན། ཐོག་མར་སློབ་མས་རྩོམ་ཡིག་འབྲི་མི་ཤེས་པ་དང་འབྲི་མི་འདོད་པའི་སྐབས་སུ། ང་ཚོ་དགེ་རྒན་ཚོས་སློབ་མའི་རྩོམ་ཡིག་ཁྲོད་ཀྱི་དག་ནོར་དང་བྱུང་རིམ་ཁ་མི་གསལ་བ། བརྗོད་དོན་གཙོ་བོ་འབུར་དུ་མ་ཐོན་པ་སོགས་ཀྱི་སྐྱོན་ཆར་ཁོག་རྒྱ་ཡངས་ཤིང་ངག་འཇམ་པོའི་སྒོ་ནས་རྣག་ཐོག་གཙག་འཁེལ་གྱིས་བཟོ་བཅོས་རྒྱག་པ་དང་། ལེགས་ཆར་བསྔགས་བརྗོད་བྱས་ཏེ་སློབ་མའི་རྩོམ་འབྲིའི་འདུན་པ་དང་ཡིད་ཆེས་འཕེལ་ཐབས་བྱེད་དགོས་པ་དང་། ལྗང་པ་སྐྱེ་འཚར་གྱི་ཆོས་ཉིད་ལྟར་སློབ་མའི་རྩོམ་འབྲིའི་ནུས་པ་ཉིན་རེ་བཞིན་ཡར་རྒྱས་ཡོང་བར་ངང་སྒུག་བྱེད་དགོས།
གཉིས་པ། ལད་ཟློས་བྱས་ནས་རྩོམ་ཡིག་ལེགས་པོ་ཞིག་འབྲི་ཐུབ་པའི་རྨང་གཞི་འདིང་དགོས།
དེ་ཡང་བྱ་བ་ཐམས་ཅད་ལད་མོ་ཡིན། ལད་མོའི་ནང་ནས་སུ་མཁས་ཡིན་ཞེས་པ་ལྟར་རྩོམ་འབྲིའི་ལས་ལ་ཐོག་མར་འཇུག་མཁན་གྱི་སློབ་ཆུང་སློབ་མར་ཆ་མཚོན་ན། ཁོ་ཚོར་གཞན་གྱིས་བྲིས་པའི་རྩོམ་ཡིག་ལྟ་ཀློག་གང་མང་བྱེད་པར་སྐུལ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། དེར་བརྟེན་དགེ་རྒན་གྱིས་སློབ་ཚན་རེ་གཉིས་ཀྱི་མིག་དཔེའི་ནུས་པ་སྐུལ་སློང་བྱས་ཏེ་སློབ་མ་བྱིངས་ལེགས་རྩོམ་ཀློག་པར་སྐུལ་བ་དང་ལེགས་རྩོམ་ལ་དཔེ་བལྟས་ཏེ་རང་རྩོམ་འབྲི་རུ་འཇུག་པ། སློབ་མ་རེས་མོས་ཀྱིས་འཛིན་གྲྭའི་ནང་དུ་ལེགས་རྩོམ་ཀློག་ཏུ་འཇུག་པ། སློབ་མའི་ལེགས་རྩོམ་ལ་རང་གིས་བཟོ་བཅོས་བྱས་ཏེ་འཛིན་གྲྭའི་ནང་ཀློག་པ་སོགས་ཀྱི་ཐབས་ལམ་སྣ་མང་ལ་བརྟེན་ནས་སློབ་མར་རྩོམ་འབྲིའི་བག་ཆགས་གཏིང་ཟབ་འཇོག་ཐུབ་པ་བྱེད་དགོས། གཞན་ཡང་། གནད་ལ་འཁེལ་བའི་བསྔགས་བརྗོད་དང་གདེང་འཇོག་བཟང་པོ་བྱས་ན་རྩོམ་འབྲིའི་ལས་ལ་འཇུག་པའི་ངལ་བ་སེལ་ཐུབ་ཅིང་རྩོམ་ཡིག་འབྲི་བའི་འདུན་པ་སྐྱེ་ངེས། དེ་དང་ཆབས་ཅིག རྩོམ་འབྲིའི་ནུས་པ་ཞན་པའི་སློབ་མར་སྐུལ་སློང་དང་གང་ལ་དེ་འཚམ་གྱི་ཐབས་ཤེས་བེད་སྤྱད་ནས་ཁོ་ཚོའི་རྩོམ་འབྲིའི་ནུས་པ་ཆེ་རུ་འགྲོ་ཐབས་བྱེད་དགོས།
གསུམ་པ། སློབ་མའི་ཉམས་ཞིབ་ཀྱི་ནུས་པ་གསོ་སྐྱོང་བྱས་ནས་རྩོམ་འབྲིའི་རྒྱུ་ཆ་གསོག་འཇོག་བྱེད་དགོས།
རྩོམ་ཡིག་ནི་འཚོ་བ་དངོས་ཀྱི་མཚོན་ཚུལ་ཞིག་ཡིན་པས་རྩོམ་འབྲིའི་རྒྱུ་ཆ་ནི་འཚོ་བ་དངོས་ཀྱི་ཁྲོད་ནས་བྱུང་བ་སྨོས་མེད་ལགས། དེར་བརྟེན་ང་ཚོས་སློབ་མའི་ཉམས་ཞིབ་ཀྱི་ནུས་པ་གསོ་སྐྱོང་བྱས་ཏེ་རྩོམ་འབྲིའི་རྒྱུ་ཆ་གང་མང་གསོག་འཇོག་བྱེད་དགོས་པ་དང་། དགེ་རྒན་གྱིས་དུས་དང་རྣམ་པ་ཀུན་ཏུ་སློབ་མར་སློབ་གྲྭའི་ལུས་རྩལ་འགྲན་ཚོགས་སོགས་ཀྱི་བྱེད་སྒོ་ཁག་དང་། ཁ་ལག་ཟ་སྐབས་ཀྱི་སྣང་ཚུལ། ངལ་རྩོལ་སློབ་ཚན་སོགས་ཀྱི་སྐབས་སུ་ཉེ་འགྲམ་གྱི་བྱ་དངོས་ལ་ཉམས་ཞིབ་བྱེད་དགོས་པའི་རེ་བ་འདོན་དགོས། གལ་ཏེ་སློབ་མ་ཚོར་སློབ་ཕྱིའི་གཞུང་ལམ་གཡས་གཡོན་གྱི་ཁོར་ཡུག་དང་། ཞིང་ལས་ཀྱི་རྣམ་པ། ཁྱིམ་ཚང་གི་གནས་ཚུལ། དེ་བཞིན་ཁྲོམ་གཞུང་གི་མཐོང་ཐོས་སོགས་རྒྱུན་གཏན་འཚོ་བའི་བྱ་དངོས་ཡོད་དོ་ཅོག་ལ་ལྟ་ཞིབ་དང་བསམ་གཞིག་ནན་ཏན་བྱེད་པའི་བསམ་བློའི་མཛུབ་ཁྲིད་ཐུབ་ཚེ་གཞི་ནས་རྩོམ་འབྲིའི་རྒྱུ་ཆ་ཕུན་སུམ་ཚོགས་པོ་གསོག་ཐུབ་ངེས་ཡིན་པ་དང་། དེ་རྗེས་བསགས་པའི་རྣམ་པ་འདྲ་མིན་གྱི་རྒྱུ་ཆ་དེ་དག་ལ་བརྟེན་ནས་ཉིན་ཐོ་འབྲི་བའི་གོམས་གཤིས་འཇགས་ན་རྩོམ་ཡིག་འབྲི་བའི་བསམ་བློ་སྐྱེད་སྲིང་ཐུབ་པ་དང་། གོམ་པ་རིམ་བགྲོད་ཀྱིས་རྩོམ་ཡིག་འབྲི་བར་བྱང་ཆུབ་པ་དང་སྤྲོ་སྣང་གིས་ཁེངས་རྒྱུ་གདོན་མི་ཟ།
བཞི་པ། རྩོམ་གྱི་ནང་དོན་རང་མོས་ངང་འབྲི་རུ་འཇུག་དགོས།
སློབ་མ་འགའ་ཤས་ལ་མཚོན་ན། དགེ་རྒན་གྱིས་རྩོམ་གྱི་ནང་དོན་གཏན་འཁེལ་བྱ་རྒྱུར་དགའ་པོ་བྱེད་ཀྱི་མེད། རྒྱུ་མཚན་ནི་རང་ཉིད་ཀྱིས་རྒྱུས་མངའ་མེད་པའི་ནང་དོན་ཞིག་ལ་འཇུག་དཀའ་ལ་འཇུག་པའི་སྤྲོ་བའང་མེད་པས་དེ་ལྟ་བུའི་ལས་འགན་ནི་ཆེས་སྒྲུབ་དཀའ་བའི་གནས་ཤིག་ལགས་ཤིང། དཔེར་ན་གཡག་ལྟ་བུར་རྒྱུས་མངའ་མེད་པའི་གྲོང་ཁྱེར་གྱི་ཕྲུ་གུ་ཚོས་གཡག་ཞིབ་འབྲི་ཇི་ལྟར་བྱེད། གལ་ཏེ་དེའི་སྐོར་རགས་ཙམ་ཞིབ་འབྲི་བྱེད་ཐུབ་པའི་དབང་དུ་བཏང་ན་ཡང་ཞིབ་འབྲི་ཡག་པོ་ཞིག་ཡོང་བའི་ངེས་པ་མེད། དེར་བརྟེན་དགེ་རྒན་ཚོས་སྔོན་ལ་སློབ་མ་རང་ཉིད་ཀྱི་བསམ་བློའི་ནང་གང་དྲན་གང་བསམ་གྱི་་ནང་དོན་ཏེ་དཔེར་ན། རི་མོ་དང་ལྟད་མོའི་ནང་དོན་སོགས་སློབ་མ་རང་ངོས་ཀྱིས་དགའ་ཞེན་ཆེ་བའི་ནང་དོན་ངོ་སྤྲོད་བྱེད་དུ་འཇུག་པ་དང་། རང་ཉིད་ངོ་སྤྲོད་བྱེད་དུ་འཇུག་པ། ཕ་ཡུལ་གྱི་མཛེས་ལྗོངས་དང་གྲགས་ཅན་གནའ་ཤུལ། རང་གི་ཉེ་འཁོར་གྱི་འབྲེལ་འདྲིས་ཆེ་བའི་མི་སྣ་ཕ་མ་དང་། དགེ་རྒན། སློབ་གྲོགས། གྲོགས་པོ། དེ་བཞིན་རྒྱུས་མངའ་ཅུང་ཟད་ཡོད་པའི་མི་སྣ་སོགས་ཀྱི་ལོ་རྒྱུས་ངག་ནས་བརྗོད་དུ་འཇུག་པ་སོགས་བྱས་ཏེ། གཅིག་ནས་སློབ་མའི་གཏམ་བཤད་ཀྱི་འཇོན་ཐང་གསོ་སྐྱོང་དང་། གཉིས་ནས་རྩོམ་ཡིག་འབྲི་བའི་རྒྱུ་ཆ་གསོག་འཇོག་ལ་རྨང་གཞི་འདིང་བ། གསུམ་ནས་ངག་ཐོག་གི་རྒྱུ་ཆ་དག་སླར་ཡང་ཡིག་ཐོག་ཏུ་ཕབ་པའི་ནུས་པ་སྐྱེད་སྲིང་བྱེད་དགོས་པ་མ་ཟད། སློབ་ཕྲུག་ཕན་ཚུན་གྲོས་བསྡུར་དང་ཕན་ཚུན་སློབ་སྦྱོང་གི་ཐབས་ལམ་ལ་བརྟེན་ནས་སྦྱོང་བརྡར་གང་མང་སྤྲས་ཏེ་སློབ་མ་རྣམས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
ལྔ་པ། དཔྱད་དཔོག་བྱེད་པ་དང་སྦྲགས་ཕན་ཚུན་ཡར་རྒྱས་ཡོང་ཐབས་བྱེད་དགོས།
རྩོམ་ཡིག་ལ་དཔྱད་དཔོག་བྱེད་པའི་བརྒྱུད་རིམ་ཁྲོད། སློབ་མའི་རྩོམ་ཡིག་ཕུལ་བྱུང་ལ་དཔྱད་དཔོག་བྱེད་དགོས་ལ་ཡར་རྒྱས་བྱུང་བའི་རྩོམ་ཡིག་ལ་དེ་བས་དཔྱད་དཔོག་བྱེད་དགོས། དེས་མ་ཟད་སློབ་མར་རང་གི་རྩོམ་ལ་རང་གིས་དཔྱད་དཔོག་བྱེད་དུ་འཇུག་པ་དང་། སློབ་མ་ཕན་ཚུན་དཔྱད་དཔོག་བྱེད་དུ་འཇུག་དགོས། ཕུལ་བྱུང་གི་རྩོམ་ཡིག་འཛིན་གྲྭའི་འགྲེམ་སྟོན་སྒྲོམ་བྱང་དང་སློབ་སྦྱོང་ལྡུམ་རའི་གྱང་ངོས་སུ་སྦྱར་ནས་ཚང་མས་ལྟ་ཀློག་དང་བསམ་འཆར་བརྗེ་རེས་བྱས་ཏེ། ཐུན་མོང་ཡར་རྒྱས་ཐུབ་པ་བྱེད་དགོས།
དྲུག་པ། འབྲེལ་ཡོད་དཔེ་དེབ་བཀླགས་ནས་རྩོམ་འབྲིའི་ནུས་པ་ཆེ་རུ་འགྲོ་ཐབས་བྱེད་དགོས།
དཔེ་དེབ་ནི་འཛམ་གླིང་ལ་ལྟ་བའི་སྐར་ཁུང་དང་། མིའི་རིགས་ཡར་རྒྱས་འགྲོ་བའི་སྐས་འཛེགས་ལྟ་བུ་རེད་ལ། དཔེ་ཀློག་ནི་རྩོམ་འབྲིའི་རྨང་གཞི་ལྟ་བུ་ཡིན་པས་དཔེ་ཀློག་དང་རྩོམ་འབྲི་ནི་ཕན་ཚུན་ཁ་འབྲལ་ཐབས་མེད་པས། དཔེ་དེབ་མང་པོར་བལྟས་ན་ད་གཟོད་ཕུན་སུམ་ཚོགས་པའི་རྩོམ་གྱི་རྒྱུ་ཆ་གང་མང་གསོག་ཐུབ། བསླབ་གཞི་གསར་པའི་ནང་དུའང་སློབ་ཆུང་སློབ་མས་སློབ་ཕྱིའི་དཔེ་དེབ་མང་ཙམ་ལྟ་དགོས་ལུགས་བསྟན་ཡོད། དེའི་རྒྱུ་མཚན་ནི་སློབ་མ་ཚོའི་རྩོམ་འབྲིའི་གནད་དོན་ཆེ་ཤོས་ནི་ཤེས་བྱ་རིག་གནས་ཕུན་སུམ་ཚོགས་པོ་དེ་ཙམ་མེད་པ་དང་འཚོ་བའི་ཉམས་མྱོང་མེད་ཁར་དེ་གཉིས་ཟུང་འབྲེལ་མི་ཐུབ་པ་དང་ཉམས་མྱོང་མི་འདང་བ་དེ་ཡིན་པས་རྩོམ་ཡིག་འབྲི་སྐབས་ཅི་འབྲི་འདི་འབྲི་མེད་པར་གྱུར་གྱི་ཡོད། དེར་བརྟེན་སློབ་མར་རྩོམ་དེབ་དང་། སྒྲུང་དེབ། པར་རིས་དེབ། ལོ་རྒྱུས་དང་ཚན་རིག་གི་དེབ་སོགས་ལྟ་རུ་བཅུག་ནས་སློབ་མའི་མཐོང་རྒྱ་དང་། ཐོས་རྒྱ། བསམ་རྒྱ་སོགས་གང་ཅིར་ཡར་རྒྱས་ཡོང་བ་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ།
མདོར་ན། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག་ཅེས་པ་ལྟར། སློབ་མ་ཚོར་དཔེ་དེབ་མང་ཙམ་ལྟ་ཀློག་དང་རྩོམ་ཡིག་མང་ཙམ་འབྲི་བའི་སྤྲོ་སྣང་འཕེལ་བར་བྱས་ན། ད་གཟོད་སློབ་མའི་རྩོམ་འབྲིའི་ཆུ་ཚད་ཉིན་རེ་བཞིན་གོང་མཐོར་འགྲོ་རྒྱུ་ཡིན་པ་ནི་རང་ཉིད་ཀྱིས་མིག་མཐོང་ལག་ཟིན་དང་སློབ་གསོ་སློབ་ཁྲིད་ཀྱི་ཉམས་མྱོང་ཡིན་ནོ།
(བཞད་མཐོང་སྨོན་རྫོང་ཆ་ཚང་སློབ་ཆུང་། སྒྲོན་ལགས)