དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བཟའ་བཏུང་འཕྲོད་སྦྱོར་ལེགས་ན་འཚོ་བཅུད་བཟང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-30

    བཟའ་བཏུང་འཕྲོད་སྦྱོར་ལུགས་མཐུན་བྱུང་ཚེ་མིའི་ལུས་པོས་འཚོ་བཅུད་དེ་བས་མང་བ་འཇུ་ཐུབ་རྒྱུར་ཕན་པ་ཡོད། འོན་ཀྱང་རྒྱུན་གཏན་གྱི་འཚོ་བའི་ནང་ང་ཚོས་གོམས་གཤིས་སུ་འཇགས་པའི་འཕྲོད་སྦྱོར་ཟས་རིགས་མང་ཆེ་བའི་འཚོ་བཅུད་ཚན་རིག་གི་རྩ་དོན་དང་ཚབས་ཆེན་འགལ་ཡོད་པས་དེས་འཚོ་བཅུད་འཇུ་རྒྱུར་འགོག་རྐྱེན་བཟོ་སྲིད་ལ་ད་དུང་གཟུགས་པོར་ཡང་གནོད་སྲིད། གཤམ་གྱི་ཟས་རིགས་ནི་འཚོ་བཅུད་རིག་པའི་རིགས་གཅིག་མཁས་ཅན་གྱིས་འོས་སྦྱོར་བྱས་པའི་ཟས་རིགས་འཕྲོད་སྦྱོར་བྱེད་སྟངས་ཡག་ཤོས་9ཡིན་པས་དེ་དག་གིས་ཁྱེད་ཀྱི་འཚོ་བ་སྔར་བས་བདེ་ཐང་ཡོང་ཐུབ།

    1.འཐུམ་བསྙལ་སྒོ་ང་དང་སྒ་སྨུག་ཚུའུ།

    དེ་ལྟར་སྡེབ་སྦྱོར་བྱས་ཚེ་སྒ་སྨུག་གི་ཁ་ཚ་དང་ཚུའུ་སྐྱུར་གྱིས་འཐུམ་བསྙལ་སྒོ་ངའི་བ་ཚྭའི་རང་བཞིན་སྙོམས་ཐུབ་ལ་བུལ་ཅན་གྱི་ཁ་ཏིག་མེད་པར་བཟོ་ཐུབ། ད་དུང་སྒ་སྨུག་དང་ཚུའུ་ཡི་ཡལ་སླའི་སྣུམ་རྩི་དང་ཚུའུ་བསྐྱུར་གྱིས་འཐུམ་བསྙལ་སྒོ་ང་བཟོ་སྐབས་ཐོན་པའི་དུག་ལྡན་དངོས་པོ་མེད་པར་འགྱུར་རྒྱུ་དང་དེ་བཞིན་སྤྲི་དཀར་དབྱེ་འབྱེད་སྐབས་ཐོན་པའི་མིའི་གཟུགས་པོར་གནོད་པའི་དངོས་པོ་ཡང་མེད་པར་བཟོ་ཐུབ།

    2.སྲན་ཞོ་དང་ཉ།

    སྲན་ཞོའི་ཁྲོད་ཏན་ཨན་སྐྱུར་འདུས་ཚད་ཅུང་ཉུང་ཙམ་ཡོད་པ་དང་འོན་ཀྱང་ཉ་ཤའི་ནང་ཨན་གཞི་སྐྱུར་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་དེ་གཉིས་མཉམ་དུ་བཟས་ཚེ། དགེ་སྐྱོན་གསབ་རེས་བྱེད་ཐུབ་པས་འཚོ་བཅུད་ཀྱི་རིན་ཐང་ཆེན་པོ་ཡོད། སྲན་ཞོ་དང་ཉ་ཤར་ད་དུང་ལེགས་ཆ་གཞན་ཞིག་ཡོད་པ་སྟེ། སྲན་ཞོར་ཀལ་གྱི་འདུས་ཚད་ཅུང་ཆེ་བ་དང་ཉ་ཤར་འཚོ་བཅུད་Dཡོད་པས་དེ་གཉིས་ཟུང་འབྲེལ་བྱས་ནས་བཟས་ཚེ། ཉ་ཤའི་འཚོ་བཅུད་Dཡི་ནུས་པར་བརྟེན་ནས་མིའི་ལུས་པོས་ཀལ་དེ་བས་མང་བ་བསྡུ་ལེན་བྱེད་ཐུབ།

    3.ལུག་ཤ་དང་སྒ་སྨུག

    ལུག་ཤར་རླུང་གསོ་དང་མཁལ་མར་ཕན་པའི་ནུས་པ་ལྡན་པ་དང་སྒ་སྨུག་ལ་ན་ཟུག་གཅོག་པ་དང་གྲུམ་ནད་ལ་ཕན་པའི་ནུས་པ་ལྡན་ཡོད། དེ་གཉིས་ཟུང་འབྲེལ་བྱས་ནས་བཟས་ཚེ། ལུག་ཤའི་དྲི་མ་མེད་པར་འགྱུར་ཐུབ་ལ་ད་དུང་ལུག་ཤས་མཁལ་མར་ཕན་པའི་ནུས་པ་ཡང་དེ་བས་མང་བ་འདོན་ཐུབ། སྐེད་པ་དང་སྟོད་སྒལ་གྱི་ན་ཟུག་དང་གྲུམ་བུའི་ན་ཟུག་སོགས་ལ་ཕན་པ་དང་ལྷག་པར་དུ་དགུན་དུས་སུ་བཟས་ན་དེ་བས་འཚམ་པོ་ཡོད་པ་རེད།

    4.ཕག་པའི་མཆིན་པ་དང་པོ་ཚལ།

    ཕག་མཆིན་ཁྲོད་ལོ་མའི་སྐྱུར་དང་འཚོ་བཅུད་B12དེ་བཞིན་ལྕགས་སོགས་ཟུངས་ཁྲག་སྐྱེ་བའི་རྒྱུ་ཆ་མང་པོ་ཡོད་པ་དང་པོ་ཚལ་ནང་དུ་ཡང་ལོ་མའི་སྐྱུར་དང་ལྕགས་སོགས་ཅུང་མང་པོ་ཡོད། ཟས་རིགས་དེ་གཉིས་མཉམ་དུ་བཟས་ཚེ། ཕན་ཚུན་གསབ་རེས་ཀྱི་ནུས་པ་ཐོན་ཐུབ་ལ་ད་དུང་གཟུགས་པོར་ལྕགས་ཀྱི་གཞི་རྒྱུ་བསྣན་ནས་ཟུངས་ཁྲག་ཉམས་པའི་ནད་སྔོན་འགོག་བྱེད་ཐུབ།

    5.པོ་ཚལ་དང་སྲན་སེར་གྱི་མྱུ་གུ

    པོ་ཚལ་ཁྲོད་འཚོ་བཅུད་Cཕུན་སུམ་ཚོགས་པོ་ཡོད་པ་དང་སྲན་སེར་མྱུ་གུའི་ནང་འཚོ་བཅུད་B2མང་པོ་ཡོད་པས་སྲན་སེར་མྱུ་གུ་དང་པོ་ཚལ་མཉམ་དུ་བརྔོས་ཚེ་འཚོ་བཅུད་Cདང་B2གཉིས་ཀར་གཏོར་སྐྱོན་ཐེབས་ཀྱི་མེད། དེ་དང་ཆབས་ཅིག་ད་དུང་ཟས་རིགས་དེ་གཉིས་ཀྱི་ཚོན་དོག་དང་བྲོ་བ་གཉིས་ཀས་ཟས་ཀྱི་དང་ག་འབྱེད་ཐུབ།

    6.ཡཱ་ཙེའི་ཤ་དང་རི་སྨན།

    ཡཱ་ཙེའི་ཤར་ལུས་གསོ་དང་ཚ་དྲོད་གཅོག་པ་དང་གློ་འགོག་པར་ཕན་པ་ཡོད། འོན་ཀྱང་རི་སྨན་གྱི་ལུས་གསོའི་ནུས་པ་དེ་ཡཱ་ཙེའི་ཤ་ལས་དེ་བས་ཆེ་བ་ཡོད་པས་ཡ་ཙེའི་ཤ་དང་མཉམ་དུ་བཟས་ཚེ་ཞག་རྩི་བཅགས་ནས་གློ་བར་ཕན་པ་ཆེན་པོ་ཡོད་པས་ལུས་ཟུངས་སྐྱོ་བ་ཚོས་མཆོད་ན་ལུས་གསོ་དང་གློ་ནད་བཅོས་ཐུབ།

    7.རྒུན་འབྲུམ་ཨ་རག་དམར་པོ་དང་བ་དམ།

    ཞིབ་འཇུག་བྱས་པ་ལས་ཤེས་གསལ། རྒུན་འབྲུམ་ཨ་རག་དམར་པོའི་ཁྲོད་སྨན་ཨ་སི་ཕི་ལིན་གྱི་གྲུབ་ཆ་ལྡན་པ་དང་བ་དམ་ཁྲོད་མིའི་གཟུགས་པོར་ཕན་པའི་འདྲེས་སྦྱོར་དངོས་རྫས་པའེ་ལི་ཁྲུན་ཡོད་པས་དེ་གཉིས་ཟུང་འབྲེལ་བྱས་ནས་བཟས་ཚེ། ཁྲག་གར་མོར་སྔོན་འགོག་ཐུབ་པ་དང་སྙིང་ཁྲག་རྒྱུག་པར་ཕན་པ་ཡོད་པས་ལོ་60ཡན་གྱི་མིས་བཟས་ན་སྙིང་ལ་ཕན་ནས་ཀླད་པའི་ཁྲག་གར་མོ་སོགས་ཀྱི་ནད་རིགས་སྔོན་འགོག་བྱེད་ཐུབ།

    8.ཏིལ་འབྲུ་དང་ཧའེ་ཏའེ།

    ཏིལ་འབྲུར་ཁྲག་འཁོར་རྒྱུག་ཡག་པོ་དང་། རྙིང་དོར་གསར་ལེན། མཁྲིས་རྒྱུ་གཅོག་པ་བཅས་ཀྱི་ནུས་པ་ཡོད། ཧའེ་ཏའེ་ནང་ཝ་དང་ཀལ་ཕུན་སུམ་ཚོཌ་པོ་ཡོད་པས་ཁྲག་གཙང་མ་བཟོ་བ་དང་ལྦ་རྨེན་སྙོམས་སྒྲིག་ཐུབ་པས་དེ་གཉིས་མཉམ་དུ་བཟས་ཚེ་མཛེས་བཟོ་དང་རྒས་གསོའི་ནུས་པ་ཐོན་ཐུབ།

    9.སྲན་ཞོ་དང་། ཤ་མོ། སྒོག་བཙོང་།

    སྲན་ཞོའི་ནང་རྩི་ཤིང་གི་སྤྲི་དཀར་ཡོད་པས་འཚོ་བཅུད་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། ཤ་མོའི་ནང་མིའི་ནད་འགོག་ནུས་པ་ཆེ་རུ་གཏོང་བའི་འཚོ་བཅུད་ཡོད་པ་དང་། སྒོག་བཙོང་ནང་དུག་སེལ་དང་། གཉན་ཁ་གཅོག་པ། ཁྲག་ཚིལ་དང་ཁྲག་ཤེད་ཁྲག་མངར་བཅས་གཅོག་པའི་ནུས་པ་ལྡན་པས་དེ་དག་མཉམ་དུ་བཟས་ཚེ། ཁྲག་ལམ་གཤོང་བ་དང་ཁྲག་འཁོར་རྒྱུག་གི་ནུས་པ་ཐོན་ནས་མིའི་སྙིང་ཁྲག་རྒྱུག་པར་ཕན་པ་ཆེན་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།