1 གཉེན་སྒྲིག་སྔ་ཕྱིའི་དུས་ཀྱི་སྐྱེ་འཕེལ་བདེ་ཐང་གི་འཕྲོད་སྦྱོར་ཟེར་བ་གང་ཡིན་ནམ།
སྐྱེ་འཕེལ་བདེ་ཐང་ནི་ལུས་སེམས་གཉིས་དང་སྤྱི་ཚོགས་ཁྱོན་ཡོངས་གནས་སྟངས་ལེགས་པར་ཟེར་ཞིང་། སྐྱེ་འཕེལ་མ་ལག་དང་དེའི་བྱེད་ནུས་དང་བརྒྱུད་རིམ་ཕྱོགས་གང་ཐད་ལ་ནད་མེད་པ་དང་ལུས་སྟོབས་ཞན་པ་ཁོ་ན་ཙམ་ལ་ཟེར་བ་མིན། དེ་ལ་ཕྱོགས་འགའ་ཚུད་ཡོད་དེ།
(1)མི་རྣམས་ལ་བློ་ཡིད་ཚིམ་ལ་བདེ་འཇགས་ཀྱི་གཉིས་སྦྱོར་འཚོ་བ་སྐྱེལ་རྒྱུ་ཡོད་པ།
(2)བུ་བཙའི་ནུས་པ་ལྡན་པ་དང་། བཅའ་ཁྲིམས་དང་མི་འགལ་བའི་གནས་ཚུལ་འོག་རང་བརྟེན་དང་འགན་འཁུར་ཐུབ་པའི་ངང་བུ་བཙའི་དུས་ཚོད་དང་བུ་ཕྲུག་ག་ཚོད་སྐྱེ་མིན་ཐག་གཅོད་པ།
(3)ཕོ་མོ་ཕྱོགས་གཉིས་ཀྱིས་བདེ་འཇགས་དང་། གོ་ཆོད། འགན་འཁུར་ཐུབ་པ་བཅས་ཀྱི་སྦྲུམ་འགོག་བྱེད་ཐབས་རྟོགས་པ་དང་། སྐྱེ་འཕེལ་འཕྲོད་སྦྱོར་གྱི་ཞབས་ཞུ་ཐོབ་པའི་དབང་ཆ་ཡོད་པ།
(4)བུད་མེད་ཀྱིས་བདེ་འཇགས་ངང་མངལ་སྦྲུམ་པ་དང་བུ་བཙའ་ཐུབ་པ་དང་། ཁྱོ་ཤུག་གིས་བུ་ཕྲུག་བདེ་ཐང་སྐྱེ་བའི་ཚན་རིག་གི་ཤེས་བྱ་རྟོགས་ཐུབ་པ་བཅས་རེད།
2 གཉེན་སྒྲིག་སྔོན་དུ་གསོ་རིག་གི་བརྟག་དཔྱད་བྱེད་དགོས་དོན་ཅི་ཡིན་ནམ།
2003ལོའི་ཟླ་10ཚེས་1ཉིན་ནས་བཟུང་། རྒྱལ་ཡོངས་སུ་ལག་བསྟར་བྱས་པའི《གཉེན་སྒྲིག་ཐོ་འགོད་ཀྱི་སྲོལ་ཡིག》གིས་གཉེན་སྒྲིག་ཐོ་འགོད་བྱེད་རིམ་དང་ཆ་རྐྱེན་ཧ་ཅང་སྟབས་བདེ་རུ་བཏང་བ་དང་། གཉེན་སྒྲིག་སྔོན་གྱི་བརྟག་དཔྱད་ཐད་སྔོན་མ་ལྟ་བུའི་བཙན་ཤེད་ཀྱི་གཏན་འབེབས་བྱེད་ཀྱི་མེད། གཉེན་སྒྲིག་སྔོན་གྱི་བརྟག་དཔྱད་དེ་བཙན་ཤེད་ནས་རང་འཐད་བར་གྱི་འགྱུར་བ་སོང་བ་དེ་ལས་མི་ཆོས་ཀྱི་དོ་ཁུར་མཚོན་པ་དང་། སྤྱི་ཚོགས་ཡར་རྒྱས་སུ་ཕྱིན་པའང་རེད། འོན་ཀྱང་གཉེན་སྒྲིག་སྔོན་གྱི་བརྟག་དཔྱད་དེ་གལ་ཆེན་མིན་པ་མཚོན་གྱི་མེད།
(1)གཉེན་སྒྲིག་སྔོན་གྱི་བརྟག་དཔྱད་ཀྱིས་མི་རྒྱུད་ཀྱི་ནད་སྔོན་འགོག་ཆེས་ཆེར་ཐུབ་ཁར། མི་རབས་རྗེས་མའི་བདེ་ཐང་དང་མི་རིགས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་འགྲོ་རྒྱུར་ཕན་པ་ཡོད།
(2)གཉེན་སྒྲིག་སྔོན་གྱི་བརྟག་དཔྱད་ཀྱིས་མ་བྱུང་སྔོན་འགོག་ཐུབ་ཅིང་། སྔ་ས་ནས་ཕོ་མོ་ཕྱོགས་གཉིས་ཀྱི་བདེ་ཐང་གི་མངོན་མེད་ནད་ཤེས་ཐུབ།
(3)གཉེན་སྒྲིག་སྔོན་གྱི་བརྟག་དཔྱད་ཀྱིས་ད་དུང་ཁྱོ་ཤུག་ལ་དགོས་གལ་ཆེ་བའི་གཉིས་སྦྱོར་ཤེས་བྱའི་སློབ་གསོའང་གཏོང་ཐུབ།
གཉེན་སྒྲིག་གྲབས་བྱེད་པའི་ཕོ་མོ་ཕྱོགས་ཀྱིས་ཕན་ཚུན་དང་། མ་འོངས་པའི་ཁྱིམ་ཚང་། མི་རབས་རྗེས་མ། མི་རིགས་དང་རྒྱལ་ཁབ་བཅས་ལ་འགན་འཁུར་བའི་རྣམ་འགྱུར་ནན་པོ་འཛིན་དགོས་པ་དང་། རང་རྟོགས་ངང་སྨན་ཁང་དུ་སོང་ནས་གཉེན་སྒྲིག་སྔོན་གྱི་བརྟག་དཔྱད་བྱེད་དགོས།
3 སྤུན་ཉེའི་དབར་གཉེན་སྒྲིག་བྱས་ན་གནོད་པ་གང་ཡོད་དམ།
ཞིབ་འཇུག་གི་དཔྱད་ཡིག་ལས་མངོན་པ་ལྟར་ན། སྤུན་ཉེ་མིན་པའི་བཟའ་ཚང་གི་ཕྲུ་གུ་འཆི་ཚད་2.4%ཡིན་པ་དང་། སྤུན་ཉེ་གཉེན་སྒྲིག་བྱས་པའི་བཟའ་ཚང་གི་ཕྲུ་གུ་འཆི་ཚད་8.1%ཟིན་པ་དེ་སྔ་མ་ལས་ལྡབ་3ལྷག་ཙམ་གྱིས་མང་བ་ཡོད། དེའི་རྒྱུ་མཚན་གང་ཡིན་ཞེ་ན། སྤུན་ཉེ་གཉེན་སྒྲིག་བྱས་ན་དེ་གཉིས་ལ་ཡོད་པའི་ན་ཚའི་རྒྱུད་རྒྱུ་འདུས་ནས་མི་རྒྱུད་ཀྱི་ནད་ཕོག་ཚད་ཆེ་བ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། སྤུན་ཉེ་གཉེན་སྒྲིག་བྱས་ནས་བཟའ་ཚང་དུ་གྱུར་པའི་ཕྲུ་གུ་ལ་མི་རྒྱུད་ཀྱི་ནད་ཕོག་ཚད་དེ་སྤྱིར་བཏང་གི་བཟའ་ཚང་དང་བསྡུར་ན་ལྡབ་150ཙམ་གྱིས་མཐོ་བ་ཡོད། དེ་ཐོག་ནས་སྤུན་ཉེའི་དབར་གཉེན་སྒྲིག་བྱས་ན། མེས་རྒྱལ་དང་ཁྱིམ་ཚང་ལ་ཕན་པ་མེད་པ་མཐོང་ཐུབ།
4 གཉེན་སྒྲིག་བྱེད་མི་འོས་པའམ་ཡང་ན་གནས་སྐབས་སུ་གཉེན་སྒྲིག་བྱེད་མི་འོས་པའི་མི་གང་དག་ཡིན་ནམ།
སྐྱེ་འཕེལ་དབང་པོ་ཡ་མ་གཟུགས་ཡིན་པའམ་གཉིས་སྦྱོར་གྱི་ནུས་པ་མེད་མཁན་ལ། གཤག་བཅོས་སམ་ཡང་ན་སྨན་བཅོས་གཞན་དག་བྱས་ཏེ་ནུས་པ་སླར་གསོ་ཐུབ་རྗེས་གཞི་ནས་གཉེན་སྒྲིག་བྱ་རྒྱུའི་བསམ་བློ་བཏང་ན་འགྲིག
འགོ་ནད་སྣ་ཚོགས་ཀྱིས་རྐྱེན་པས་ལོགས་འཇོག་བྱས་པའི་མི་སྟེ། དཔེར་ན་འདུས་འདྲིལ་གློ་ནད་དང་། དོས་དྲག་འགོ་ནད་མཆིན་ཚད། ཚ་བའི་ན་ཚ། སྐྱུག་བཤལ་ནད། དམིགས་བསལ་གློ་ཚད་སོགས་འགོ་ནད་དྲག་སྐྱེད་བྱུང་བའང་ཡང་ན་ལོགས་འཇོག་དུས་བཀག་ཐིམ་རྗེས་གཞི་ནས་གཉེན་སྒྲིག་བྱེད་ཆོག
ལུས་པོ་ཡོངས་ལ་ཁྱབ་པའི་ནད་གཞི་ཚབས་ཆེན་དཔེར་ན་འདུས་འདྲིལ་གློ་ནད་དང་། མཁལ་མའི་ཚ་ནད། མཆིན་ཚད། སྙིང་ནད་སོགས་ཕོག་ཚེ། ནད་གཞི་དྲག་སྐྱེད་མ་བྱུང་བར་གཉེན་སྒྲིག་བྱས་ན། ནད་གཞི་དྲག་སྐྱེད་ལ་གནོད་པ་མ་ཟད། ད་དུང་ནད་ཚབས་ལྕི་རུ་འགྲོ་སྲིད། སྙིང་ནད་ཚབས་ཆེན་ཡོད་ན་གཉེན་སྒྲིག་བྱ་རྒྱུ་མེད།
བསེ་དུག་ཕོག་མཁན་གྱིས་ནད་གཞི་སངས་དྲག་ཏུ་མ་ཕྱིན་གོང་གཉེན་སྒྲིག་བྱ་རྒྱུ་མེད།
སྨྱོ་ནད་ཕོག་མཁན་དྲག་སྐྱེད་བྱུང་ནས་ལོ་གཉིས་ནང་ནད་གཞི་བསྐྱར་ལོག་མ་ཐེབས་ཚེ་གཞི་ནས་གཉེན་སྒྲིག་བྱེད་ཆོག