“མང་ཚོགས་ཀྱིས་གྲོ་དང་ནས་འདེབས་པར་མུའུ་གཅིག་ལ་ངལ་ནུས་དང་ཐོན་སྐྱེད་རྒྱུ་ཆའི་མ་གནས་ཕུད། ཁེ་གཙང་ཡོང་འབབ་སྒོར་བཞི་བརྒྱ་ལྔ་བརྒྱ་ལས་ཡོང་གི་མེད། འོན་ཀྱང་སྔོ་གཟན་མ་རྨོས་ལོ་ཏོག་བཏབ་ན། ཁེ་གཙང་ཡོང་འབབ་སྒོར་ཆིག་སྟོང་ལྷག་ཙམ་ཡོང་གི་ཡོད། འདི་ལོ་མཉམ་ལས་ཁང་གིས་གཟན་རྩྭ་མུའུ་7000ལྷག་ཙམ་འདེབས་རྩིས་ཡོད་པ་དང་། དཀའ་ངལ་ཆེ་ཤོས་ནི་ས་ཞིང་ནང་བཤུག་གི་གནད་དོན་མཐུན་སྦྱོར་བྱེད་ཁག་པོ་ཡོད་པ་དེ་རེད”ཅེས་ཟླ་3ཚེས་25ཉིན། ཞིང་འབྲོག་འཐབ་ཕྱོགས་དང་པོར་སྐྱོད་མཁན་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཚན་རྩལ་མི་སྣ་ཆིག་སྟོང་ཙམ་གྱི་ལྷ་སའི་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་སྟག་རྩེ་ཆུས་གསེར་གྱི་གྲོ་སྙེའི་མཉམ་ལས་ཁང་དུ་འབྱོར་སྐབས། མཉམ་ལས་ཁང་གི་འགན་འཁུར་བ་ཚེ་རིང་ཆོས་སྒྲོན་གྱིས་ཐད་ཀར་ཞིང་ལས་ཚན་རྩལ་གྱི་སྐོར་བརྗོད་པ་རེད།
“གང་འདྲ་ཞིག་ལ་མཉམ་ལས་ཁང་ཟེར་རམ་ཟེར་ན། དེ་ནི་ང་ཚོ་མི་5གཅིག་མཐུན་ངང་ལས་སྒྲུབ་ལས་གཏོད་བྱས་པ་ཞིག་ཡིན་པ་དང་། མི་ཚང་མར་མ་རྐང་དང་སྐད་ཆ་ཤོད་དབང་ཡོད། སྔོན་ལ‘མཉམ་ལས’བྱེད་པ་དང་། དེ་ནས‘གཉེར་སྐྱོང’བྱེད་པ། མཇུག་ཏུ‘ཁེ་སྤོགས་བགོ་བཤའ’རྒྱག་རྒྱུ་དེ་རེད”ཅེས་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གྲོང་གསེབ་ཐོན་ལས་ཁྲུའི་ཁྲུའུ་ཀྲང་ཧུའུ་རུའེ་ལིན་གྱིས་གསལ་པོ་བརྗོད་པ་དང་། ཁོང་གིས“གོ་ཤེས་ཅན”དང“ཕྱུག་འགྱུར་སྣེ་ཁྲིད་པ”སོགས་མང་ཚོགས་ཀྱིས་མ་དངུལ་དང་། ཕྱུགས་རིགས། ཞིང་འཕྲུལ་སོགས་ཐོན་སྐྱེད་རྒྱུ་ཆ་མཉམ་ལས་ཁང་གི་མ་རྐང་ནང་འཇོག་པ་དང་། མ་དངུལ་ཕན་སྒྱུར་ཡག་པོ་བྱེད་པ། ཐོན་སྐྱེད་གཉེར་སྐྱོང་གི་གསོན་ཤུགས་འཕེལ་བ་བཅས་བྱས་ནས། ཉེ་འཁོར་གྱི་མང་ཚོགས་ཀྱིས་མཉམ་ལས་ཁང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་དེའི་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱེད་དགོས་ཞེས་བརྗོད་པ་རེད། དེ་རྗེས། ཁོང་གིས་ཉིང་ཁྲི་གྲོང་ཁྱེར་གྱིས་ཀུ་ཤུའི་ཐོན་ལས་འཕེལ་རྒྱས་ཐད་སྤྱད་པའི་ས་ཞིང་ནང་བཤུག་གི་བྱ་ཐབས་དཔེ་དྲངས་ནས་ས་ཞིང་བོགས་གཏོང་དང་མ་རྐང་ནང་ཞུགས་རྒྱུ་ཟུང་འབྲེལ་གྱིས་ཁག་དབྱེ་དང་དུས་དབྱེའི་བྱ་ཐབས་ལ་བརྟེན་ནས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་དངོས་ཐོབ་པ་བྱེད་དགོས་ཞེས་བརྗོད་པས་ཚེ་རིང་ཆོས་སྒྲོན་གྱི་བློ་སྒོ་ཡངས་པོར་ཕྱེ་ཐུབ་པ་བྱུང་བ་རེད།
“གནས་སྐབས་ས་ཞིང་བོགས་མར་གཏོང་ཐབས་མེད་ན། ཉེ་འཁོར་གྱི་མང་ཚོགས་སྔོན་ལ་ས་ཞིང་འདེབས་སུ་འཇུག་དགོས། ང་ཚོ་མཉམ་ལས་ཁང་གིས་འདེབས་འཛུགས་ལ་མཛུབ་ཁྲིད་དང་བསྡུ་ཉོའི་འགན་འཁུར་དགོས་པ་དང་། མང་ཚོགས་ལ་ཕན་པ་ཐོབ་པ་མཐོང་རྗེས། རིམ་བཞིན་ས་ཞིང་ནང་བཤུག་གི་ལས་དོན་སྤེལ་དགོས”ཞེས་བོད་སྐྱོར་ལས་བྱེད་པ་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གྲོང་གསེབ་ཐོན་ལས་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཀྲང་ཁྲུན་ལིན་གྱིས་བརྗོད་པ་རེད།
ཉེ་ཆར། ལྷ་སའི་ཚོགས་ཆུང་གི་ཚན་རྩལ་མི་སྣས་ཉིན་ཤས་བསྟུད་མར་སྟག་རྩེ་ཆུས་སུ་ནས་དང་། འབྲི་གཡག་རྒྱགས་གསོ་སོགས་ཀྱི་ལས་སྣོན་ཁེ་ལས་དང་མཉམ་ལས་ཁང་མང་པོ་ཞིག་ཏུ་བརྟག་ཞིབ་བྱས་ཤིང་། འགན་ཁུར་བས་ས་གནས་ས་ཐོག་ཏུ་གནད་དོན་འདོན་པ་དང་སྦྲགས་དེ་ཁུལ་གྱི་དོན་དངོས་དང་མཐུན་པའི་གྲོས་འགོ་བཏོན། ཚེ་རིང་ཆོས་སྒྲོན་གྱིས“ད་གཞི་ནས་ཐབས་ཤེས་ཡག་པོ་ཤེས་སོང་བས། སེམས་ཁྲལ་མི་འདུག ག་ལེར་མཛུབ་ཁྲིད་གནང་རོགས”ཞེས་བརྗོད་པ་དང་། ཐབས་ཤེས་རྙེད་པའི་ཁོང་དེ་མ་ཐག་གདེང་ཚོད་ཆེན་པོ་བྱུང་བ་དང་གདོང་ལས་འཛུམ་མདངས་འཕྱུར་བཞིན་རིག་པ་ཡོངས་སུ་གསལ་བའི་མྱོང་ཚོར་བྱུང་བ་རེད།
“རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་སུ་ཏང་དང་སྲིད་གཞུང་གིས་ང་ཚོར་ཐུགས་ཁུར་འདི་འདྲ་གནང་གི་འདུག་ལ། རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ང་ཚོར་ས་གནས་ས་ཐོག་ཏུ་རྩ་ཆེའི་ཉམས་མྱོང་བསླབས་པས། ང་ཚོའི་གདེང་ཚོད་དེ་བས་ཆེ་རུ་ཕྱིན་སོང་ལ། ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་བའི་སེམས་ཤུགས་ཆེན་པོ་སྐྱེས་བྱུང་། ཚན་རྩལ་ཞབས་ཞུའི་བྱ་ཐབས་དེ་རིགས་ལ་བསྔགས་བརྗོད་བྱེད་འོས་པ་ཞིག་འདུག”ཅེས་ཐའེ་ཁྲེང་འབྲི་གཡག་དུས་ཐུང་རྒྱགས་གསོ་རྟེན་གཞིའི་འབྲེལ་ཡོད་འགན་ཁུར་བས་བརྗོད་པ་རེད།
ཀྲང་ཁྲུན་ལིན་གྱིས“ཉིན་གཉིས་ཀྱི་ལས་ཀའི་དུས་ཚོད་ནང་ཐོན་ལས་འཁོར་འབྲེལ་གྱི་ལྷུ་ཚིགས་ཁག་ཤར་བགྲོད་དང་ཁྲིད་སྟོན་བྱེད་རྒྱུ་ནི་འབྲི་གཡག་ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་ཡོང་བའི་འགག་རྩ་རེད”ཅེས་བརྗོད་པ་རེད།
ཉིན་ཤས་རིང་། རང་ལྗོངས་ཀྱི་ཚན་རྩལ་མི་སྣ་ཐོན་ལས་ཀྱི་འཐབ་ས་དང་པོ་དང་། ཐོན་ལས་འཁོར་ཁང་། ཞིང་ནང་མུ་ཁ་བཅས་སུ་བསྐྱོད་དེ་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་འཇུར་མིག་གི་གནད་དོན་ཤེས་རྟོགས་བྱས་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འབབ་འཕར་གྱི་ཐོན་ལས་འཕེལ་རྒྱས་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་རོགས་རམ་བྱས་པ་རེད། ད་ཆ་གངས་ལྗོངས་ས་མཐོའི་ཞིང་འབྲོག་ཁུལ་དུ་ཚན་རྩལ་ཞབས་ཞུའི་དཔྱིད་རླུང་ལྡང་ནས་ཁེ་ལས་དང་མཉམ་ལས་ཁང་གི་འགན་ཁུར་བར་དངོས་དངོས་རྗེན་རྗེན་གྱི་ཕན་པ་མང་པོ་འཐོབ་བཞིན་ཡོད་པ་རེད།