དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ས་མཐོའི་ཞིང་ནང་དུ་གཞི་ཚུགས་པའི་ནས་ཞིང་ལག་རྩལ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-08-11

    ཞིང་པའི་སེམས་ནང་གི་འདུན་པ་ཆེ་ཤོས་གང་ཡིན་ནམ། དེ་ནི་ལོ་ལེགས་ཡོང་བ་བྱ་རྒྱུ་དེ་རེད། བོད་ལྗོངས་ས་མཐོའི་རྨོ་ཞིང་རྒྱ་ཁྱོན་ཆུང་བ་དང་། ས་རྒྱུ་ཞན་པོ་ཡོད་ཅིང་། དུས་རབས་འདིའི་དུས་འགོ་བར་ས་མཐོའི་འབྲུ་རིགས་གཙོ་བོ་ཡིན་པའི་ནས་ཀྱི་མུའུ་རེའི་ཐོན་འབབ་ཀྱང་རྒྱ་མ་སུམ་བརྒྱ་བཞི་བརྒྱ་ཙམ་ལས་མེད་པས་ཞིང་པས་ལོ་ཧྲིལ་པོ་དཀའ་བ་སྤྱད་པའི་འབྲུ་རིགས་ཀྱིས་སྔར་བཞིན་རང་ཁ་རང་གསོ་ཐུབ་ཀྱི་མེད།

    ཞིང་ལས་ཚན་རྩལ་ལ་བརྟེན་པ་དང་ནས་ཀྱི་ས་བོན་གསར་པ་སྐྱེད་སྲིང་དང་ཁྱབ་གདལ་གཏོང་བར་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་འབྲུ་རིགས་རང་ཁ་རང་གསོ་ཐུབ་པ་དང་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཏུ་གྱུར་ཡོད། དུས་རབས་20པའི་ལོ་རབས་80པ་ནས་བཟུང་ཞིང་ལས་ཚན་རྩལ་རིགས་གཅིག་མཁས་ཅན་ཡུས་ཏའེ་ལིན་གྱིས་ས་མཐོའི་གྲོང་གསེབ་ཏུ་གཞི་ཚུགས་ཏེ་ལོ་24བསྟུད་མར་ཞིང་ནང་དང་མུ་ཁར་ནས་ཀྱི་ས་བོན་གསར་པ་སྐྱེད་སྲིང་དང་ཁྱབ་གདལ་བཏང་བ་དང་། སྔ་རྗེས་སུ་ཞིང་ལས་རྫོང་30ལྷག་ཙམ་དང་། སྲིད་འཛིན་གྲོང་ཚོ་100ལྷག་ཙམ་དུ་བསྐྱོད་དེ་ནས་ཀྱི་ས་བོན་གསར་པ་9ཁྱབ་གདལ་བཏང་བ། འདེབས་འཛུགས་ལག་རྩལ་གྱི་དཔེ་སྟོན་མུའུ་ཁྲི་30ལྷག་ཙམ་ཁྱབ་གདལ་བཏང་བ། རིམ་རྩིས་བརྒྱབ་ན་ཞིང་པ་ཁྲི་5.5ལ་གསོ་སྦྱོང་བཅས་བྱས་ནས་བོད་དུ་འབྲུ་རིགས་ལོའི་ཐོན་འབབ་ཏུན་ཁྲི་བརྒྱ་ཡི་རང་ཁ་རང་གསོའི་དམིགས་ཚད་མངོན་འགྱུར་ཐུབ་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བས་ས་གནས་དེ་གའི་བོད་རིགས་ཞིང་པས“ནས་ཞིང་ལག་རྩལ་པ”ཞེས་བརྩེ་བ་ཆེན་པོས་འབོད་ཀྱི་ཡོད།

    དཀའ་སྤྱད་བབ་ཆགས་ཀྱི་ཞིང་པ་ཚོས་བྲེལ་བརྩོན་དང་དཀའ་ངལ་ལ་འཁང་ར་མི་བྱེད་མོད། འོན་ཀྱང་རང་བྱུང་གནོད་འཚེའམ་ཡང་ན་ནད་འབུའི་གནོད་འཚེ་སྣ་ཚོགས་ཕོག་ནས་ཞིང་ནང་སྐྱེ་དངོས་ཀྱི་ཐོན་འབབ་ཆེས་ཆེར་ཆག་པ་དེར་ཞིང་པ་རྣམས་བྱ་དཀའ་བྱེད་གཏད་དུ་གྱུར་གྱི་ཡོད། ཆུང་དུས་ཞིང་པའི་དཀའ་ངལ་ཉམས་ལེན་ཐུབ་པའི་ཡུས་ཏའེ་ལིན་གྱིས་ཞིང་ལས་ཚན་རིག་ཤེས་བྱ་སྦྱངས་ཏེ་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་ཚོར་རོགས་རམ་བྱེད་པ་དང་ས་མཐོར་ཞིང་ལས་ཚན་རྩལ་ཁྱབ་སྤེལ་དང་ཁྱབ་གདལ་གཏོང་འདོད་ཀྱི་འདུན་པ་བྱུང་ཡོད།

    འདུན་པ་དེ་ལྟ་བུ་བཅངས་བཞིན་དུ་ཡུས་ཏའེ་ལིན་ནུབ་བྱང་ཞིང་ལས་སློབ་ཆེན་དུ་རྒྱུགས་འཕྲོད་ཅིང་། 1985ལོར་ཡུས་ཏའེ་ལིན་སློབ་གྲྭ་ཐོན་རྗེས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་རུ་ལས་བགོས་བརྒྱབ་ནས་གཙོ་བོ་ཞིང་ནང་སྐྱེ་དངོས་ཀྱི་ས་བོན་ཐོན་ཁུངས་ཞིབ་འཇུག་དང་ཁྱབ་གདལ་གཏོང་བའི་ལས་ལ་གཞོལ།

    2003ལོའི་ཟླ་3པར་པད་ཁ་དང་ནས་ཀྱི་ས་བོན་གསར་པ་ཁྱབ་གདལ་གཏོང་ཆེད་ཡུས་ཏའེ་ལིན་སྐབས་དེ་དུས་ཆབ་མདོའི་ཆ་རྐྱེན་དཀའ་ཚེགས་ཆེ་ཤོས་དང་འགྲིམ་འགྲུལ་རྗེས་ལུས་ཆེ་ཤོས་ཡིན་པའི་དཔལ་འབར་རྫོང་སྤྱི་གླིང་ཤང་དུ་མངགས། བསམ་བློའི་གྲ་སྒྲིག་གང་ལེགས་བྱས་མོད། འོན་ཀྱང་ལམ་དུ་བཞུད་རྗེས་གཞི་ནས་སྤྱི་གླིང་ཤང་གི་དཀའ་ཉེན་དངོས་སུ་མྱོང་ཚོར་ཐུབ་ཅིང་། “མཚན་དང་པོ་དེར་ཆར་པ་ཆེན་པོ་ཞིག་བབས་ནས་ཀྱག་ཀྱོག་དང་གཡང་གཟར་ཆེ་བའི་རི་ལམ་དེར་འདམ་རྫབ་ཀྱིས་ཁེངས་ནས་འགྲོ་དཀའ་བའི་ཁར་སྨུག་པས་བསྒྲིབས་ཏེ་རླངས་འཁོར་འགྲོ་ཐབས་མེད་རྐྱེན་ང་དང་ལམ་རོགས་ཀྱིས་ལམ་ཆས་སྒལ་པར་འཁུར་ནས་རྐང་ཐང་མར་ཆུ་ཚོད་8ཙམ་འགྲོ་དགོས་བྱུང”

    ཡུས་ཏའེ་ལིན་གྱིས་ལོ་ལྟར་ཞིང་ལས་ལག་རྩལ་ལ་ཞབས་འདེགས་ཞུ་ཡུན་ཉིན་200ལྷག་ཙམ་ཟིན་པ་དང་རླངས་འཁོར་མེད་སྐབས་འདྲུད་འཐེན་འཕྲུལ་འཁོར་ནང་སྡོད་པ་དང་འདྲུད་འཐེན་འཕྲུལ་འཁོར་མེད་སྐབས་རྐང་ཐང་མར་འགྲོ་གི་ཡོད། དེ་ལྟར་བརྙན་འཕྲིན་དང་། ཚགས་པར། དྲ་རྒྱ་བཅས་མེད་པའི་གྲོང་གསེབ་ཀྱི་ཚོད་ལྟའི་ས་ཚིགས་སུ་ཁོང་གིས་ལོ་24ལས་དོན་བསྒྲུབས། ཡུས་ཏའེ་ལིན་བཅའ་སྡོད་བྱ་ཡུལ་ནི་རྟག་ཏུ་ཐག་རིང་གྲོང་གསེབ་ཏུ་ཡིན་པ་དང་འཚོ་བའི་ཆ་རྐྱེན་སྐྱོ་པོ་ཡོད་ཅིང་། ཞིང་པ་ལྟོ་གོས་འཛོམས་པོ་ཡོང་བ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁོང་རང་ཉིད་ལྟོ་ཐེངས་གཅིག་ཀྱང་ཡག་པོ་ཟ་ཁོམ་མེད་པར་སྟབས་བདེའི་ཐུག་པ་ནི་ཁོང་གི་ལྟོ་ཆས་གཙོ་བོ་རེད། ཡུན་རིང་ལྟོ་དུས་ཐོག་ཏུ་མི་རག་སྟབས་ཡུས་ཏའེ་ལིན་ལ་ཕོ་བའི་ནད་གཞི་ལྕི་པོ་ཕོག་པ་དང་དཀའ་ཚེགས་ཆེ་བའི་འཚོ་བ་དང་ལས་དོན་དབང་གིས་དེ་སྔ་ཁོང་ཕྱིར་བཤོལ་བྱེད་དགོས་བསམ་མོད། འོན་ཀྱང་ཞིང་པ་ཚོའི་བབ་ཆགས་པའི་ངོ་གདོང་རེ་རེ་མཐོང་སྐབས་ཁོང་གིས་བསམ་འདུན་དེ་དོར།

    རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ན་ལོ་ལྟར་ས་བབ་མཐོ་བའི་ས་ཁུལ་དུ་ལས་ཀ་བྱས་ཚེ་སྔ་ཙམ་རྒན་ཡོལ་ཞུས་ཆོག་ཀྱང་ཁོང་གིས་ནར་འགྱངས་བྱས། ད་ཆ་ཁོང་ནི་བོད་ཀྱི་འཐབ་ཕྱོགས་དང་པོའི་ཞིང་ལས་ཚན་རྩལ་མི་སྣའི་ཁྲོད་ཀྱི་ལོ་ན་མཐོ་ཤོས་དང་། ཉམས་མྱོང་ཕུན་སུམ་ཚོགས་ཤོས། ཞིང་འབྲོག་པར་བརྩེ་སེམས་ཟབ་ཤོས་བཅངས་མཁན་བཅས་རེད།

    མྱང་ཆུ་གཙང་བོའི་དབུས་རྒྱུད་ཀྱི་པ་སྣམ་རྫོང་ནི་བོད་ཀྱི“བོད་ནས་ཨང་2000”དཔེ་སྟོན་འདེབས་འཛུགས་བྱེད་སྔ་ཤོས་ཀྱི་ས་ཆ་ཞིག་རེད། འདེབས་འཛུགས་འཕྲུལ་ཆས་ལ་ཞིབ་བཤེར་དང་། ས་བོན་ལ་སྨན་སྦྱོར་བྱེད་པ། རྫས་ལུད་སྤྱོད་པའི་བསྡུར་ཚད་བཅས་ལྟ་རྒྱུ་ནི་ཡུས་ཏའེ་ལིན་དང་ལས་རོགས་ཚོའི་ཉིན་ལྟར་ཞིང་ནང་དང་མུ་ཁར་བསྐྱོད་པའི་ལས་དོན་གཙོ་བོ་དེ་ཡིན་པ་དང“བོད་ནས་ཨང་2000”ཡི་ལྗང་པའི་སྐྱེ་འཚར་ཤེས་རྟོགས་བྱས་པ་བརྒྱུད་ཞིང་ནང་གཡོག་བྱེད་ལག་རྩལ་གྱི་བྱེད་ཐབས་བཟོ་རྒྱུར་གཞི་འཛིན་ས་མཁོ་འདོན་བྱེད་ཀྱི་ཡོད།

    དེས་ན“བོད་ནས་ཨང་2000”ཡི་ས་བོན་གསར་པ་ཁྱབ་གདལ་གཏོང་རྒྱུ་དེ་ཙམ་ལམ་ལྷོངས་བྱུང་མེད་ཅིང་། “མང་ཚོགས་མང་པོ་ཞིག་གིས་དེ་སྔའི་ས་བོན་སྤྱོད་རྒྱུ་གོམས་པ་མ་ཟད་བལྟོས་བཅས་ཀྱི་འདེབས་འཛུགས་གོམས་གཤིས་བརྟན་པོ་ཞིག་འཇགས་ཡོད་པས་གློ་བུར་དུ་ས་བོན་གཞན་ཞིག་འདེབས་རྒྱུ་དེ་ནི་དང་ལེན་བྱེད་དཀའ་བ་ཞིག་ཡིན་པ་མ་ཟད་ཐ་ན་ལ་ལས་མ་འདོད་པའི་རྣམ་འགྱུར་བསྟན་གྱི་ཡོད”ཡུས་ཏའེ་ལིན་གྱིས“གྲོང་མི་ཚོས་བོད་ནས་ཨང་2000གང་མགྱོགས་དང་ལེན་ཞུ་ཆེད་ང་དང་ལས་རོགས་ཚོས་པ་སྣམ་རྫོང་གི་གངས་དཀར་ཚོད་ལྟའི་ས་ཚིགས་སུ་ཚོད་འདེབས་བྱས་པ་དང་ཚོད་འདེབས་ལམ་ལྷོངས་བྱུང་རྗེས་གྲོང་མི་ཚོ་ཚོད་ལྟའི་ཞིང་ནང་དུ་ལྟ་སྐོར་བྱེད་པར་གདན་དྲངས་ཏེ་བོད་ནས་ཨང་2000གི་ལེགས་ཆ་ངོ་སྤྲོད་བྱས་པས་རིམ་བཞིན་གྲོང་མི་ཚོས་བོད་ནས་ཨང་2000དང་ལེན་བྱས་ཡོད”ཅེས་དྲན་གསོ་བྱེད་བཞིན་དུ་བཤད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཡུས་ཏའེ་ལིན་གྱིས་འགན་འཁུར་བའི་གཞིས་རྩེའི་ཁུལ་དུ་རིམ་རྩིས་བརྒྱབ་ན“བོད་ནས་ཨང་2000”ཡི་ས་བོན་གསར་པ་མུའུ་ཁྲི་77.0567དཔེ་སྟོན་ཁྱབ་གདལ་བཏང་བ་དེས་ལྗོངས་ཡོངས་སུ“བོད་ནས་ཨང་2000”ཡི་ས་བོན་གསར་པ་དཔེ་སྟོན་ཁྱབ་གདལ་བཏང་བའི་རྒྱ་ཁྱོན་གྱི་58.45%བཟུང་ཡོད། ཆ་སྙོམས་མུའུ་རེའི་ཐོན་འབབ་རྒྱ་མ་50ཡན་དང་འབྲུ་རིགས་རྒྱ་མ་ཁྲི་3852.835འཕར་ནས་ཡོང་འབབ་སྒོར་ཁྲི་7705.67འཕར་ཐོག་འབྲུ་རིགས་ཐོན་འཕར་དང་ཞིང་པའི་འབབ་འཕར་ཐད་ནུས་པ་གལ་ཆེན་བཏོན་པ་རེད།

    ལོ་མང་རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ཡུས་ཏའེ་ལིན་ལ་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་དང་། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཚན་རྩལ་གསར་གཏོད་བྱ་དགའི་དམིགས་བསལ་རིམ་པའི་བྱ་དགའ། 2014ལོར“རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”དང་2015ལོར“རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པའི”གཟི་བརྗིད་མཚན་སྙན་བཅས་ཐོབ་པ་རེད།

    གཞི་རིམ་དུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་བར་དཀའ་ངལ་ཆེན་པོ་ཡོད་མོད། འོན་ཀྱང་རང་ཉིད་ཀྱིས་ཁྱབ་གདལ་བཏང་བའི་ས་བོན་གསར་པ་ཞིང་ནང་དུ་བཏབ་ནས་ཞིང་པར་ལོ་ལེགས་བྱུང་བ་མཐོང་སྐབས་ཡུས་ཏའེ་ལིན་སྤོབས་སེམས་ཆེན་པོ་སྐྱེ་བ་དང་ཁོང་གིས“ཞིང་ནང་དུ་སླེབས་ཚེ་ཁྱིམ་དུ་སླེབས་པ་ལྟར་དང་ཡུལ་མི་རྣམས་མཐོང་སྐབས་རང་ཉིད་ཀྱི་ནང་མི་མཐོང་བ་ལྟར་ཡོང་གི་འདུག་ཁོང་ཚོར་གྲུབ་འབྲས་ཡག་པོ་ཐོབ་ནས་སྤྲོ་སྣང་ཆེན་པོ་བྱེད་པ་ནི་ངའི་ཚེ་གང་གི་བདེ་སྐྱིད་ཆེ་ཤོས་དེ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།